རྒྱ་སེ། (ཞར་བཀོད་གཉིས།)

238

 

རྩོམ་པ་པོ།  དཔལ་སེང་།

                རྒྱ་སེ།

 

ཚོགས་དྲུག་རྣམ་ཤེས་གང་དགར་འཕྱོ་འཆར་རླུང་ཆུ་བོ་གང་ནས་བརྡོལ།།

ལས་མཐུན་ཁྲ་ཆུང་རྐེད་ཕྲ་ཨང་ང་ཡི་རྣམ་ཤེས་འཇོག་པར་ཞུ།།

ཚེ་རབས་ལས་ཀྱི་རླུང་བུ་ནི་བར་དང་གསང་ལམ་ཀུན་ནས་གཡོས།།

རྒྱ་སེ། བདག་གི་རྒྱ་སེ་ལགས། མ་དངངས་མ་ཞེད་གསོལ་བ་ཞུ།།

སྲབ་མདའ་མེད་པའི་དུས་ཚོད་ཀྱང་གཙང་བོ་བཞིན་དུ་ཤང་ཤང་བཞུར།།

ཁྱོད་ཀྱི་བྱད་དང་ལང་ཚོའི་ཆ་སྔར་བཞིན་ཕྱི་ནང་མེད་པར་མཛེས།།

སྡུག་གི་ཚེར་མ་རབ་རྣོ་བས་སུ་ལ་ཉེ་རིང་མེད་པར་གཙེ།།

རྒྱ་སེ། བདག་གི་རྒྱ་སེ་ལགས། སྐྱོ་བའི་རྒྱབ་གཟུགས་མ་བསྐྱུར་ཞུ།།

མི་ལོ་ཉི་ཤུའི་བཤུལ་ཁ་ནས་དགའ་སྡུག་གྲང་ངར་གང་ཡང་མྱངས།།

ཁྱོད་ཀྱིས་བྱས་པའི་རོལ་རྩེད་ཀྱིས་བདག་རང་གཏན་དུ་བཏང་མ་བྱུང་།།

ཁྱོད་ཀྱི་ཟོལ་མེད་འཇིག་རྟེན་ནས་ང་ཡིས་དུད་ཆང་ཡིད་ཚིམ་སྤྱད།།

རྒྱ་སེ། བདག་གི་རྒྱ་སེ་ལགས། ལས་ཀྱི་མེ་ལ་མ་རྩེ་ཞུ།།

                                     2016.3.19                             

རིག་འཛིན་ཚངས་དབྱངས་རྒྱ་མཚོ།

 

འཕྱོངས་རྒྱས་རྨི་ལམ་སྒུལ་བའི་རས་པ།།

འཇིག་རྟེན་སྣང་བའི་གཞས་ཆུང་མགུར་མཁན།།

ལྷ་སའི་ཞོར་གྱི་འཆལ་བོ་དང་བཟང་།།

མི་ཡི་དྭངས་གསལ་གཉུག་མའི་ཟླ་བ།།

སྙིང་རྗེའི་དབང་གིས་དཀར་པོ་ཡིན་ལ།།

ཆགས་པའི་དབང་གིས་དམར་པོ་ཡང་ཡིན།།

མི་ཚེ་ཆང་གིས་བཞུར་བའི་འཆལ་བོའི།།

རྣལ་མའི་སེམས་ཀྱི་དགའ་སྡུག་ཆུ་བོ།།

ཡུལ་བསྐལ་བུ་མོར་བཏབ་པའི་སྙན་ངག།

འཕྱོངས་རྒྱས་ནམ་མཁའ་བཀྲུ་བའི་མིག་ཆུ།།

ཆོས་པས་དཔྱད་ན་སྟོང་ཉིད་ཡིན་ལ།།

འདོད་པས་སྨྱོས་བའི་ཆགས་གཏམ་ཡང་ཡིན།།

གཞུང་བཟང་བྱམས་པ་ཧ་ལོའི་རྒྱབ་གཟུགས།།

ཆུ་དང་རླབས་ཀྱིས་རྒྱང་ལ་བཞུད་སོང་།།

སེམས་པ་མེད་ཀྱང་གྲུ་ཤན་རྟ་མགོས།།

ཕྱི་མིག་ཡོན་པོར་སུ་ལ་འཁོར་དུས།།

ཡིད་ཀྱི་བྱིའུ་ཁྱུ་གློ་བུར་དཀྲོགས་ན།།

གནའ་འདྲིས་གསེར་ཐག་གང་ལ་མདུད་ཡོད།།

                                   2016/5/14ཉིན།                             

     འདྲོག་སློང་བའི་མཚན་མོ།

 

ཉི་མའི་ཚེ་སྲོག་བདེ་བར་གཟིམ་ལ་ཉེ།།

བྱ་ཚོགས་གོ་རིམ་བསྟར་ཏེ་ཚང་མལ་སྙེག།

ཅ་ཀ་རེ་གཉིས་མགོ་འཁོར་བྱུང་འདྲ་སྟེ།།

བབ་ཅོར་རྒྱག་པའི་སྐད་ནི་འཇེགས་མེད་འདར།།

འཁར་བ་དྲུད་པའི་མི་རྣམས་རང་རང་ནས།།

མ་ཎི་འདོན་པའི་སྒྲ་ནི་འུ་རུ་རུ།།

                       2016.3.1

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།