རྩོམ་པ་པོ། སྤྲེལ་སེམས་དཔའ།
ད་ནས་ཁྱོད་ཀྱིས་རང་ཉིད་ཀྱི་བརྩེ་དུང་མཚོན་པའི་གཞས་དེ་གཏོང་ཆོག
རང་སྲོག་བཅད་པའི་བུ་མོ་manful ལ་ཕུལ།
ནམ་ཟླ་འདིའི་དགུན་ཁར་ཁ་བ་མེད་ན་ཡང
ཁ་བ་ལས་འཇམ་ཞིང་མཉེན་པའི་ཁྱོད་རང
སྡུག་བསྔལ་ཐེག་ཚོད་ཅིག་ཁུར་ནས
ག་ལེར་ག་ལེར ཕྱིར་ལོག་མེད་པར
རྩྭ་ཐང་གི་དབེན་སིམ་ཁྲོད་ནས་གཏན་དུ་གཉིད་སོང་ངམ
རྒྱང་རིང་ནི་འཇའ་ཚོན་བསླེས་པའི་ཟླ་བའི་གཙང་པོ་ཞིག་སྟེ
ཁེར་རྐྱང་གི་ཀོ་གྲུ་གཏོང་བར་འཇིགས་དངངས་མ་སྐྱེས་དང
ཁྱོད་རང་ཆགས་སྡང་གི་ནགས་ཚལ་མཐུག་པོར་གཏན་དུ་བྲལ་ཟིན་པས
མིའི་རིགས་ཀྱིས་ཁྱོད་ཀྱི་བ་སྤུ་ཙམ་ཡང་སྒུལ་མི་ནུས
ཨཱ་རང་དབང་གི་ནམ་མཁའ་དང་ས་གཞི
ད་ནས་ཁྱོད་ཀྱིས་རང་ཉིད་ཀྱི་བརྩེ་དུང་མཚོན་པའི་གཞས་དེ་གཏོང་ཆོག
ཆམ་ནད་ཀྱིས་གཙེས་པའི་རི་ཆུ་ནགས་གསུམ
ཧ་ཅང་རྒྱུས་མེད་ཀྱི་སྣུམ་ཚོན་རི་མོ་ཞིག་དང་འདྲ་ན་ཡང
ཁྱོད་ཀྱིས་ཕ་ཡུལ་དྲན་མི་སྲིད་དེ
སྡིག་ཉེས་དང་འདོད་རྔམས་མཚོན་པའི་ལ་གཞས་དག
རྩྭ་ཐང་འདིའི་རྒལ་ཚིགས་ཇི་བཞིན་གང་སར་མཆེད
ཁྱོད་རང་ཐོག་མ་ནས་བཟུང
མཚོ་རླབས་ཤིག་གིས་ཀྱང་འགྱེལ་སྲིད་པའི་གྲུ་གཟིངས་དེར་ཞུགས་ཤིང
གངས་དང་ཁ་བ་ཆགས་པའི་འཇིག་རྟེན་འདིར་འོང་བ་ནོར་འཁྲུལ་ཞིག་སྟེ
ཁྱོད་ཀྱི་མི་ཚེ་ཧྲིལ་བོ་གྲང་འཁྱག་གིས་བསྐྱལ་དགོས་བྱུང་བས
ཁྱོད་ཀྱི་ཕ་མས་ཁྱོད་ལ་ཅིས་ཀྱང་དགོངས་དག་ཞུ་འོས་ཨང
2016/1/1ཉིན་པེ་ཅིན་ནས་བྲིས།

ཁ་བྱང་མེད་པའི་སྙན་ངག
དུས་ཚོད་མཚོན་བྱེད་ཀྱི་མེ་ཏོག་དག
ན་རྒས་ཀྱི་ལྟེབས་གཉེར་ཁུག་དུ་འགྲེང
རླུང་གིས་ཟགས་པའི་ང་ཡི་རྣམ་ཤེས་སུ
རྡོ་བའི་ཁ་དོག་ལྟ་བུའི་སྙིང་ཉེ་སྔར་བཞིན་གཙང
རྨི་ལམ་དག་དུམ་བུ་དུམ་བུར་གྱེས་ཚེ
ས་སྲོད་ཀྱི་སྤྲིན་པ་བཞིན་འདུ་ཐབས་མེད་ཀྱང
ཁྱོད་དང་འབྲེལ་བར་གྲུབ་པ་རྣམས
གཉིད་སད་རྗེས་ཀྱི་དྲན་པ་འཐོར་བྱེད་དུ་གྱུར
རྒྱང་རིང་བའི་ཕ་ས་ཕ་ཡུལ
ཆེས་ཕྲ་བའི་རྣམ་ཤེས་ཀྱི་རྡུལ་ཕྲན་བར་ལ་མཆི
རྫི་གླུ་དང་ལ་གླུ་ནད་པ་ཁ་ཤས
ཐག་རིང་གི་ལྷབ་ལྷུབ་སྐྱོད་པའི་གྲུ་གཤོག་བཞིན
སྐྱེ་བ་གཅིག་གི་སྡིག་སྒྲིབ་ཀྱི་མེ་ལོང་ངོས་སུ་འཕྱོ
ཀྭ་ཡེ སྙིང་ཉེ
དགུན་ཁ་དེར་ཁྱོད་ཀྱིས་རང་སྲོག་བཅད་དོན་ནི
འཇིག་རྟེན་འདི་འཁྱགས་པ་ཡིན་པས་ལན་ནམ
2016/11/8 ཉིན་རེབ་གོང་ནས་བྲིས།

