དུང་བུ་ཆོས་འབུམ་རྒྱལ་གྱི་སྙན་ངག་བདམས་བཀོད།

305

 

   རྩོམ་པ་པོ།   དུང་བུ་ཆོས་འབུམ་རྒྱལ།     

 

Lndscndream2.jpg

          ཚེ་ཡི་མགོ་རྔ་འདྲེས་པ།

 

མངལ་ནས་བུད་རྗེས་ཀྱི་ངུ་སྐད་འཚེར་པོའི་མགོ་རིམ་གྱིས་ཡལ་ཏེ་སེམས་ལ་འཛུལ

ཕྱིར་འཕོ་དུས་ཡོད་ཚད་མིག་ཆུ་ཁོ་ན་རུ་གྱུར

ཀྱ་ཙེ་གོམ་ཙེ་ལས

བགྲོད་མི་ཚུགས་པའི་རྐང་བ་བྱིས་དུས་ལ་བཅོལ

སོང་སོང་རྗེས   གང་ལའང་མ་ཐོན་པ་ལྟར

མལ་སར་ལོག

ཤེས་པའང་ནང་ལ་བཅུག་པ་ལྟར

ཤ་ཁྲག་གི་གྱོན་པ་ལ་འཇམ་རྩུབ་ཀྱི་དབྱེ་བ་ཡལ

དགའ་མའི་ལུས་དྲི་ཞིམ་པོ

འཐམ་འཁྱུད་ལས་ཡང་ཡང་བྲད

བརྩེ་དུང་ནི་རྩི་ཀོག་པའི་གྱང་ཆག་ལྟར

སེམས་ཀྱི་གྲོང་ཁྱེར་ནས

ཚེ་སྲོག་ལ་གཡར་བའི་གནས་ཚང་ཞིག་ལྟར་ལུས

མཐོང་སྣང་གི་འཇིག་རྟེན་ལས་སྲ་མཁྲེགས་ཀྱི་གཤིས་ཀ་ཤོར

ཆེན་པོ་ཇེ་ཆུང་དང  ཆུང་ཆུང་སབ་སོབ་ཏུ་གྱུར

མིག་ཟུང་གིས   མེ་ལོང་རྡུལ་གྱིས་གཡོག་པ་ལྟར

རབ་རིབ་མག་མོག་ངང་ཕྱི་ལ་ཅེར

ལོ་ཟླ་ནི་ཅི་ཡང་མ་མཐོང་བའི་ཟོལ་གྱིས་ཁ་རོག་གེར་བཞུད

སྨྲ་ལྕེ་ལེབ་མོས་ཐོག་མར་བརྡ་མ་ཁྲོལ   མཐའ་མར་འགྲེལ་མ་ཚར

སྲིད་པའི་དགོངས་རྒྱན་ལ་རྨོངས་པ་འཁོར

མི་རེ་རེས་ཁེར་རྐྱང་གི་གླེགས་བམ་རེ་བསྲུངས་ཏེ་བསྡད

ཚེ་སྟོད་ནི་བྲོ་བ་མེད་པའི་ཟས་ལྷག་ལྟར་བསྐྱུར

ཁྱོད་ལ་ད་དུང་ཚེ་སྨད་ཅེས་པ་ཞིག་ཡོད་དམ།

                           ༢༠༡༦ ༡༡ ༢༦

aitwilllond.jpg

      སྨུག་པའི་ཕར་ནང་།

 

