
མ་གཡར་བུ་མོ།
སྒྱུ་མའི་འཇིག་རྟེན་ཁྲ་ཁྲ་ཟིང་ཟིང་རེད།།
བལྟས་ན་མཛེས་ཀྱང་བསྔོགས་ན་མི་མཛེས་ཤིང་།།
ཡུན་གྱིས་གཞིགས་ན་སྙིང་ལ་གཡོ་འགུལ་གཏོང་།།
དེ་ནི་དུས་རབས་གསར་བའི་འཇིག་རྟེན་ཡིན།།
དང་པོ་ཐུག་དུས་མནའ་ཚིག་གན་རྒྱ་བཞག།
བར་དུ་བྱིས་པ་ངུ་ངག་ཀློང་དུ་དོར།།
རང་རང་ས་ན་སྟ་གོན་གསར་བ་རེ།།
ཤར་ནུབ་ཀུན་ན་དར་བའི་ལུགས་ངན་ཞིག།
ཨ་ཕའི་བྱམས་བརྩེ་མིག་ལོག་ཁ་རྡུང་ཡིན།།
ཨ་མའི་བརྩེ་བའང་ནམ་མཁའི་དབྱིངས་ལ་སྤུར།།
སྔ་དྲོའི་ཤིང་མཁན་གོང་མོའི་ཆུ་ལེན་སྟེ།།
མ་གཡར་བུ་མོའི་སེམས་པ་འཁྱག་པས་བསྡམ།།
ཁྱིམ་མཚེས་ན་ཟླ་མིག་ཆུའི་གྲོགས་སུ་འགུག།
མ་མཐོང་ས་ནས་ངུ་སྐད་ཤུགས་ཀྱིས་འདོན།།
ལུས་ལ་གྱོན་པ་ཧྲལ་པོ་སྟོད་སྨད་གཡོགས།།
མ་གཡར་བུ་མོའི་ལས་དབང་སྙིང་ལ་གཟན།།
ཕ་མ་ཕྲུ་གུར་བརྩེ་བའི་སྣང་བརྙན་དེ།།
མ་གཡར་བུ་མོའི་སེམས་ལ་མི་མཛའ་ཞིང་།།
སྟོད་ལ་འཚང་པའི་མི་མངོན་ན་ཟུག་ཅིག།
མིག་མཐའ་མཆི་མས་བརླན་པའི་གཞི་མར་གྱུར།།
བྱམས་ལྡན་ཨ་མ་བྲལ་བའི་ལས་དབང་གིས།།
ཨ་ཕའི་བརྩེ་བ་ཉེ་རིང་དབྱིངས་ལ་ལྡིང་།།
ངལ་རྩོལ་ཡོད་ཚད་ཕྲག་པར་སྤུངས་ནས་འཇོག།
མཐོང་ན་སྐྱོ་བ་མ་གཡར་བུ་མོ་ཡིན།།
ཡར་ལ་བལྟས་ན་བར་སྣང་སྟོང་པ་དང་།།
མར་ལ་བལྟས་དུས་ས་གཞི་སྐྱ་བོ་ལས།།
ང་ལ་དབང་པ་གང་ཡང་མི་འདུག་ཅེས།།
མཚམས་རེར་མ་གཡར་བུ་མོས་སྨྲེ་ངག་འདོན།།
འཆི་བྲལ་གསོན་བྲལ་གཉིས་ཀའི་སོ་མཚམས་ན།།
ས་གཞི་འདི་ན་མ་གཡར་བུ་ཕྲུག་མང་།།
ལས་འབྲས་དགེ་སྡིག་རྣམ་བཞག་ཇི་ལྟར་ཡང་།།
འཇིག་རྟེན་ཡ་རབས་ལུགས་དང་འགལ་བར་སོམས།།
དམངས་རྣམས་འདུ་འཛོམས་དགའ་སྤྲོས་བྲོ་འཁྲབ་ཀྱང་།།
མ་གཡར་བུ་མོ་ཕྱུགས་རྫིར་རི་ཁྲོད་ཉུལ།།
རི་བོའི་རྩེ་ནས་ཆིག་ལབ་ཁྲི་མ་འབུམ།།
སྐྱོ་གདུང་ཀློང་ནས་ནམ་མཁའི་ལྷ་ལ་བཅོལ།།
ཕ་འཛོམས་མ་འཛོམས་ཅན་གྱི་བུ་ཕྲུག་ཚོ།།
ལུས་ལ་རྒྱན་སྤྲས་བཞིན་ལ་མདངས་དང་ལྡན།།
མ་གཡར་བུ་མོ་མི་ཚོགས་ཟུར་དེ་ན།།
དྲན་གདུང་དབྱིངས་ན་སེམས་ཀྱི་གཤོག་སྒྲོ་ལྡིང་།།