ས་འོག་གི་ལྕགས་ལམ་གྱི་སྙན་ངག
མི་རེ་རེ་ཕྱེ་མ་ལེབ་རེ་རེར་སྤྲུལ་ནས
གཤོག་སྣེ་ཁ་པར་ལ་བཏགས་ནས
ལམ་དང་དུས་ཚོད་རླུང་བུ་བཞིན་བདས
ཁོང་ཚོས་འགྱིག་ཁུག་ནང་གི་དགའ་རོགས་ལ་འོ་ཞིག་བྱས་རྗེས
འཇིག་རྟེན་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས
སྐད་འཕྲིད་རྒྱུད་ནས་མཛའ་མོར་བསྐུར
ང་རང་བོད་ཡིག་གི་ང་རོ་བཞིན་འགྲེང་སྟེ
འཇིག་རྟེན་ནི་སྡུག་བསྔལ་གྱི་གནས་སོ་ཞེས
གྲོགས་པོ་ལ་ཁ་པར་ནང་ཡང་ཡང་བཤད
སྐད་རིགས་མི་གཅིག་པ་མང་པོའི་ཁྲོད་ནས
འཇིག་རྟེན་ནི་ཅི་འདྲའི་སོས་དལ་མེད་པ་ཞིག་སྟེ
ས་འོག་ལྕགས་ལམ་གྱི་འབབ་ཚུགས་རེ་རེ་ནའང
མྱི་རྣམས་གྲོག་ཚང་རྡོལ་བ་བཞིན་གྱི
འཚོ་ཆས་ཀྱི་རྒྱལ་བོའི་རྐུབ་གཡོག་ཁོ་ནར་གྱུར
སྐབས་འདིར ཏག་ཏག་སྐབས་འདིར
པེ་ཅིན་གྱི་གནམ་གཤིས་ཚ་དྲོད་རྒྱས་ནས
ངའི་ལས་ཐོག་གི་རྩམ་དྲི་དང་ལྕི་དྲི་དེ་དག་ཀྱང
མེ་འཁོར་གྱི་སྒེའུ་ཁུང་རྒྱུད་ནས་ནང་ལ་ཐུལ་འོང
2015/12/20ཉིན་པེ་ཅིན་ས་འོག་ལྕགས་ལམ་ནས་བྲིས།

རྒྱང་རིང་།
རྡུང་ལེན་པ་བདུད་བྷེ་ལ་ཕུལ་བ།
རང་སྲོག་གཅོད་བྱེད་ཀྱི་ཐག་པའི་སྣེ་མོ་རུ
ཁྱོད་རང་དགུན་ཁ་བཞིན་གྲང
བྱང་ཐང་བསྐྱོད་པའི་རྟ་ཕོའི་སྒལ་གཞུང་དུ
ཁྱོད་རང་དབྱར་ཁ་བཞིན་དྲོ
ཡུལ་གྱར་བའི་རགས་སྐྱོགས་ཁ་ན
ཁྱོད་རང་ཨ་མ་དྲན་པའི་བོད་གླུ་ཞིག
སྙན་ངག་པའི་སྡུག་བསྔལ་དང་སྐྲ་ལོའི་བར་ནས
ཁྱོད་རང་མཚོན་དོན་མི་རྙེད་པའི་བྲག་ཅ་རིང་མོ་ཞིག
སྒྱུ་རྩལ་བ་གཏན་དུ་གཉིད་སོང་རུང
ཨ་ཅེ་འབྲོག་མོའི་བཞོ་ཟེའུ་ཁ་ན
སྔར་བཞིན་འོ་བྱེའུ་ཆ་རིལ་ཞིག་གིས
“ང་དང་ཁུ་བྱུག་གཉིས་ཀ
རྒྱལ་ཁམས་སྐོར་ནས་སླེབས་ཡོང”ཟེར
2016/3/17/ཉིན་ཟི་ལིང་ནས་བྲིས།

དུས་ཚིགས་འདིར།
དུས་ཚིགས་འདིར
ང་ཁྱོད་ཀྱི་དབྱར་ཁ་ཁོ་ནར་འཐིམ
རྒྱང་རིང་གི་རྨི་ལམ་མཐའ་དག་འཁྱག་པ་རྡོ་རུ་བཏང
དེ་ལྟའང འུ་གཉིས་ལ་གསང་བ་གང་ཡང་མེད་པ་བཞིན
རང་རང་གི་དགའ་ལོའི་རྩིབ་ལ་ལོག་ཕེབས་བཞེས
དུས་ཚིགས་འདིར
སྡུག་བསྔལ་གྱི་ཐང་ཤིང་ཆར་བས་བརླན
གྲང་ཤུར་ཤུར་གྱི་ཆར་རྡོག་རེ་རེ
ང་ཡི་རློན་བག་གི་འདམ་ཀའི་ངོས་སུ་ལྷུང
དེ་ལྟའང ཁྱོད་ཀྱིས་རབ་གསལ་གང་ཞིག་གི་དྲ་མིག་ཁ་ན
ང་རང་དྲན་གྱིན་ཡོད་པ་གཞིར་བཞག་བྱས་ཡོད
དུས་ཚིགས་འདིར
འུ་གཉིས་ཀྱིས་རང་རང་ས་ན
དྲན་གདུང་མཚོན་བྱེད་ཀྱི་གཞས་རེར་ཉན་ནས་ཡོད
མི་ཚེ་ནི་བྱེ་མའི་འཆང་བུ་བཞིན་དུ
ནམ་ཞིག་ལ་ཞིག་འགྲོ་སུ་ཡིས་ཚོར