སེམས་ངལ། སེམས་ངལ། སེམས་ངལ།

388

IMG_6271.JPG

     ༡སེམས་ངལ།

ཉིན་མ་རེ་རེ་བཞིན

དུས་ཚོད་ལྟར་ལས་ཚོགས་ལ་འགྲོ་དགོས

གསོན་པའི་ཡང་སྙིང་ནི་དེ་ཙམ་མོ

དུས་ཚོད་ལྟར་མུན་རུབ་ཅིང

དུས་ཚོད་ལྟར་ནམ་གསལ

དེ་ཡང་སྐྲའི་ཉག་མ་རེ་རེ་བཞིན་དཀར་པོ་ཆགས་དགོས

དུས་ཚོད་ལྟར་སྐྱེ་ཐུབ་ཅིང

དུས་ཚོད་ལྟར་འཆི་ཐུབ་པར་སུ་ཞིག་རློམ་མམ།

                         2017/4/13/

       ༢ སེམས་ངལ།


རང་གཅིག་པུར་ནད་ཁྲིའི་སྒང་ལོག་སྟེ

གནམ་ངོར་ཅེར 

ཐུར་དུ་དཔྱངས་པའི་རྒྱུན་བུའི་སྣེ

གཡོན་ལག་གི་རྒྱབ་ཏུ་ཡོད་པར་དྲན་པ་གསོས

ཕྱི་རོལ་གྱི་གནམ་གཤིས་ནི་ཅི་འདྲ་ཞིག་ཡིན་ནམ་སྙམ

རླུང་ཅུང་ཙམ་གཡུག་པའི་ཚེ

ཤིང་ལོ་ཁ་ཤས་ས་རུ་འཐོར་འགྲོ

དེ་དག་ཀྱང་ཨ་ཡས་རྒན་མོ་དེས་ཕྱགས་ནས་བུད་འགྲོ

ཞོགས་པར་གཤགས་བཅོས་ཁང་དུ་ཁྱེར་བའི

བུ་མོ་ཆུང་ཆུང་དེ

ད་དུང་ཕྱིར་མ་སླེབས

ང་རང་གཏན་དུ་མ་སད་པའི་ནད་པ་དེ་དག་གི་ཚབ་ཏུ

གཉིད་སྐྱིད་པོ་ཞིག་ལོག་དགོས་ཡོད།

                              2017/4/14/

     ༣ སེམས་ངལ།

བཞུར་མི་ཚར་བའི་མི་ཚོགས་ཀྱི་ཆུ་རྒྱུན་ནི

ཐོག་ཁང་ང་གཅིག་པའི་གཡང་དུ་འབབ་ཀྱིན་འདུག

དུས་ཚོད་ཀྱི་ཁ་སྤུ་མེ་ལ་ཤོར་རྗེས་སུ

རབ་གསལ་གྱི་ནམ་མཁར་སྤྲིན་འཕྱུར

ནད་གཡོག་མའི་ཨམ་ཕྲག་ནང་ཆར་ཤག་རྒྱག

ནད་ཁང་གི་རྩིག་ལྡེབས་སུ

མེ་ལོང་ཆེན་པོ་རེ་བཀལ་འདུག

དེ་རུ   སྐྱེ་འཆིའི་ལྗོན་པ་སྣ་ཚོགས་སྐྱེས་ཤིང་འཛིང་།

                                             2017/4/17/ཉིན་ཧྭ་ཤས་སྨན་ཁང་དུ།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།