
——བན་ཤུལ་གདུགས་དཀར་རྒྱལ། སྨྱུག་མིང་ལ་ལྡོང་ལུག་རྫི། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། 2008ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཞིང་ད་སྔ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀར་འཇུ་ཞོར《མང་ཆུ》དང《སློབ་གསོ་ལྟ་སྐུལ》ལོ་དེབ་ཀྱི་གདན་ཞུས་རྩོམ་སྒྲིག་པའི་འགན་ཡང་ཁུར་ཡོད། གཞན《གངས་རྒྱན་མེ་ཏོག》དང《གངས་རྒྱན་ན་ཆུང་ཚགས་པར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཁྲི་ཤོར་རྒྱལ་མོ》《ཁྲིམས་ལུགས་ཚགས་པར》《མཚོ་སྔོན་ཉིན་རེར་ཚགས་པར》བཅས་སུ་སྙན་ངག་སོགས་འགའ་རེ་བཀོད་མྱོང་། 2010ལོར《སློབ་ཆུང་སྐད་ཡིག་གི་རྩ་གནད་ཤོག་དྲིལ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་ད་ལོའི་སྟོན་མཇུག་ལ་《གླུ་དང་ཕེ》ཞེས་པའི་སྙན་དེབ་ཅིག་ཀློག་པ་པོ་དག་གི་སྤྱན་སྔར་ཕུལ་ལོ།།
སྟོན་མཇུག་གི་འབྲུག་སྐད།
ཕྱོགས་བཅུ་ཐམས་ཅད་ཀྱི་ཕྱི་ནང་རྒུམ་ནས
ས་སྲོས་འདིའི་ནང་སྙིང་ཕྱིར་ལ་བསློགས་པའི
འབྲུག་སྐད་གློ་བུར་བ་དེས
དཀར་གསལ་ལེར་བཏང
མུན་པ་དགུ་བརྩེགས་གྱོན་པའི་སྲང་ལམ་འདི
གློག་འགྱུའི་འོག་ཏུ
གྲིབ་མས་བསྐྱུར་བའི་གཟུགས་གཞི་རེ་གཉིས་ཀྱིས
རང་གིས་རང་གི་རྡོག་སྣེ་ཡང་མཐོང་ཐབས་བྲལ་ཡང
རིང་ཐུང་ཅི་རིགས་ཤོར་བའི་འདས་དོན་ལ
སད་སེར་འདིས་ཡང་ཡང་བྲད་བྱུང
དགུན་ལྭ་ཡང་གྲ་སྒྲིག་བྱས་ཚར་ཞིང
ཁྱིམ་དུ་དྲོད་རླངས་ཀྱང་བཏང་ནས
བསམ་བློ་གཞན་ཞིག་ལ་གཏོང་སྐབས
དྲོད་ཐིག་ཅིག་གི་ཚབ་ཏུ
སིང་སིང་གི་འབྲུག་སྐད་དེ
ཤག་ཤག་གི་ཆར་བ་དེ
ས་གནམ་གཉི་ཀའི་རིམ་པ་ག་ཙམ་ནས
ངའི་ཁེར་ཧྲང་གི་སེམས་གཅོང་དེའི་ཟབ་སར
ཤུམ་ཤུམ་གྱིས་བྱིངས
མི་ཚང་མས
འབྲུག་སྐད་དེ་ལུང་བསྟན་དུ་བསྒོམས་ཏེ
