རྩོམ་པ་པོ། དུང་ཨ་ཏི།

དགེ་འདུན་ཆོས་འཕེལ།[སྙན་ཚོམ]
༡ འོད་དུ་སྦར་བ།
གད་པའི་ནང་དུ་སྐྱེས་ཏེ
གད་པའི་ནང་དུ་འཚར
གད་པའི་ནང་གི་ནམ་མཁའ་གོར་གོར་དེ་མཐོང་རྗེས
ཡང་ན་འཛར་འཛར་དེ་མཐོང་རྗེས
དངན་པ་ནར་མོ་ནར་མོ་ཞིག་འཁྱགས་ལ་འབྱར
ཁེར་རྐྱང་གི་སྔས་འགྲམ་ནས
ཁེར་རྐྱང་གི་གླག་རྒོད་ཅིག་ནམ་མཁར་མཆོངས
སྤྲིན་པ་ཁྱུ་དང་ཁྱུ་བྱས་ཏེ་འཐོར་རླུང་གི་ཕུ་ཐུང་ལས་ཞོགས
འབྲོང་རྒོད་པོ་ཞིག
མུན་པའི་ཐུ་འོག་ནས་འདྲོགས་ཏེ་མུན་པ་བསེད
ཞོགས་པའི་བྲང་གཞུང་དུ་འཁྱིལ་བའི་མཚམས་སྤྲིན་དམར་པོ་དེ
འབྲོང་གི་རྭ་རྩེ་ནས་མཆེད
མེ་རོ་རྙིད་པ་ཞིག་ལ་བསྐོར་ཏེ་ལག་ཟུང་སྲོ་བཞིན་པའི
གྲང་ངར་གྱིས་གཙེས་པའི་མི་རྣམས་ལ
ཉི་འོད་ཅིག་བཟོ་སླད
རི་བོ་ཧི་མ་ལ་ཡ་འཕྲེད་ཀྱིས་བཅད
རི་ཀླུང་དང་གཙང་བོར་བརྒལ་དུས
ཁྱེད་ཀྱི་རིག་པའི་ཕྲག་གོང་གི་ཡུ་བར
ཧ་ཅང་ལྗིད་ཏིག་ཏིག་གི་ཚིག་དང་ཐ་སྙད་ཀྱི་རྡོག་ཁྲེས་ཁོ་ན་ལས་ཅི་ཡང་མི་འདུག
དངོས་གནས་ཅི་ཡང་མི་འདུག
༢སྐྱོ་གར།
འཇིག་རྟེན་འཇིག་རྟེན་དུ་ཤེས་ཏེ
བདག་ཉིད་བདག་ཉིད་དུ་རྟོགས་རྗེས
ཁྱེད་རང་སླར་ཡང་རི་བོ་ཧི་མ་ལ་ཡའི་རྩེ་མོར་འགྲེང་སྟེ
རྒྱང་རིང་གི་ཕ་ཡུལ་ཕྱོགས་ལ་ཡུན་རིང་དུ་བལྟས
གྱང་ཧྲུལ་དང་ཁང་སྐྱ་ལེབ་མོ་དག
ད་དུང་རྐང་ལམ་ཕྲ་མོ་ཞིག་གི་སྣེ་མོར་བརྒྱུས་ཡོད་པ་མཐོང་རྗེས
ཁྱེད་ཀྱིས་གངས་ལ་ཟུག་ཅིང་བྲག་ཅར་འཁོར་ཡོང་བའི
སྐྱོ་གདུང་གི་སྐད་འབོད་ཐེངས་གཅིག་བརྒྱབ་ཀྱང
ཡུལ་མི་རྣམས་ད་དུང་རྨི་ལམ་གྱི་གྲོང་དུ་ཉུལ་ཏེ
ཉི་མར་ལྡེ་བཞིན་གེ་སར་གྱི་སྒྲུང་ལ་འཐིམ་ནས་འདུག
ཉི་ཟེར་ལ་སྡང་བའི་འུག་ཚོགས་ཀྱིས