སྨུག་པའི་ཀློང་གི་ལ་གཞས་ཀྱིས་སྤྲིན་པ་བརྟོལ

ཞེན་སྣང་དྲལ་བ་ལས

ཆར་བ་ཟམ་ཟིམ་ངང་ཐིགས

མཐོང་ལམ་བཅད་པའི་རི་བོས་ལྐོག་ཉན་བྱེད་པ་ལྟར

ཁུ་སིམ་མེར

མགོ་རྔ་བསྒྲིབས་པའི་ཆུ་ཕྲན   ཤག་ཤག་ཤག

ས་ཆེན་ཡུན་གྱིས་སྒུལ་ཏེ་གཉིད་ལས་སློང་བ་ལྟར

ནོར་གྱི་གོམ་འགྲོས་ལྷོད་ཀྱང་ལྷོད

གོམ་ཁ་མང་བོ་རྒྱུད་གཅིག་ཏུ་བསྟར

རྨིག་རྗེས་རེ་རེར་ཆར་ཆུ་འཛུམ

འུར་རྡོ་མ་སྤྲད་པའི་འུར་ཆ་ལག་ལ་ཡང་ཡང་བསྐོར

སྐབས་སྐབས་ཀྱི་ཨུ་ཤུ་ཕྲ་མོ་འཇམ་ཞིང་མཉེན

དྭངས་པའི་མདངས་བཟུང་བའི་མིག་ཟུང་གོར་གོར

ཁ་རས་ཀྱི་གོང་བ་ན་ཀེམ་ཀེམ་ཀེམ

ན་ཁུགས་ལ་འཁྱིལ་བའི་ཆུ་རིས་ཤིག་གེ

ཐུ་སྣེ་ལ་འཐིམ་པའི་ཟིལ་བ་ཁྲོམ་མེ

སྨུག་པའི་ཕར་ནང་ལ

གླུ་སྐད་སང་སང་འཁྱམས

དྲན་པ་ལྷང་ལྷང་མཆེད།

            ༢༠༡༦ ༠༤ ༠༢

72acddce56eb7813bc097ad2bfbaa2f3 - Copy.jpg

      ཁ་མི་གྲག་པའི་བརྩེ་དུངས།

 

རྣ་སྒོ་ལག་པས་བཀབ་པ་ལྟར

འུ་གཉིས་ནི་ཁ་བརྡ་མེད་པར

བག་ཆགས་མཐའ་དག་རང་གནས་སུ་བསལ་བ་ལྟར

ཁུ་སིམ་མེར

དྲན་ཤེས་འཁྱམས་ཤུལ་གྱི་ལུས་པོ་ལྟར

ཁྱོད་ལ་ཕྱོགས་དུས

མཐའ་འཁོར་གྱི་འཇིག་རྟེན་ཚོར་མ་བྱུང

བྱིས་དུས་གོ་རིམ་མེད་པར་བརྗེད་འགྲོ་བ་ལྟར

སྙིང་གཏམ་ཐམས་ཅད་ལས་ཆེས་སྙན་པ་ནི

རྒྱུ་མཚན་མེད་པ་དེ་རེད

འུ་གཉིས་རྒྱུ་མཚན་མེད་པར་འཇམ་ཅག་གེར་གྱུར་བ

ཡིད་དུ་འོང

འུ་གཉིས

ཕན་ཚུན་ལ་གཞའ་རེས་བྱེད་པ་ལྟར

སོ་སོའི་སེམས་ཁོང་དུ་ལོག

བརྩེ་དུངས་ནི

ལྷན་འཛོམས་དང་གྱེས་བྲལ་གྱི་དབྱེ་བ་མེད་པར

ཁ་རོག་གེར་བསྡད

ང་རང་ཆེས་དགའ་ས་ནི

ཁྱོད་ལ་དགའ་བཞིན་དུ་སྐད་ཆ་གཅིག་ཀྱང་མ་བཤད་པ་དེ་ཡིན

རྡོ་ཆུ་ལ་བྱིང་འདྲའི་ལོ་ཟླ་རུ

ཡོད་ཚད་གྲགས་འགུལ་མེད་པར་འཐིམ་པ

སྙིང་དུ་སྡུག

                              ༢༠༡༦ ༡༡ ༢༡

IMG_0727.JPG

      མེ་སྒོང་བརྒྱབ་པ། 

 

