
སྐྱེ་བ་སྔོན་མའི་རང་ལ་གདམས་པ།
ཁྱོད་རང་སེམས་ཕྲ་མོའི་འོད་འཁྱིམས་ཏེ། །
མཚན་མུན་པ་མཐོང་ན་དགའ་སྣང་མེད། །
ལ་གོར་དུ་བཞུད་ཅིག་ཚེ་ཕྱི་མར། །
ཚེ་འདི་ཡི་དུ་བའི་ཨ་ལོང་རྒྱུག །
དབུགས་རེ་ལ་ལུག་བརྒྱ་རི་བ་ཁྱོད། །
ཨ་ཙ་རའི་སྣ་རྡེའུ་མ་བྱས་གོང་། །
ནང་ཟན་གྱིས་དགྲོང་ན་ཅི་ཞིག་བྱ། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུར་བྱོས། །
སྤུ་རེ་ལ་རྟ་བརྒྱ་འབབ་པ་ཁྱོད། །
རང་དབང་གི་ཆེད་དུ་མ་འགྱེལ་གོང་། །
ས་མདའ་ཡིས་རྨས་ན་ག་རེ་བྱེད། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུར་བྱོས། །
རྨ་རེ་ལ་འབྲི་བརྒྱ་རན་པ་ཁྱོད། །
གནས་ལུགས་ཀྱི་ཆེད་དུ་མ་ཤི་གོང་། །
ལྐོག་རྙི་ཡིས་རྫོགས་ན་ཅི་ཙིག་བྱེད། །
ཚུལ་དེས་ཀྱང་འདན་མས་ཕྱི་ནུར་བྱོས། །
སྤྱིར་སྨུག་ཅིང་སེར་བའི་ངོ་གདོང་དེ། །
སྨན་ཅོ་ཐོགས་བརྒྱ་ཡི་སེམས་རྟེན་རེད། །
དེའི་ཚབ་ཏུ་སུས་ཀྱང་མི་ལོ་སྟེ། །
གནད་དེས་ཀྱང་འདན་མས་ཕྱི་ནུར་བྱོས། །
སྒོས་སྐམ་ཞིང་རིད་པའི་ལུས་པོ་དེ། །
ལོ་ཉི་ཁྲིའི་སྔོན་གྱི་བུ་ལོན་རེད། །
དེའི་དོད་དུ་སུས་ཀྱང་མི་འོང་སྟེ། །
འགངས་དེས་ཀྱང་འདན་མས་ཕྱི་ནུར་བྱོས། །
ཁྱོད་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ཁྱོད་འདྲ་བར་འཐུང་མཁན་གང་ན་ཡོད། །
ལྷ་འཇམ་དཔལ་བཞུགས་ཀྱང་ལན་ཆགས་ཏེ། །
ལོ་རྒས་པའི་གྱོལ་ཚུལ་གན་ལ་ལྟོས། །
ཁྱོད་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ཁྱོད་འདྲ་བར་འཐུང་མཁན་གང་ན་ཡོད། །
བདུད་དགའ་རབ་འཚོ་ཡང་ཐོ་ཙམ་སྟེ། །
བློ་འཁུམས་པའི་ཤུགས་རིང་གན་ལ་ཉོན། །
ཁྱོད་ཤི་ན་དབྱངས་ཅན་འགྲམ་པའི་ཆང་། །
ཁྱོད་འདྲ་བར་འཐུང་མཁན་གང་ན་ཡོད། །
ཀླུ་མི་མགོན་ལྷགས་ཀྱང་ལྷག་མ་སྟེ། །
རྩལ་ཉམས་པའི་ཆོབ་སྒྲ་གན་ལ་སོམས། །
ལར་གཤིན་ཡུལ་ངག་གི་ལུང་བ་འདིར། །
གླུ་ཐན་ཐུན་མི་ལེན་མེད་ན་ཡང་། །
ཁྱོད་ནང་བཞིན་དབྱངས་ཀྱི་ཁྲུས་རྫིང་ནས། །
སེམས་ཐིག་ལེ་གཏོར་མཁན་ད་དུང་མེད། །
རྐྱེན་དེ་སླད་འདན་མས་གོམ་གསུམ་ཁྱེད། །
དོན་ལོག་འཁྱེར་བྱས་ཀྱང་བྱེད་དུ་ཆུགས། །
རྐྱེན་དེ་སླད་ཚ་ཞང་ཐེངས་གསུམ་གཡོལ། །
རྩིས་འཕྲོ་མ་སྐྱེ་བ་བདུན་འཕྲོར་རྒྱོབས། །