གཏོས་ཆེ་བའི་མུན་པའི་ཁུག་ཀྱོག་ཅིག་ཏུ
མུན་པ་ལ་མགོ་བོ་ག་ལེར་ག་ལེར་བསྙེས་ཏེ
རང་ཉིད་ཀྱི་འཁོར་ཚོགས་ལ་འབོད་སྐུལ་ཡང་ཡང་གཏོང
དེ་དུས དེ་དུས
རྩྭ་ཕྲན་གྱི་ཟིལ་བ་ཁྲོམ་མེ་བ་དག་ཀྱང
མུན་པའི་ཐིགས་པ་རེ་རེར་གྱུར་ནས་ས་རུ་ཟགས་ཏེ
སྤང་གཤོངས་དང་སྤང་གཤོངས་ཡོད་ཚད་བརླན
ནམ་མཁའ་དེ་སུ་ལ་དབང་ངམ
ས་གཞི་དེ་སུ་ལ་དབང་ངམ
གངས་རི་དང་རྫ་རི་དང་བྲག་རི་དེའང་སུ་ལ་དབང་ངམ
ཁེར་རྐྱང་གིས་གཟིར་བའི་བྱ་གླག་ཅིག
ནམ་མཁའ་ནས་ལྡིང་སྐོར་ཡང་ཡང་བརྒྱབ་སྟེ
གཤོག་འགྱུར་ངོམ་ཡང
ཁོ་ཚོས་ཅི་ཡང་མཐོང་གི་མི་འདུག
ཅི་ཡང་མཐོང་གི་མི་འདུག
ཅི་ཡང་མཐོང་གི་མི་འདུག
དངོས་གནས་ཅི་ཡང་མཐོང་གི་མི་འདུག
༣ངོས་ཟིན་དང་འགྱོད་གདུང་།
རྨི་ལམ་དེ་ལས་ཕྱིར་སད་དུས
ཁྱེད་ཀྱི་དྭངས་ཤིང་གཙང་བའི་ངོ་གདོང་དེ
ཡེ་ནས་མཐོང་མ་སོང
མགྲིན་པ་ཁེགས་ནས་ངུ་འབོད་ཅི་ཙམ་བྱས་ཀྱང
སྔར་བཞིན་ཡེ་ནས་མཐོང་མ་སོང
ལུས་སེམས་གཉིས་སྒྲེན་པོར་ལུས་པའི་རི་ཚོགས་ཤིག
འགྱོད་གདུང་གི་ཁ་བས་མནན
དུས་ཚིགས་དགུན་གྱི་སྒོ་མོ་ཁྲོག་གེར་བརྒྱབ་ཀྱང
རི་ཚོགས་ཤིག་སྔར་བཞིན་འདར་སིག་སིག
འདར་སིག་སིག འདར་སིག་སིག
༤ཁ་བཏགས་སྒྲོན་པ།
དྲག་རླུང་གིས་རི་བོ་དང་གཙང་བོ་ཧྲིལ་གྱིས་སྒུལ་དུས
ཁྱེད་ནི་གཡོ་འགུལ་མེད་པའི་ནམ་མཁའ་དེ་ཅི་ལ་མིན
ཁྱེད་ནི་ནམ་ཟླ་དགུན་ལའང་འཁྱགས་དར་གྱིས
ོསྡོམ་མ་ནུས་པར་ལུས་ཡོད་པའི
མཚོ་ཆེན་དཀྱིལ་གྱི་ཕ་བོང་དེ་ཅི་ལ་མིན
ཁྱེད་ནི་མུན་པའི་མཆེ་བས་གཙབ་མ་ཐུབ་པའི་འོད་སྣང་དེའང་ཅི་ལ་མིན ཅི་ལ་མིན
མར་མེ་ཚེ་འབར མར་མེ་ཚེ་འབར
རང་ལུས་འོད་སྣང་དུ་སྦར་བའི་མར་མེ་ཚེ་འབར།