ང་ཚོས་བྲང་ཁོག་གི་ཐབ་རྡོའི་བར་ལ་མེ་སྒོང་བརྒྱབ་ནས་རྒྱང་ལ་ཕྱིན།

སེམས་ཀྱི་མེ་ལྕེ།

ཕན་ཚུན་ལ་འོ་བྱེད་པ་ལྟར།

མཆེད་ཅིང་གཡོ།

མེ་ལྕེའི་གཡུ་རལ།

བག་ཕེབས་ངང་ངར་འབྱིན་པ་ལྟར།

སེང་གེ་དཀར་མོའི་ལུས་ལ་གཟེངས།

རུ་བ་སྤར་རྗེས་ཀྱི་ངོ་མདངས་དྲོན་མོ།

མེ་ལྕེའི་མཐའ་ལ་རུབ།

ང་ཚོ་མཚེར་ས་རེ་རེ་ནས་ར་བ་གོར་མོ་རུ་གྲུབ།

སྐྱིད་སྡུག་མ་ལུས་དེ་རུ་བཅུག  དེ་ལས་ཕུད།

བྱིས་པའི་ངུ་སྐད་ཀྱི་གདངས།   རླུང་རྒྱུན་གྱིས་འཆོལ།

ཁྱིམ་གྱི་དགོད་སྒྲ་ཡི་ཉམས།     མེ་འོད་ལས་གསལ།

ཐབ་ཀྱི་མེ་ལྕེ།

ཕན་ཚུན་ལ་འཁྱུད་པ་ལྟར།

གཡོ་ཞིང་མཆེད།

ས་ཆེན་གྱི་བརྩེ་བ་དྲོས་པ་ལས།

གངས་ཆབ་ཀྱི་བཞུར་རྒྱུན་ལྷུང་ལྷུང་ལྷུང་།

                        ༢༠༡༦ ༠༨ ༡༨

IMG_0790.JPG

      ལམ་འཕྲང་དོག་མོ།

 

ཁྱོད་རང།

ངའི་ཕྲག་པ་དོག་སའི་ལམ་འཕྲང་དེ་རུ་ལུས།

ཁྱོད་ཀྱི་གླུ་སྐད།

བྲག་ངོས་ལ་འཛེར་མ་ལྟར་ཟུག་སྟེ་བྲག་ཅ་མེད་པར་གྱུར།

ངས་ཁྱོད་ཀྱི་དབྱངས་རྟ་ཐོས་ཀྱང་།

སྐད་ངག་གི་སྙན་པ་མྱོང་ཐབས་བྲལ།

ངའི་གཅོང་རོང་ཟབ་མོ་དེ་རུ།

ཁྱོད་ཀྱི་འོད་སྣང་ཁེགས་སོང་ངམ།

ཁྱོད་ཀྱི་ཕ་ཡུལ་ལ་མཚན་མོ་སླེབས་འདུག

ཁྱོད་ཀྱི་གཏམ་རྒྱུད་ཀྱིས་མི་སེམས་བསླུ་ནའང་།

ཁྱོད་ནི།    ཆ་རྒྱུས་མེད་བཞིན་དུ།

ང་རང་ཆེས་སུན་ས་དེ་རུ་གྱུར་འདུག

                              ༢༠༡༦ ༠༨ ༢༦

IMG_6856.JPG

     ཤོག་བྱ་དང་རྡོ་བ།

 