ཕ་མ་གཉིས་འཛོམས་མེད་པའི་བུ་ཕྲུག་མང་པོ་གཞན་འོག་ན་དཀའ་སྡུག་གིས་འཚོ་བའི་སྣང་བརྙན་ཡིད་ལ་འཁོར་ནས་པདྨ་དགོས་འབྱོར་གྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འདབས་སུ་/2016/05/10/ ཉིན་བྲིས།
ཕ་ཡུལ།
ཕུ་ཡི་གངས་རི་དཀར་པོ།།
ཕ་མ་ཡིན་ན་དགའ་བ།།
འགྱུར་མེད་ལྷམ་མེར་བཞུགས་དུས།།
བྱམས་བརྩེའི་བདེ་སྐྱིད་མྱོང་འདོད།།
བར་གྱི་བྲག་རི་དམར་པོ།།
གཉེན་ཉེ་ཡིན་ན་དགའ་བ།།
གཅིག་མགོ་གཅིག་ལས་མཐོ་དུས།།
ང་ཡིས་རེ་སྤོབས་རྟས་ཆོག།
མཛེས་སྡུག་ཁྲ་ཆིལ་སྤང་ལྗོངས།།
མཛའ་གྲོགས་ཡིན་ན་བཟང་གི།
སེམས་ཆུང་ཉོབ་སྣང་མེད་པར།།
རྩེད་དགའི་དུས་ཚོད་འདའ་འོས།།
མདའ་ཡི་གཙང་ཆབ་སྔོན་མོ།།
མི་ཚེ་ཡིན་ན་སྐྱིད་པ།།
ངལ་མེད་དལ་གྱིས་རྒྱུ་ནས།།
རྒྱ་མཚོའི་ཀློང་ལ་ཆས་འགྲོ།།
30/03/2016
ཐུགས་བསམ་བཞེས་རོགས།
གནའ་བོའི་རིག་གཞུང་ཁོ་ན་གཙིགས་ཆེ་རུ་མ་འཛིན།།
དེང་རབས་རིག་གསར་ཁོ་ནའི་རྗེས་འབྲང་ཡང་མ་གནང་།།
གནའ་དེང་ཟུང་དུ་སྦྲེལ་ན་བདེ་སྐྱིད་ཀྱི་གཞི་མ།།
དཔྱོད་ལྡན་སྐྱེས་བུ་དག་གི་སྙིང་དབུས་སུ་འཆང་དགོས།།
ཕན་དང་མི་ཕན་ལམ་ལུགས་ཡོད་ཚད་དག་མི་དགོས།།
མ་ཡིན་ཡིན་འདོག་བྱེད་པའི་སྣང་བ་ཡང་མི་བརྗིད།།
ངོ་ཚ་ཁྲེལ་བག་ཀྲད་པ་རྙིང་ཧྲུལ་བཞིན་དོར་ནས།།
མདོར་ན་མཐའ་གཉིས་སྤངས་པའི་དབུ་མ་ལ་ཆས་དགོས།།
ཡུལ་མི་ཕན་ཚུན་དགའ་སྐྱོ་རོགས་འདེགས་ཀྱི་སྲོལ་བཟང་།།
མཛའ་བརྩེའི་འདུ་ཤེས་མ་སྨད་གཞུང་ལམ་གྱི་ངོས་སུ།།
ཆབ་དཔལ་རིག་གསུམ་རྨོངས་མུན་སེལ་འདོག་གིས་ངང་ནས།།
ཤེས་བཞིན་ཡལ་བར་དོར་ལ་ངོ་ཚ་ཞིག་དགོས་སོ།།
ཤེས་རིག་ཕ་མཐའ་ཡངས་པོ་སྔ་ས་ནས་བརྒལ་ཡང་།།
མི་མཁོའི་གཉིས་གནོད་སྦྱོར་བ་སྣ་ཚོགས་ཤིག་བརྩམས་ན།།
ཁྱེད་ཀྱིས་རིག་གནས་སྦྱངས་པའི་དགོས་དོན་དང་འགལ་པས།།
དཔྱོད་ལྡན་སྐྱེས་བུ་དག་གིས་འཛེམ་གཟོན་རེ་གནོངས་ཤིག །
གཞན་ལ་མིག་དཔེ་ལྟ་བའི་འདུ་ཤེས་ཤིག་མེད་ན།།
རང་གི་སྐྱོན་ཡོན་ཇི་ཡོད་འབྱེད་ཐབས་དེ་དཀའ་བས།།
དེ་ཕྱིར་ལེགས་པར་འདོད་པའི་སྐྱེས་བུ་ཡི་ཚོགས་རྣམས།།
བསམ་པའི་སྒོ་མོ་ཅིས་ཀྱང་ཡངས་པ་དེ་གལ་ཆེ།།
གཞན་མགོ་སྐོར་ཐབས་ཁོ་ནའི་རྐང་ལམ་ལ་ཆས་ནས།།