༢༠༡༧.༣.༡༢ཉིན་རེབ་གོང་དུ།
སྨིན་པ།
རྡུལ་དང་བྲལ་བའི་མེ་ཏོག་གི་ས་བོན
མར་མེ་རྐང་གཅིག་ཏུ་སྦར་བའི་བུ་མོ་དེ
དོ་ནུབ སྐྱེ་བོ་མང་པོའི་ངག་ལ་བཀལ་བའི
མཛའ་གཞས་ཤིག་ཏུ་གྱུར
གས་ཁ་མ་ཤོར་བའི་མཚན་མོ་གྲངས་མེད་པ་ཞིག
ལག་མཐིལ་དུ་བཟུང
དུས་ཚོད་ཀྱི་རི་ཚོགས་མང་པོའི་ཕ་རོལ་དེ་ནས
ཡུན་རིང་པོ་ཞིག་ལ
ངལ་གསོ་གནང་ཆོག་སའི་དབྱར་གཞུང་ཞིག་བཙལ
ཁེར་རྐྱང་ལ་ཞེད་ནས
གཉིད་མི་ཁུགས་པའི་སེམས་པ་དེར
སེམས་པ་གཞན་ཞིག་གིས་ལྷན་པ་དམ་པོར་བརྒྱབ
དྲོད་ལམ་ལམ་དུ་སོང་ངམ
སྐྱེད་མོས་ཚལ་ཞིག་གི་ནང་དུ་མ་ཤོང་བའི་མེ་ཏོག་གི་གཙང་པོ
སྐྱེ་བོ་སུ་ཞིག་གི་སེམས་ཀྱི་སྲུབས་ཀ་ནས་འཕྱོ་ངེས་སམ།
༠༡༧.༢.༢༡ཉིན་སློབ་གྲོགས་གདུཊ་དཀར་འཚོའི་གཉེན་སྟོན་ལ་སྙན་ངག་པའི་ཇ་ཁང་དུ་སྦྱར་ཏེ་ཕུལ།
བྱ་རྒོད།
―གཉན་ལགས་ལ།
མུན་པའི་གཟེབ་དྲ་དེ
ཤེ་མུན་ཤེ་མུན་རེད་ཟེར
ཁྱོད་ཉིད་རྒོད་དྲགས་པས
གཤོག་ཟུང་ངར་ལྕགས་ལ་བརྡར
ཡང་དང་བསྐྱར་དུ་འཕུར་གྲབས་བྱས་ཏེ
མུན་པའི་ནམ་མཁར་གདོང་ཐུག་ཡང་ཡང་བརྒྱབ
གཤོག་སྒྲོའི་རྨ་ཁ་ལས་བཞུར་བའི
དབྱངས་དང་གསལ་བྱེད་ཀྱི་ང་རོས
ཕྱོགས་བཞིའི་རྩིག་པ་དག་འགུལ་ཙམ་འགུལ་ཙམ་བཏང
མེ་སྟག་ལ་གཏུགས་པ་ཙམ་གྱིས
འབར་འགྲོ་བའི་མུན་པ
མུན་པའི་ནང་གི་སྡིགས་མཛུབ་ཀེར་བ་དག
སྡེར་འོག་གི་ཨབ་རའམ་ཡང་ན་རི་བོང་ཞིག་ཏུ་གྱུར
ཡང་ན་མཐེ་བོ་དང་མཐེ་བོའི་བར་གྱི
སྔངས་འདར་རྒྱག་བཞིན་པའི་ཤིག་ལྟ་བུ་ཞིག་ཏུ་གྱུར
མཚན་མོར་གཤོག་སྣེ་ལ་ཉི་འོད་ཐོགས་འདུག་པ་རྨིས
སྤྲིན་ཕུང་དང་རི་བྲག་ཁྱུ་དང་ཁྱུ་བྱས་ཏེ
གཤོག་འོག་ནས་མགོ་བོ་བསྒུར་བའང་རྨིས