ཡིད་ཀྱི་གཟུང་ཐག་ཆད་སོང་།

ཁྱོད་ནི་རླུང་གིས་ཁུར་བའི་ཤོག་བྱ་ཞིག

ནམ་མཁའི་གདོང་ལ་བཏོད་པའི་རྨ་ཁ་ཞིག་ལྟར།

རྒྱང་ལ་ཡལ་ཚུལ་ནི།

དུས་ཚོད་ཀྱིས་རྙིང་བའི་དྲན་པ་མག་མོག་ཅིག

ཁྱོད་ནི་ས་ཆེན་ལ་འབྲེལ་བ་ཅི་ཡང་མེད་པར།

རང་དབང་གིས་བསྐྱོད།

ང་ནི་གཙང་འགྲམ་གྱི་རྡོ་བ་ལྟར་འགྲེང་སྟེ།

རླབས་རྒྱུན་མང་བོར།

གཏམ་རྒྱུད་ཀྱི་ཁ་དོག་སུབ་ཏུ་བཅུག

སྨྲ་བ་མེད་པའི་དབྱར་དགུན་སྟོན་དཔྱིད་ཀྱིས།

ཆ་རྒྱུས་མེད་པའི་ཁྱོད་རང་།

སྣུམ་ཚོན་རི་མོ་ཞིག་ལྟར། ཁ་རོག་གེར་བྲིས་ཏེ།

འགྲུབ་ལ་ཉེ།

                   ༢༠༡༦ ༠༨ ༢༨

          ལས་འཕྲད།

 

གོམ་པ་ཞིག་སྤོས་རྗེས་ཕྱིར་ནུར་དབང་མ་བྱུང་བ་ལྟར

ཁྱོད་ཀྱི་རྙི་ལ་ཚུད

ང་ནི་བརྩེ་དུང་གིས་མགོ་འཁོར

ལས་སྐལ་ཡོད་ཚད་ནི་ཕུ་འདེབས་ཐེངས་གཅིག་གིས

ཁུར་མོང་ལྟར་འཐོར་འགྲོ་བ་ཞིག་ཡིན་ནམ

ཕྱིར་མིག་ནི་ཐོགས་ས་མེད་པར་ཐག་པ་ལྟར་རྗེས་སུ་དྲུད

ང་ནི་སྲབ་ནས་ཤོར་བའི་རྟ་རྒོད་ཅིག་དང་མཚུངས་པར

གློ་བུར་དུ་ཁྱོད་ཀྱི་སྤང་ལ་འབྱོར་བ་འདྲ

འུ་གཉིས་ཀྱི་འབྲེལ་བ་ནི་ཡིག་འབྲུ་གཉིས་ལྷན་དུ་འདུས་ཏེ་འདོད་རྒྱལ་གྱི་མིང་ཞིག་གྲུབ་པ་ལྟར

འགྲེལ་བཤད་ཅི་ཡང་མི་འདུག

དུས་ཚོད    འུ་གཉིས་ཀྱི་བར་ནས་ཨུ་ཚུགས་བྱེད་པ་ལྟར

ཡུན་རིང་ཞིག་འགོར་རྗེས

ཆུ་མིག་གིས་ཁྲིད་སོང་།

                     ༢༠༡༦  ༡༢ ༢༤

          ཟླ་དགུ་པ།

                               ——ཁུ་བོ་འདས་རྗེས།

 

སྐྲན་ནད་ལས་གློ་བ་དང་མཁའ་དབུགས་གྱེས

སྐད་ཆ་མང་བོ་ཞིག་བཤད་མཁན་མེད་པར་དྭ་ཕྲུག་ཏུ་གྱུར

མི་དང་མིའི་བར་གྱི་མཁའ་དབྱིངས་སྟོང་ལྷང་ལྷང

ཁ་ལྕེ་དམར་པོ་མེ་འབར་འབར་གྱིས

རུ་སྡེ་འདིའི་སེམས་པ་དྲོས

འདས་དོན་རེ་རེ་ནི་དྲོད་ཐིག་རེ་རེ

ཡོད་ཚད་འཁྱགས་རོམ་གྱིས་བཟུང

སྣང་བ་ལས་གས་པའི་ཧྲག་སྒྲ

བོའུ་སྐད་ལྟར་གྲགས

ལོ་ཟླའི་གཙང་བོས་དྲོད་ཁོལ་མེད་པར

མཁུར་མགོ་བརླན་བྱུང

ཚེ་ཡི་རྒྱུན་བཅད་པའི་ཟླ་དགུ་བ

བརྩེ་སེམས་གོར་གོར་ལ་སོ་བཏབ་པའི་མར་ངོའི་ཟླ་བ་དང་འདྲ

བོར་སྟོར་ཐེབས་པའི་དྲན་པའི་ནང

རླུང་གིས་འུར་རྒྱག་པ་ལྟར

ཟླ་དགུ་པ     ཁུར་ཐལ།

                     ༢༠༡༦ ༠༩ ༣༠ཉིན་བྲིས།

            རུམ་བྲོ།

 

