རྩོམ་མཁན་བཅོ་ལྔས་བྲིས་པའི་སྙན་ངག་གཅིག་སྟེ《ལྷ་ཆེན་པོ》ཞེས་པ།

384

16976463_1328654413858722_1072187339_n.jpg


 

ཐབས་ཤེས་ཉི་ཟླའི་འཕྲུལ་འཁོར་གཅིག་གིས་བདེན་དོན་གནམ་སའི་ཧྲག་བར་ཕྱེས།།

བརྩེ་ཆེན་འོད་རྣོན་མཚོན་གྱི་འཁོར་ལོས་ཉེས་རྟོག་མུན་པའི་སྲོག་རྩ་བཅད།།

ཕྱོགས་ཀྱི་མཛེས་མའི་ཐོང་ག་ལ་ནི་ཞི་བདེ་མེ་ཏོག་ཕྲེང་བ་ཡི།།

དོ་ཤལ་རྒྱན་དུ་བསྒྲོན་པའི་བྱེད་པོ་དད་ཕྱག་འོ་མའི་རླབས་ཀྱིས་མཆོད།།

ཁྱེད་ནི་ང་ཡི་མཚན་ཞག་སྟོང་གི་རི་མགོར་བཞད་པའི་པད་མ་ལགས།།

ལན་རེར་འཛུམ་གྱི་མཚར་སྡུག་གེ་སར་ང་རང་མྱོས་པའི་ཐབས་སུ་འདྲེན།།

སྐབས་རེར་སྤྱན་གྱི་ཆུ་མིག་འཁྱིལ་ནས་ང་ཡི་སྙིང་ག་བསིལ་བར་བྱེད།།

ལེ་དབར་ཁྲི་ཡི་བྱེ་ཐང་ནས་ཀྱང་ཁྱོད་ཀྱི་དྲི་བསུང་ཡིད་དུ་འབབ།།

བདག་གི་བྱི་རུའི་ཕན་མཛོད་ལེགས་ཞེས་དུས་གསུམ་ཀློང་ཡངས་གཟིགས་པར་མོས།།

འགྲོ་བའི་བསོད་ནམས་མཁའ་ལ་ཤར་བའི་འཇིག་རྟེན་ཞི་བའི་སྐར་ཆེན་ཁྱེད།།

ཞི་བསིལ་འོད་ཀྱི་ཟེགས་མ་རེ་ཡང་སྐྱེ་རྒུའི་དད་གདུང་དཔལ་དུ་འཚེར།།

ཉེས་པ་མི་མངའ་ཡོན་ཏན་ལྷུན་རྫོགས་མཐོང་ཐོས་དྲན་པའི་དཔལ་གྱུར་ཁྱེད།།

འཇིག་རྟེན་ལྷ་མིའི་ཕྱག་ཡུལ་ཉིད་ན་བདག་ལྟ་སུ་ཞིག་སྐྱབས་མི་འཛིན།།

གྲང་རླུང་འཐབ་པའི་གངས་ཀྱི་སུལ་དུ་བཀར་བཏགས་མེ་ཆེན་ཆེར་སྦར་བས།།

མི་བཟད་དུས་ཀྱི་འཇིགས་ཚོགས་དག་ནི་རེ་ཞིག་དབྱིངས་སུ་རྡུལ་བཞིན་སྤྲུག།

བརྩེ་ཆེན་ཤེས་རབ་ཉི་ཟླའི་གཤོག་པ་ཏི་སེ་ལྷུན་པོའི་གཙུག་ཏོར་ལས།།

མཐའ་མེད་འགྲོ་བའི་མཁའ་ལ་འཕགས་དུས་ས་ཆེན་རོལ་དབྱངས་ལྷུང་ལྷུང་འབབ།།

སྟོང་གསུམ་ལྷ་མིའི་གཙུག་གི་རྒྱན་གཅིག་ཐབས་ཤེས་དཀྱིལ་འཁོར་རྫོགས་པའི་མཐུས།།

རིགས་དྲུག་སྙིང་ལ་ཞི་བའི་བདུད་རྩི་འཕྲིན་ལས་ཉག་མ་གཅིག་གིས་དྲངས།།

སྲིད་པའི་ལིངས་སུ་རྡོ་རྗེ་ལྟར་ཚུད་སྐྱེ་རབས་ཀུན་གྱི་འགྲོ་བ་རྣམས།། 

མཁྱེན་བརྩེའི་དཔུང་གིས་ཕ་མཐའ་འདྲེན་པའི་སེམས་དཔའ་དེ་ནི་ཁྱེད་ལས་སུ།།

མི་སྡུག་སྲིན་པོས་ཇི་ཙམ་གཙེས་ཀྱང་བུ་ལྟར་བྱམས་པའི་སེམས་དཔའ་ཆེ། །

རིང་ནས་ཡིད་ལ་ཡོངས་སུ་བརྣག་ཀྱང་ཕན་འདོགས་བསམ་པའི་དགེ་སྦྱོང་དངོས། །

ང་རང་ཅུང་ཙམ་རྒྱང་མར་བསྲིངས་ཏེ་རང་གི་ལག་པར་བལྟས་ཙམ་གྱིས།།

མཐའ་ནས་བོར་བའི་ནང་གི་སེམས་དང་མདའ་ཡི་ལྷ་སྐུ་ལ་སོགས་པ།།

མིག་ནས་བབས་ཏེ་ཁ་བ་བཞིན་དུ་སེམས་པ་མེད་པར་ཐང་ལ་བརྒྱལ།།

དེ་ལྟར་ཁྱེད་ནི་ཁྱེད་བཞིན་ད་དུང་ཚེ་རབས་སྟོང་གི་མེ་ལོང་ངོས།།

སྤྱན་ནི་ཁྲ་ཆིལ་ཆིལ་དུ་དེང་བཞིན་གཟིགས་ཏེ་སྐལ་བའི་དཔལ་རྫོགས་ཤོག།


—སྙན་ངག་འབྲི་མཁན།        @གཅན་མེ་སྟག @གཅན་རང་སད།  @རོང་བོ་དགེ་འདུན་དར་རྒྱས།  @རྟོགས་སད་ལྷ་མོ། @གཅན་ཆེད་འབར།  @ས་དམར་གྲགས་པ། @རོང་བོ་གངས་དཀར། @འཆིང་གྲོལ། @སྒོ་རབ་རྒྱས།   @སྤྲང་ཀོག  @འོད་ཟེར་ལྗང་གུ། @བདའ་ཚང་སྙེམས་གྲོལ།  @ཏཱ་ནི་ཆོས་གྲགས། @ཐར་ཤུལ་བཟོད་པ་རྒྱ་མཚོ། @གངས་ཤར།   @རྫ་སྐྱེས་ཕུར་བ།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།