རྩྭ་ཐང་ནས་བོར་སོང་བའི་བླ་རི
ད་དུང་བརྗེད་མི་འདུག
ནམ་མཁའ་དང་རྫ་རི་དང་གངས་རི་བརྗེད་མི་འདུག
རྨི་ལམ་གྱི་ཡལ་གའི་སྟེང་དུ་བབས་པའི་བྱ་རྒོད་མང་པོ
སྐབས་འགར་བར་སྣང་དུ་འཕུར
ཡང་སྐབས་འགར་ཕྱིར་རྨི་ལམ་གྱི་ཡལ་གའི་སྟེང་དུ་འཕུར་ཡོང
ཉི་མ་ད་དུང་ནུབ་མི་འདུག
ཉི་མ་ད་དུང་ནུབ་མི་འདུག
ནུབ་མི་འདུག
ནུབ་མི་འདུག
བྱ་རྒོད བྱ་རྒོད བྱ་རྒོད།
༢༠༡༧.༢.༡༦ཉིན《རྒོད་སྐྱེས》བཀླགས་རྗེས་རང་ཤག་ཏུ་སྦྱར།
འབྲོང་དྲན་ཚུལ།
མཚན་མོ་དེར མཚན་མོ་དེར
ཚེག་གི་གདང་ལ་བཏགས་ཡོད་པའི
ཡིག་ཚོགས་མང་པོར་རྭ་ཅོ་ཐོགས་འདུག
ད་དུང་རྭ་རྩེད་ཀྱང་བྱེད་ཀྱིན་འདུག
རྔོག་མ་གཟེངས་པའི་ཡི་གེ་དག་གིས
ལྕགས་ཀྱི་ཕུར་བ་བཅད་དེ
དགུ་ཚིགས་ཀྱི་གཙང་པོར་མཆོངས
ཉི་མ་དང་ཟླ་བའི་ཐང་ཆེན་མོར
རྨིག་པས་བཅག་བཅག་བཅག་བཅག་བཏང
རྡུལ་ཕྲ་རགས་དང་ཕྲ་རབ་ཀྱིས
བར་སྣང་ཁམས་ཀྱི་ཐོང་རྩ་བསྒགས
འབྲོང་རྒོད་པོ་ཞིག་རྨི་ལམ་དུ་ཡང་ཡང་འཁོར
རྭ་ཅོ་དང་རྔོག་མ་ནམ་མཁར་བརྡར
རེད རྭ་ཅོ་རེད
མ་རེད ན་རོ་རེད
རེད རྔོག་མ་རེད
མ་རེད འགྲེང་བུ་རེད
རྭ་ཅོ་རེད རྔོག་མ་རེད།
༠༡༧.༣.༢ཉིན་དགྱ་ནག་ཁྲང་ཨན་མཁར་དུ།
སེམས་གླན་ས་ཞིག་ལ་བྲིས་པ།
དྲན་པའི་སེམས་དང་ཆགས་པའི་ལུས།།
མིག་དང་མིག་གི་བར་ནས་འཐམས།།
ལག་པའི་ལྗོན་པའི་ཡལ་ག་ཡིས།།
མྱོས་བུམ་འདབ་མ་འགུལ་ཙམ་བཏང་།།
བརླ་དང་བརླ་ཡི་སྒང་གཤོང་ནས།།
དྭངས་ཤིང་གཙང་བའི་ཆུ་མིག་བརྡོལ།།
མུན་པའི་ནང་གི་གཟུགས་པོ་ཉིད།།
འདོད་པའི་རླུང་གིས་གཡོ་ཙམ་བྱེད།།
བ་སྤུའི་ཨི་ཁུང་རེ་རེའི་མངལ།།
ཆགས་པའི་མེ་ཏོག་རེ་རེ་སྦྲུམ།།