རི་བོའི་སྨུག་པ་ཁྱོད་ལ་སྦྲུམ་ཡོད

ཞེ་ཆགས་དུས

ཁྱོད་རང་ནང་སེམས་ལས་ཕྱིར་ལོག་མ་ཤེས

སྨུག་པའི་སྤྲིན་པ་ཁྱོད་ལ་འཐིམ་ཡོད

སེམས་འཁྲུགས་དུས

ཁྱོད་རང་འདས་དོན་གྱི་འཚང་ཁ་ཤིག་ཤིག་གིས་གཅིར

སྤྲིན་པའི་ཆར་བ་ཁྱོད་ཀྱིས་རུམ་ཡོད

སྐྱོ་བའི་དུས

ཁྱོད་རང་ཉིད་ཀྱི་མིག་ཆུས་ཁུར་འགྲོ

ཆར་བའི་འཇའ་ཚོན་ཁྱོད་ཀྱིས་ཉར་ཡོད

དགའ་བའི་དུས

ཁྱོད་ནི་རང་ཉིད་ཀྱི་བཀྲག་མདངས་ལ་ཡིད་སྨོན་སྐྱེས།

                                       ༢༠༡༦ ༡༡ ༠༡

          རློན་ཐིགས།

 

ཁྱོད་ནི་དར་གྱིས་བཟོས་པ་ལྟར

དབྱར་ཁ་འདིར་ཞུ་ཚར་སོང

ང་ལ་རློན་ཐིགས་ཟབ་མོ་ཞིག་བཞག་པ

མེ་ཏོག་ལ་རེའམ

ང་ནི་རློན་ཐིགས་ཀྱིས་གྲང་སྟེ

ཚེ་སྲོག་གི་སྲིབ་ཁ་ཞིག་ན

དུས་ཚིགས་འདི་ཁོག་ལ་དུག་པ་ལྟར

ཉི་འོད་འཕྲོས་ན་ལྷག་ཏུ་གཟེར་ཡོང

གསོན་ཉམས་ཀྱི་མགོ་བོ་རུམ་ལ་བསྡུ་རོགས   དབྱར་ཁ།

                                                ༢༠༡༦  ༠༧

      རེ་སྒུག

 

སྨུག་ཞྭ་གྱོན་པའི་རི་བོ

རེ་སྒུག་གི་ན་ཟུག་སྲན་པ་ལྟར

ཁུ་སིམ་མེར་ཙོག་འདུག

རླུང་བུ་ནི་འདུག་བཟོད་མེད་པར་ཤུར་ཤུར་ཕར་ལ་གཡུག

ཤུར་ཤུར་ཚུར་ལ་གཡུག

ཁྱོད་ནི་རྐང་འབྲེད་ཤོར་ཐེངས་གཅིག་གིས་རྒྱང་རིང་ཞིག་ལ་ཤུད་སོང་བ་ལྟར

ཆུ་མིག་གིས་རྗེས་སྙེག་གིན

བཞུར་སོང

ཤག་སྒྲ་ནི་བྲེལ་ཤ་ལངས་པ་ལྟར

བར་མེད་དུ་མཆེད་འོང་།

                                        ༢༠༡༦ ༡༡ ༠༣

      ཕྱིར་ལོག་པ།

 

ཞེན་ཆགས་མཐའ་དག

མི་ཞིག་རྒྱུས་མེད་དུ་འགྱུར་བ་ལྟར

རང་མལ་ལ་ལོག

བྱ་ཁྱུ་འཕུར་རན་པ་ལྟར

བརྩེ་དུང་ཡང

ཕྱིར་རང་སེམས་ལ་བབས

མི་ཚེ་འདིར

དོན་དག་ཅི་ཡང་བྱུང་མེད་པ་འདྲ

ཡོད་ཚད་སྟོང་ལྷང་ངེར།

                 ༢༠༡༦ ༡༡ ༢༥

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།