འཆི་དུས་འགྱོད་པས་གདུངས་པ་བླུན་པོ་ཡི་ངང་ཚུལ།།
ཡ་རབས་གཤིས་དྲང་གཞན་ཕན་གཞུང་ལམ་དེར་སྐྱོད་དང་།།
ཚེ་གཅིག་མི་ལུས་ཐོབ་པའི་གཟི་བརྗིད་དུ་བརྩི་ཆོག །
རིག་གནས་སྦྱངས་ཞེས་ཕྱག་ཁྱེར་གཅིག་རྫིག་དང་གཉིས་རྫིག །
རིག་གནས་མཁས་ཞེས་གཞན་ལ་འཕྱ་སྨོད་ཀྱི་ཟུར་ས།།
རིག་གནས་ཡོད་ཅེས་ང་རྒྱལ་སྤོབས་པ་དང་ངར་ཁ།།
མདོར་ན་དོན་དམ་རིག་གནས་ཁྱེད་ཉིད་ལ་ལྡན་ནམ།།
དམན་ས་བཟུང་ལས་བདེ་སྐྱིད་ལྷག་པ་ཞིག་མེད་ལ།།
ཉམ་ཆུང་ཚུགས་ལས་རྐང་ལམ་བདེ་བ་ཞིག་མེད་པས།།
སྨྲ་བ་ཉུང་ཞིང་རྟག་ཏུ་དོན་ཆེན་ལ་བརྩོན་པའི།།
འཇིག་རྟེན་ཡ་རབས་སྐྱེས་བུས་སྙིང་དབུས་སུ་འཆང་རོགས།།
ཁ་ཞེ་གཉིས་མིན་བཟང་པོའི་གཤིས་གོམས་ཤིག་ལྡན་ཚེ།།
གོམ་པ་གར་སྤོས་ས་ལ་སྣུམ་ཞག་གིས་འཁྱིལ་འོང་།།
མདོར་ན་འབུ་སྲིན་ཚུན་ནས་ལེགས་པ་ཞིག་འདོད་པས།།
དཔྱོད་ལྡན་མི་བུ་དག་གིས་ཐུགས་བསམ་རེ་བཞེས་དང་།།
༡༧/༡༢/༢༠༡༣/
འཁྲེང་སེམས།
སྟོད་གངས་དཀར་ཏི་སེ་བརྗིད་ཆེ་ཡང་།།
ས་མི་ཡུལ་འདི་ན་སྙན་པ་ཙམ།།
ཡིད་ཁྱེད་ལ་འཁྲེང་བཞིན་བསྒུགས་མོད་ཀྱང་།།
གནམ་སྔོན་མོའི་འོག་ནས་ཁ་ཐག་རིང་།།
གནས་ཤེལ་རི་འབྲུག་སྒྲ་གྲགས་ཆེ་ཡང་།།
ལྷོ་རྒྱ་མཚོའི་མཐིལ་ན་མཐོང་དུས་མེད།།
ང་ཁྱེད་ལ་དགའ་ཞིང་དུངས་ན་ཡང་།།
སེམས་ལུས་ཀྱིས་མ་འཁྱོགས་ངལ་དུབ་ཆེ།།
དྲིན་ཨ་མའི་ཞལ་རས་མཇལ་འདོད་ཀྱང་།།
ས་ལེ་དབར་སྟོང་གིས་བར་ཆོད་ནས།།
སྙིང་བརྩེ་བའི་ཕུ་ནུ་གཉེན་ཉེ་སོགས།།
གནས་མི་ཡུལ་འདི་ནས་དྲན་གདུང་བརྩེགས།།
གངས་དཀར་རྫོང་མཐོན་པོའི་ཉེ་འདབས་སུ།།
ངའི་ཆུང་འདྲིས་བྱམས་པ་ལུས་ནས་ཡོད།།
དྲིན་ཟླ་མེད་ཕ་རྒན་གཤེགས་ཤུལ་དེར།།
ཁོང་གསོན་བྲལ་གྱུར་བས་སྐྱོ་བ་ཨང་།།
ཁོད་སྙོམ་པའི་སྤང་ལྗོངས་སྔོན་པོའི་སྟེང་།།
ནོར་གནག་ལུག་རྗེས་སུ་ཕྱུགས་རྫིར་བརྒྱུགས།།
ཚོན་སྣ་ལྔའི་མེ་ཏོག་ཕྲེང་བ་དག །
ལུས་རྩེད་འཇོས་སྐེ་ལ་གོན་པ་དྲན།།
ཁོང་ཆུང་འདྲིས་སྙིང་ལ་དྲན་ཐེངས་རེར།།
སྤང་བདེ་མོ་མིག་ལམ་མངོན་འཆར་ཞིང་།།
ནོར་གནག་ལུག་ངུར་སྒྲའང་རྣ་བར་ཐོས།།
དྲིན་ཆེ་བའི་ཕ་རྒན་དེ་བས་དྲན།།
1/2/2012