རྩོམ་པ་པོ། དྲན་དཀར།

སེམས་འཐོར་ཚུལ།
བྱང་ཐང་དབུས་སུ་རླུང་བུ་ངར་ཁ་བཙན་སོང་།།
གནམ་མཐའི་ཉི་དྲོད་ཚལ་བ་ཚལ་བུར་གཏོང་འགྲོ།།
འཇག་མས་ཆོ་ངེ་འདོན་པའི་སྲོད་ཞོགས་རེ་རེར།།
སྟོན་ལོ་འཐོར་བའི་ཚུལ་དང་བདག་སེམས་མཚུངས་ཨང་།།
ལས་ཀྱི་མདུན་དུ་སུ་ཡང་འཁོས་ཀ་ཆུང་སོང་།།
འདུན་པའི་ཡུལ་དང་བསྐལ་བ་བསྐལ་བར་གྱེས་འགྲོ།།
ཕྱིར་དྲན་བྱུང་བ་སློག་པའི་ཐུན་མཚམས་རེ་རེར།།
རི་སྤྱང་ལྡོམ་པའི་ཚུལ་དང་བདག་སེམས་མཚུངས་ཨང་།།
གཉུག་མའི་ཐང་དུ་རང་རེ་གོམས་ལོབས་ཆེ་སོང་།།
བཅོས་མའི་རྫུ་བག་འཕྲལ་མ་འཕྲལ་མར་འགྱུར་འགྲོ།།
འཆར་སྒོ་རང་སར་གྲོལ་བའི་གྲུ་ག་རེ་རེར།།
བྱེའུ་ཆུང་གཟེབ་ལས་ཤོར་དང་བདག་སེམས་མཚུངས་ཨང་།།
གཞོན་པའི་སྣང་བ་ཞོགས་ཁའི་ཟིལ་བ་འདྲ་བྱུང་།།
དྭངས་བའི་དབལ་ཁ་མྱུར་བ་མྱུར་བར་ཡལ་འགྲོ།།
ལུས་སེམས་ལོ་ཟླས་མནར་པའི་ཉིན་ཞག་རེ་རེར།།
མྱ་ངན་ཁུར་བའི་མི་དང་བདག་སེམས་མཚུངས་ཨང་།།
ཕུང་གསུམ་པ།
སྲིད་པའི་འདུ་ལོང་ཀུན་ལ་ཡི་ཆད་སྐྱེས་ཤིང་།།
མཆོག་གསུམ་སྐྱབས་ཀྱི་ངོ་བོར་རྩེ་གཅིག་དད་པའི།།
ཉིན་མཚན་རྣལ་འབྱོར་སྒྲུབ་ལ་ལྷོད་མེད་གཞོལ་མཁན།།
རྣམ་དག་ཆོས་པའི་གྲལ་དུ་ཚུད་ཀྱིན་མི་གདའ།།
སྣང་བའི་རི་མོ་རྒྱ་མཚོའི་རླབས་ལ་འབྲི་ཤིང་།།
ཡིད་ཀྱི་ཐིག་རིས་བརྒྱ་རྩ་བརྒྱད་དུ་བགོ་བའི།།
གཉུག་མའི་དབྱངས་ཀྱི་ང་རོ་གཅིག་བུར་གྱེར་མཁན།།
སྙན་ངག་སྨྲ་བའི་གྲལ་དུ་བརྩི་ལོ་མི་འདུག།
སྔོན་བྱུང་མཁས་པའི་དཔྱད་དོན་ཡང་ཡང་བཤེར་ཞིང་།།
ལྷན་སྐྱེས་བློ་ཡི་སྣང་ཚུལ་བརྟགས་ཤིང་དཔྱད་དེ།།
ཕྲ་རགས་ཤེས་བྱའི་གསང་བ་ནན་གྱིས་སྔོག་མཁན།།
བློ་ཆེན་མཁས་པའི་གྲལ་དུ་ཚུད་ཐབས་མ་བྱུང་།།
རྒྱ་བོད་གཞུང་བརྒྱའི་དགོངས་མཐིལ་ཐུགས་སུ་ཆུད་ལ།།
སྣ་ཚོགས་གྲུབ་མཐའི་བཞེད་མཚམས་སྤུ་རིས་གསལ་ཞིང་།།
རང་ལ་རང་གི་རང་ལུགས་འཐད་ལྡན་ཡོད་མཁན།།
དོན་དམ་གྲུབ་མཐའ་མཁན་དུ་བགྲང་ལོ་མི་འདུག།