བྲང་ཁར་མཆེད་པའི་མེ་སྟག་གིས།།
བྲང་ཁར་མཆེད་པའི་མེ་སྟག་བསྒྲོན།།
༢༠༡༧.༡.༡༣རྩེ་རྫོང་དུ།
གངས་སྐྱེས་མེ་ཏོག*
――ZXZM
སེམས་ཀྱི་ལོགས་སུ་ཕྱེས་པའི་སྒེའུ་ཁུང་ཁར།།
ཉ་གང་ཟླ་བའི་མེ་ལོང་ཉིད་ལྟ་བའི།།
དྭངས་ཤིང་གཙང་བའི་འདབ་ལྷེ་རབ་གྲོལ་བ།།
གངས་སུ་སྐྱེས་པའི་མེ་ཏོག་རྐང་གཅིག་བབས།།
འཛུམ་ལ་ལྡེམ་པའི་གེ་སར་ལྕགས་ཀྱུ་ཡིས།།
པད་མའི་ཡིད་ཀྱི་བུང་བ་འདྲེན་བྱེད་ཅིང་།།
ཡུ་བའི་གདོང་དུ་བྱུགས་པའི་དྲི་མའི་རོས།།
ཡོལ་བའི་རྒྱབ་ཀྱི་མི་ཡི་རྣམ་ཤེས་བརྐུས།།
མཚན་མོ་མིན་ཡང་མཚན་མོའི་སྣང་བ་སྟེ།།
ཉིན་མོ་མིན་ཡང་ཉིན་མོའི་སྣང་བ་སྟེར།།
སྨིག་རྒྱུའི་རི་ལ་སྙེག་པའི་རི་དྭགས་བཞིན།།
*ཁོ་བོས་མོ་ལ་བཏགས་པའི་སྐད་འཕྲིན་གྱི་མིང་།
༢༠༡༧.༡.༣༡ཉིན་ཕ་ཡུལ་དུ།
མདུད་ལོག་རྒྱག་པ།*
མཚོ་མོར་བསྙེས་པའི་ཀོ་གྲུ་ངུས།།
རྩིབས་མའི་གསེབ་ཀྱི་རླུང་བུ་ངུས།།
རྩིབས་མ་རྩིབས་མར་འཐམས་ཏེ་ངུས།།
མཚོ་མོ་སྨྱོས་ཤིང་ཀོ་གྲུ་སྨྱོས།།
རླུང་བུ་སྨྱོས་ཤིང་རྩིབས་མ་སྨྱོས།།
སྤང་ཁར་སྦྱར་བའི་རྐང་རྗེས་ཀྱིས།།
ཉི་མར་ལྡེས་ཏེ་ངོ་གདོང་སྦར།།
མེ་ཏོག་རྙིད་ཅིང་བུང་བ་རིད།།
ཚེར་མ་གཟེངས་ཀྱང་ལྷམ་ཀོག་བོར།།
འདོམས་སུ་སྐྱེས་པའི་ཚོམ་སྤུ་དེ།།
འདོམས་སུ་སྐྱེས་པའི་ཚོམ་སྤུར་འདྲེས།།
ཆགས་པས་ལུས་པོ་མདུད་པ་བརྒྱབ།།
ཆགས་པས་ལུས་པོའི་མདུད་པ་གྲོལ།།
*སྙན་ངག་པ་ཞོགས་འོད་ཀྱི་སྙན་ངག་གི་ཁ་བྱང་གཡར་བ།
༢༠༡༦.༡༠.༡༡མཚན་མོར་ཁྲང་ཨན་མཁར་དུ།
ང་ལ་བཅར་མ་ཡོང་།
―《སྐྱུག་བྲོ་བའི་ཀྲུང་གོ་བ》བཀླགས་རྗེས།
(རྒན་དཔའ་མོའི་སྙན་ངག་གི་ཁ་བྱང་གཡར་བ།)