ཆར་ཟིམ་དེ་དངོས་གྲུབ་ཏུ་རློམ་དུས
གར་ཡོང་མི་ཤེས་པའི་ཙག་ལྡོམ་ཞིག་གིས
རང་གི་གདམ་གསེས་ལ་སྙིང་ཕུར་བརྡབས་ནས
སྐྱེས་དངོས་ཡོད་ཚད་ལ་འགྲམ་ལྕག་གཞུས
རེས་གསལ་རེས་མོག་གི་ལམ་སྒྲོན་འོག
ཆར་གདུགས་ཐོགས་པའི་གཞོན་ནུ་ཟུང་སྲང་ལམ་བརྒལ་གྱིན་འདུག
ཏག་ཏག བར་གླེགས་འདིར
འབྲུག་སྐད་ཀྱང་འདར་མ་འདར
ཆར་བ་ཡང་ཆད་མ་ཆད
ནམ་མཁའ་སྐྱ་མོའི་དགུ་ཚིགས་བརྒལ་གྱིན་འདུག
༢༠༡༦ལོའི་སྟོན་མཇུག་གི་འབྲུག་སྐད་དང་ཆར་ཟིམ་དེས་བསྐྱེད་པའི་སེམས་ཚོར་ཙམ་ཤར་མར་སྦྱར་བ་དེ་ཙམ་མོ།
ཁ་དོག་གློ་སྐྱ་དེ།
སྲིད་པ་འདིར་མི་ཐེ་བའི
ཕ་རོལ་ཞིག་ནས་ཚུར་རོལ་ལ
ལག་པ་བསྲིངས་ཚུལ་ཏེ
ཟུར་གྱིས་འགྲེལ་ན་ཁ་དོག་ཅིག་རེད
མེ་ལོང་ལ་ཆག་ཆག་འདེབས་བྱེད་ཀྱི
ཁ་དོག་གློ་སྐྱ་དེ་རེད
སྤང་ཐང་གི་ཕང་བར་འཁྱམ་པའི་རྣམ་ཤེས
མེ་ཏོག་ཞིག་གི་བཞད་སྟངས་ཀྱི་སྔ་གཞུག་ལ་སྦྲུམ་ནས
སྦྲང་ཆུང་དེའི་འཁོར་དུ་སྐྱེས་པ་ཡང
ལེབ་ཀྱིས་བལྟས་ན་ཁ་དོག་ཅིག་རེད
ཆར་ཞོད་ཆེ་དུས་མགོ་བོ་འཐོམས་བྱེད་ཀྱི
ཁ་དོག་གློ་སྐྱ་དེ་རེད
བྱ་གླག་གི་གཤོག་པ་ཟད་རག་བར
རི་ཆུ་དེའི་གཟུངས་འཇུག་རུམ་ནས
ཉག་གའི་ལབ་ཙེ་དང་རྡེའུ་འབུམ་ལ་གསང་གཏམ་གློད་ཚུལ་དེའང
རྒྱང་ནས་དཔྱད་ན་ཁ་དོག་ཅིག་རེད
སེམས་ངལ་གྱི་དར་ལྕེ་ཧྲལ་ཧྲུལ་གཏོང་བྱེད་ཀྱི
ཁ་དོག་གློ་སྐྱ་དེ་རེད
ཡིག་རྡོག་འགས་ཁ་དོག་གློ་སྐྱ་རུམ
སྙན་ངག་འདིས་ཁ་དོག་གློ་སྐྱ་འགམ
ནུབ་ཁས་སྐྱོར་བའི་བྱེའུ་ཆུང་།
ཉི་མས་རྟོད་ཐག་དྲུད་ནས
རྔ་མ་མགོ་རྩེང་སྟེ་ཤུར་སེ་བཏང་བ་ནི
ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ་ཚར་བ་བཞིན
ཉིན་གཅིག་གི་སྔ་དྲོ་ཕྱི་དྲོ
ད་རུང་ཉིན་ཐོ་ཡི་ཚེས་གྲངས་འདི་ལྟར་བསྣོག་ཚར
གར་ཡོང་མ་ངེས་ཤིང
གར་འཕུར་མི་ཤེས་པའི
ཡང་གཅིག་ན ནུབ་ཁས་བསྐྱོར་བའི་བྱེའུ་ཆུང་ཞིག