སྔོན་བྱུང་ལེགས་ཉེས་རི་མོ་ཡིད་ལ་གསལ་ཞིང་།།
མ་འོང་འབྱུང་འགྱུར་ལམ་བུར་བརྒལ་ཞིང་བརྟག་སྟེ།།
སྔ་གཞུག་དུས་ཀྱི་འགྱུར་བག་ཚོད་དགམ་བྱ་མཁན།།
དུས་ཀྱི་ལམ་སྟོན་པ་དང་ཁ་ཐག་རིང་སོང་།།
གཞིས་ཀའི་སྨྲེང་བ།
ཁང་སྐྱ་ཁུར་བའི་རླུང་པོས་གདོང་ལྕག་གཞུ།།
ཟོག་ནག་ཡན་སའི་རི་ལུང་ཁ་བས་འདན།།
རྩི་ཐོག་ཟད་པའི་ས་འབུར་རེ་རེ་ན།།
ཨ་བྲ་ཙི་གུས་ཙོག་པུར་གནམ་ལ་ལྟ།།
སྒོ་རའི་ཕྱི་ནང་བར་ཡང་བུ་ཡུག་རྒོད།།
བཙའ་བའི་གདོང་ལ་ཐལ་བའི་བམ་ཁ་མཐུག།
དེ་ལྟ་ན་ཡང་ཨ་མའི་ཐབ་རྩ་དྲོ།།
དེ་མིན་འབྲོག་ཐང་དབེན་པར་ཡ་རེ་ང་།།
ཕུག་བསམ་བོར་བའི་མི་རྣམས་ཚེ་ཐག་རིང་།།
ཕར་འགྲོ་ཚུར་འོང་རེ་རེར་དུས་ཚོད་འདེད།།
འོད་ཀྱི་རྨི་ལམ་འཐུ་བའི་སྐྱེ་བོ་རྣམས།།
ཁ་ལག་གཉིས་ཀས་དུས་ཚོད་རེ་རེ་འཛིན།།
རེ་པའི་སྒྱེ་མོ་ཇི་ཙམ་ཆེ་གྱུར་བ།།
དེ་ཙམ་སྡུག་གི་ཁུར་བོ་ལྕི་གྱུར་བས།།
གང་དུ་རྒན་གཞོན་བར་མའི་སྐྱེ་བོ་ཀུན།།
རང་གིས་ཐེག་པའི་དགའ་སྡུག་ཁུར་ཅིང་འགྲོ།།
བདེ་གཟར་འཚོ་བའི་ལམ་བུ་ཅི་བས་རིང་།།
དགའ་སྐྱོ་ནང་གི་ཡིད་འགྱུ་དེ་བས་མོད།།
ཡི་ཆད་ཁ་བ་འབབ་པ་མང་མང་བས།།
ངེས་འབྱུང་རྨི་ལམ་མཁན་ཚོ་ཁག་མེད་སྙམ།།
༢༠༡༣/༡/༢༥/དགོང་མོར།
ཆིག་ལབ།
༔རླུང་བུའི་འགྲོས་ནི་གཏད་སོ་བྲལ། །
གང་དུ་རྒྱུ་བའི་ཧྲག་བར་ནས།།
མི་ཤིགས་མདུད་པའི་རྣམ་ཤེས་ཁམས།།
ཁྱོད་ཀྱི་དཔལ་ལ་ཐོགས་པར་གྱུར།།
རང་སྣང་འོད་ཀྱི་གཞལ་ཡས་ནས།།
དག་པ་ལྷ་ཡི་ཞིང་དུ་འཁྲུངས།།
གཞོན་པའི་ལང་ཚོའི་ཟིལ་ཤུགས་ཀྱང་།།
རྡོག་མགོར་ཤུད་དེ་འོབས་ལ་འཕངས།།
མཛའ་མཐུན་མི་འགྱུར་གཡུང་དྲུང་རིས།།
ལོ་ཟླའི་ཁྱོན་ནས་བྲག་ལ་བརྐོས།།
གྱེས་གདུང་སེམས་གཞས་སྐྱུར་བའི་དབྱངས།།
བྲག་ཅ་བརྒྱུད་ནས་དབྱིངས་ལ་འཕུར།།
སྙིང་ལ་བྲིས་པའི་ཡིག་འབྲུ་རེ།།
མཚན་མོ་སྨག་ལ་བཀླག་པར་བརྩམས།།
ཡིག་འབྲུ་རེ་རེའི་གས་སྲུབས་ནས།།
འཛུམ་ཆུང་རེ་རེ་མོག་པོར་སོང་།།