རྩོམ་པ་པོ། རི་མོ།

གླག
ཉི་མ་ནུབ་ཀྱི་མཚམས་སུ་བདེ་བར་བཞུད།།
ད་ནི་རེ་ཞིག་ངལ་གསོའི་དུས་ལ་བབ།།
མཁའ་ལམ་གཞན་དུ་གྱེས་པའི་ང་ཡི་གླག།
སྲིད་གསུམ་གཤོག་པས་བསྐོར་རྗེས་ཕྱི་རུ་ཤོག།
གཤོག་རྩ་རླུང་གིས་བསྐྱོར་ནས་ཕྱི་རུ་ཤོག།
ང་ཡིས་ཉི་ཟེར་ཕྲ་མོ་བརྒྱན་དུ་གསོལ།།
ཉི་ཟེར་སྐུད་པ་འདྲ་བའི་ཐོག་ཁ་རུ།།
ལྡིང་སྐོར་ལན་གསུམ་བརྒྱབས་ནས་བོབས་ལ་ཤོག།
ང་ཡིས་བྲག་ཐེམ་དམར་པོ་གདན་དུ་འདིང་།།
བྲག་ཐེམ་ཉིད་ཀྱི་འབབ་ཚུགས་གཅིག་པུ་ཡིན།།
སྔར་ཡང་དེ་རུ་བསྡད་ཅིང་དེ་ནས་འཕུར།།
ད་ནི་ཡང་བསྐྱར་ཕེབས་ཤོག་ང་ཡི་གླག།
སེམས་ཀྱི་འབབ་ཚུགས་ཞེ་ལ་མི་ཐོགས་སམ།།
ལང་ཚོ།
ཁྱོད་ཀྱི་ལང་ཚོ་ཕལ་བའི་ཁྱིམ་དུ་བཞད།།
ནང་སེམས་འོ་མ་འདྲ་བའི་དཀྱིལ་དུ་བཞད།།
བདག་གི་མིག་དང་སེམས་ཀྱི་དཔལ་ལ་སོགས།།
བཞད་པར་མ་ངེས་གནས་སུ་བཞད་པའང་མཐོང་།།
ལང་ཚོའི་གོམ་སྒྲས་ལ་རེ་ལ་རེ་བརྒལ།།
དེ་ཡི་རྗེས་སུ་ས་སྲོད་མང་པོ་ཁྲིད།།
ལས་ཀྱི་མི་རྣམས་སོ་སོ་སོ་སོར་གྱུར།།
ལམ་གྱི་སྣེ་མོའང་གཞན་དང་གཞན་དུ་གྱེས།།
སུ་ཡང་ཡང་སྙིང་བཙལ་ཏེ་འདི་རུ་བསླེབས།།
སུས་ཀྱང་སྙིང་པོ་མ་མཐོང་འདི་ནས་ཚར།།
མངོན་ཆུང་གི་གླུ།
མདང་དང་བརྩེ་བས་རུམ་པའི་སྙིང་སྡུག་ལགས།།
ཁྱོད་ཀྱི་མདུན་དུ་བདག་ནི་རབ་ཆུང་བའི།།
སྐར་མ་ཞིག་ལྟར་འོད་ཟེར་མེད་ཀྱང་འཐུས།།
བདག་གི་མིག་ནང་ཁྱོད་ནི་ཁ་བ་ལྟར།།
དཀར་ཞིང་གཙང་ལ་འོད་ནི་རྣམ་པར་གསལ།།
བདག་ནི་འཁྱག་པ་ཆུ་ཡི་རིམ་ཁུད་དུ།།
ཞག་གསུམ་ཉལ་དགོས་བདེ་སྡུག་གང་ཡིན་བླ།།
གལ་ཏེ་ངོས་རང་རླུང་ཞིག་ཡིན་གྱུར་ན།།
ཁྱོད་ལུས་པདྨ་ལ་ནི་བྱིལ་བྱིལ་བྱ།།