ཡུགས་སར་བུད་པའི་སྡོང་སྐམ་དེའི་ཆ་ཤས་སུ་གྱུར་བ་བཞིན
སྒྲོ་སྤུ་ལྷུང་ཞིང་ཙག་གིས་ཕྱིད
གཤོག་སྒྲོ་ཆད་ཅིང་རླུང་གིས་ཁུར
མཐའ་མཇུག་གི་རེ་བ་ཕྲན་ཙམ་གྱི་གསུང་སྐད་ཀྱ་ཀྱུ་བོ
ཆུ་མོར་བསྐུར་བའི་ངག་འཕྲིན་ཙམ་པོ་དེ
ངའི་སྐྲ་རྩེ་ན་ལྕུག་གེར་འདར་བྱུང
ཀྱེ་མ སོ་སྒྲ་འཆའ་བའི་གློ་གྲི་ཤུབས་སུ་འདུག
སྡུག་ཡུས་བསེགས་པའི་མི་རྣམས་ཁྱིམ་དུ་མངའ
སེམས་པ་ཆུང་བའི་བྱེའུ་ཆུང་འདིའི་ནམ་མཁའ་ག་རེ
འདོད་པ་དབེན་པའི་བྱེའུ་ཆུང་འདིའི་ས་གཞི་ག་རེ
སྲེད་པ་སྟོང་བའི་བྱེའུ་ཆུང་འདིའི་ཁྱིམ་གཞི་ག་རེ
༢༠༡༦ལོའི་སྟོན་མཇུག་གི་ཙག་ཆེ་བའི་ནུབ་ཁར་བློས་བསླངས་བྱས།
སྣོད་ཀྱི་ཁ་འདིག་ལྟ་བུའི་མཚན་མོ་འདི།
–
བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ།
ལུས་པོས་མི་ཐེག་པའི་ངལ་དུབ་ལྷག་མ་གང
དོ་ནུབ་ཀྱི་མཚན་མོའི་རྒྱུ་སྤུན་ལ་བརྒྱུས་ཏེ
དབུས་ཕྲུག་ལྟ་བུ་གཡང་ལུགས་བྱས་ནས
གོ་ཁ་ནས་སྣ་གླུ་ཞིག་སྨག་རུམ་དུ་བསྲེས་འདོད
མཚན་མོ་འདིར་རླབས་ཆེན་གྱི་བསམ་བློ་འཁྲུངས་པས
གནམ་ས་གཉི་ཀའི་ཧྲག་བར་སྙན་ངག་པས་བཀད་ལ་ཁད
ཟླ་བའི་རྣ་ལོང་དང
རྒྱུ་སྐར་གྱི་ངོ་མདངས་ཀྱང་འགྱུར་ནས
མཚན་མོ་འདིའི་རྣམ་ཤེས་སུ་གྱུར་ཚར་འདུག
ཐ་ན རི་བོང་སུག་ཐུང་གིས་ཡང་རྣ་བ་ཀེར་རེ
མཚན་མོ་འདིའི་ལོངས་སྤྱོད་ལ་གཡེང་དྲགས་པས
གནམ་ལྡིབ་པའི་སེམས་ཁུར་དེའང་བརྗེད་འདུག
མཚན་མོས་རང་གི་རང་གཤིས་དེ་བསྲུངས་ནས
ཡིག་ཚོགས་ཀྱི་སྣོད་ཁ་སྡོམ་བཞིན
ལོ་ཟླ་ག་ཙམ་ཟད་སོང་བ
མུན་ནག་གི་ཟབ་ཚད་ཅིས་ཀྱང་ཡིན
ང་ཚོར་མཚན་མོ་ཡོད་པས
ང་ཚོར་སྣོད་ཀྱི་ཁ་འདིག་ལྟ་བུའི
དོ་ནུབ་ཀྱི་མཚན་ནམ་རིང་མོ་འདི་ཡོད་པས
སྐད་ཆ་དང་ལག་བརྡ་སྣ་ཚོགས་ཤིག
དུས་ཚོད་འདིའི་ཕྱི་ནང་དུ་གཅུད་དེ
སྐྱ་རེངས་ཀྱི་ཁ་སྣོན་དུ་ཕུལ་ཆོག