དུང་རུ་ཚེ་དབང་གི་སྙན་ངག་ཚན་པ་གཉིས།

1476


        དབྱངས་ཅན།


དེ་ནི་ཁྱོད་རང་ཡིན་པར་ངེས།།

ཁྱོད་ཀྱི་མགུར་དབྱངས་ཡིན་པར་ངེས།།

སྒྲ་ཚིག་བྲལ་བའི་དབྱངས་དེར་ངེས།།

ད་ནངས་ཆར་ཟིམ་འདར་བའི་ཁྲོད།།

བདག་གི་དཀར་ཁུང་ཏིག་ཏིག་རྡུང་།།

ངས་ནི་ལག་ཟུང་ཕྲ་མོ་ཡིས།།

སེམས་ཀྱི་ཡོལ་བ་ཡང་ཡང་བཀྱགས།།

ཡོལ་བ་བཀྱགས་ཀྱང་ཡོལ་བ་མངོན།།

ཡོལ་བ་དབྲལ་ཀྱང་ཡོལ་བ་མངོན།།

བརྒྱད་ཁྲི་དག་ཀྱང་ཡོད་པར་ངེས།།

བཞི་སྟོང་དག་ཀྱང་ཡོད་པར་ངེས།།

ཀྱེ་མ་རྨི་ལམ་ཕ་མ་ཡིས།།

བདག་ཉིད་ཁང་ཆུང་འདི་རུ་བཙུད།།

འོན་ཀྱང་ཁྱོད་ནི་བརྩེ་བའི་ངང་།།

དཀར་ཁུང་རྡུང་གིན་དྲན་པ་གསོ།།

བདག་ནི་ཉམ་ཐག་སྐད་ཀྱིས་སུ།།

དབྱངས་ཅན་དབྱངས་ཅན་མིང་གིས་འབོད།།

གློ་བུར་ཁྱེད་ཉིད་སྨག་མུན་ཁྲོད།།

འོངས་ཏེ་བདག་དང་གདོང་གཤིབས་ནས།།

སྨྲ་བ་མེད་ཅིང་སེམས་པ་མེད།།

དྲི་ཞིམ་ཁ་རླངས་ཙམ་གྱིས་ཀྱང་།།

བདག་ཉིད་གཏན་དུ་སད་པར་མཛད།།

                                             2016.7.25

              དེ།

 

མེ་ཏོག་བཅང་ནས་འོང་བ་དེ།།

བུང་སྒྲས་ཟ་ཟི་ལེན་པ་དེ།།

རྒྱབ་སྐྲ་རླུང་གིས་གཡོ་བ་དེ།།

སྤྱན་ཟུང་མཚེའུ་འཁྱིལ་བ་དེ།།

མཆུ་འདབ་སིལ་ཏོག་སྨིན་པ་དེ།།

ཚེམས་ཕྲེང་མུ་ཏིག་གསལ་བ་དེ།།

འོ་འཛིན་དར་སྲབ་འབུར་བ་དེ།།

ལྟེ་སྐོར་སྐེད་པ་ཕྲ་བ་དེ།།

ཤམ་ལྭ་ཐུང་ངུ་གསོལ་བ་དེ།།

བརླ་ངར་མེ་ཏོག་ཡུ་བ་དེ།།

སེན་མོ་མཚལ་རྩིས་བྱུག་པ་དེ།།

སྐུ་སྟོད་འཇའ་གུར་བཀྲ་བ་དེ།།

སྐུ་སྐེད་སྦྲུལ་དཀར་ལངས་པ་དེ།།

སྐུ་སྨད་ཤ་རྗེན་མཐོང་བ་དེ།།

ལྷམ་དག་ཡེ་ནས་སྤངས་པ་དེ།།

གཅིག་པུར་ཞབས་ཐང་ཕེབས་པ་དེ།།

ཇ་ཕུད་མགྲིན་པ་གསོ་བ་དེ།།

རྒུན་ཆང་བྱུང་ཡང་མཆོད་པ་དེ།།

བསང་ཕུད་སྤོས་དྲི་སྣོམ་པ་དེ།།

སྤོས་ཆུ་བསྐུ་ཡང་མཉེས་པ་དེ།།

དྲི་ཞིམ་རྒྱང་ནས་གོ་བ་དེ།།

མཛེས་སྡུག་ཐད་ཀར་སྟོན་པ་དེ།།

སྒེག་ཉམས་སྦས་ཀྱང་མངོན་པ་དེ།།

ཉལ་རོགས་ཞུས་ན་འཛུམ་པ་དེ།།

འགྲོ་རོགས་བོས་ན་འོང་བ་དེ།།

སྡོད་རོགས་ལབ་ཀྱང་འདུག་པ་དེ།།

སུ་དང་གང་ལའང་དགའ་བ་དེ།།

ཕོ་མོ་ཀུན་ལ་དགྱེས་པ་དེ།།

ཟས་ཐུན་རེ་རེའི་སླད་དུ་ཡང་།།

བརྩེ་འབོད་རེ་རེའི་དོན་དུ་ཡང་།།

དྲི་ཞིམ་འཐུལ་འཐུལ་གཅིག་པུ་རུ།།

གཡེར་ཀ་སིལ་སིལ་སྒྲ་དང་ལྷན།།

ཁེར་རྐྱང་འཆལ་པོ་སྐྱོ་བའི་དུས།།

རྐང་རྗེན་སྔས་མགོར་འབྱོན་པ་དེ།།

རུམ་ན་བཞུགས་སུ་གསོལ་བ་དེ།།

                                2016.6.1

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།