མགོ་བོར་འཕྲུག་འཕྲུག་རྗེས
ཚང་ཚིང་གི་སྐྲ་ལོའི་གསེང་དུ
ཤིག་དང་སྲོ་མ་དག
ཚིལ་དྲེག་གི་འདམ་ལ་ཟུག་འདུག་པ་རྟོགས
ཁ་ནང་འཁྲུད་འཁྲུད་རྗེས
སོ་བར་དུ་ཐ་སྙད་བཙའ་རོ་མང་བོ་ཐོགས་འདུག་པ་རྟོགས
ལྷམ་སྒྲོག་ལྷོད་ལྷོད་རྗེས
རྐང་བའི་འཛུབ་མོ་དག
སོ་སོར་འབྱར་འདུག་པ་རྟོགས
ང་ལ་བཅར་མ་ཡོང
ངའི་ལུས་ན་བཞུར་གྱིན་པ་འདི
དྭངས་གཙང་གི་ཆུ་ཕྲན་མིན
ང་ལ་བཅར་མ་ཡོང
ངའི་རྐང་ན་འཐུལ་གྱིན་པ་འདི
མེ་ཏོག་གི་དྲི་ངད་མིན
ང་ལ་བཅར་མ་ཡོང
ང་ལ་བཅར་མ་ཡོང
༢༠༡༦.༩.༨ཉིན་དགྱ་ནག་ཞི་ཨན་གྲོང་ཁྱེར་དུ།
དམར་པོ།
―པེ་ཅིང་དང་གཞན་དག
ཕོ་བྲང་དམར་པོ
སྒོ་དང་སྒེའུ་ཁུང་དམར་པོ
མཁའ་ཡི་དར་དམར་པོ
སྐར་མའི་ཚོམ་དམར་པོ
རྡོ་ཡི་གཅལ་དམར་པོ
རྣོ་ཡི་མཁར་དམར་པོ
མི་དམར་པོ
མིང་དམར་པོ
ཚིག་དང་ཐ་སྙད་དམར་པོ
དམར་པོ དམར་པོ དམར་པོ
ཉི་རྡུལ་དམར་པོ
ས་རྡུལ་དམར་པོ
ཆུ་དང་ཆར་རྡུལ་དམར་པོ
མཚན་མོའི་མུན་པ་དམར་པོ
དམར་པོ དམར་པོ དམར་པོ།
༢༠༡༦.༩.༢༥མཚན་མོར་པེ་ཅིང་དུ་སྦྱར།
ཡ་ཧུ་ད།
མེ་སྟག་མཆེད་དེ
ནགས་ཚལ་དང་སྤང་ལྗོངས་བསྲེགས
དུ་བ་དགུང་དུ་འཕྱུར
སྔས་འགྲམ་གྱི་བསྟན་བཅོས་དག་ལས
ཐ་སྙད་འགའ་བྲུས་ཏེ
རྨི་ལམ་ལ་རྣམ་ཤེས་བཟོས
རྣམ་ཤེས་ལ་སྒྲ་དང་དྲོད་བཟོས
ད་དུང་སྡིག་སྒྲིབ་བཟོས
སྒེའུ་ཁུང་ངོས་སུ་འབྱར་བའི
ཤེ་ལི་ཨར*་གྱི་མིག་དང་རྣ་བ
སྒོ་སམ་སྟེང་གི་ཡིག་ཕྲེང་ལ་ཐོགས
གྱོན་པའི་ཨམ་ཕྲག་ནང་དུ
རྣམ་དཔྱོད་ཁོ་ན་ལས་མེད་པའི་སློང་མོ་བ
དུས་ཚོད་ལ་ཁ་ལོ་བཏུལ
ས་དང་ཆུ་དང་མེ་དང་རླུང་ལའང་ཁ་ལོ་བཏུལ
མེ་སྟག་མཆེད་དེ
ནགས་ཚལ་དང་སྤང་ལྗོངས་བསྲེགས
དུ་བ་དགུང་དུ་འཕྱུར།