རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་གསར་བྲིས་བཅད་རྩོམ་བཞི།

302

14971346_1218605518196946_928910128_n.jpg

        གཅིག་བུ་བར་སྤྲིངས་པའི་འཕྲིན།

 

ཀ་ཀ་ལ་སོགས་བྱ་རྣམས་ཀྱིས་ནི་རྟག་ཏུ་འཕྲིན་བསྐྱལ་བའི།།

ཁ་ཐག་གིས་ཆོད་རི་ལ་ཀུན་རྟོག་རྣམ་པར་འཕྲོ་བའི་ངང་།།

ག་ལེར་རྨི་ལམ་བཏང་འདྲའི་ཚོར་བའི་ལམ་ལ་རབ་ཞུགས་པ།།

ང་ཅག་སྲེད་པས་དམ་བཅིངས་སྐྱེ་བོ་དེ་ཀའི་ཆོས་ཉིད་དོ།།

ཅ་ཅོས་ཟོས་པའི་འདུ་འཛིར་ཡོལ་བའི་དྲང་སྲོང་ཆེན་པོ་ཁྱེད།།

ཆ་ཤས་རྫོགས་པའི་ཡོན་ཏན་གྱིས་བརྒྱན་བདག་གི་སེམས་སུ་གཡོ།།

ཇ་ཆང་གིས་མཆོད་དཀོན་མཆོག་དེས་ཀྱང་རྟག་ཏུ་ཁྱེད་ཉིད་ལ།།

ཉ་གང་ཟླ་བ་དང་མཚུངས་བྱིན་རླབས་དྲི་མ་མེད་པ་སྩོལད།།

ཏ་ཐཱ་ག་དའི་གསུང་གིས་བཏུལ་བའི་ཆོས་ཀྱི་དགོན་པ་བ།།

ཐ་སྙད་སྒྱུ་མར་བཟུང་བའི་སྒོམ་ལ་རྟག་ཏུ་གཞོལ་དེར་ཡང་།།

ད་ལྟར་གེགས་དང་རྐྱེན་གྱི་ཉེ་བར་ཚེ་ལ་སེམས་དུབ་ཀྱང་།།

ན་དང་འཆི་བའི་སྒྲིབ་པ་ལས་གྲོལ་འདུ་བ་སྙོམས་ལ་བརྩོནད།།

པ་ཝ་སངས་ལྟར་རབ་རྒྱས་པའི།།

ཕ་རོལ་འགྲན་ཟླ་དང་བྲལ་བའི།།

བ་གླང་ཁྱུ་རུ་གླང་བོ་བཞིན།།

མ་བཅོས་པ་ཡི་དཔལ་ཁྱེད་མངའ།།

ཙ་བོ་(1)སོགས་དང་བྱེས་གྱུར་ཅིང་།།

ཚ་བས་གདུང་བ་ཀུན་བཟོད་པའི།།

ཛ་ཡའི་རྗེས་སུ་ཞུགས་པ་གང་།།

ཝ་ལྟར་མ་ཡིན་སེང་གེ་འདྲ།།

ཞ་ཀྱོག་མ་ཡིན་སྒྱུ་མའི་ལང་ཚོ་པདྨའི་རྩ་བར་འཁྲུལ་བ་འཛིན།།

ཟ་བྱེད་མུ་ཏིག་ཕྲེང་བར་བསྟར་འདིས་འཛུམ་པའི་མདངས་ལ་རི་མོ་བྱིན།།

འ་ཅག་མིག་གི་བསོད་ནམས་བསགས་ལས་ཁྱེད་ནི་དཔྱིད་ཀྱི་ཕུན་ཚོགས་དག།

ཡ་མཚན་མེས་པོའི་བློ་ཡི་གཡོ་བ་གཅིག་ཏུ་བཏང་ནས་ཕྱུང་བ་བཞིན།།

ར་བས་མ་བཟུང་དབེན་པའི་ནགས།།

ལ་གཅན་པ་(2)དག་བྲལ་བའི་གཞིར།།

ཤ་ནི་བས་ཀྱང་གདོང་གི་འཛུམ།།

ས་ལེར་སྟོན་དེ་དམ་པའི་ཆོས།།

ཧ་རིའི་ཙན་དན་བརྡར་བ་ལྟར།།

ཨ་ལ་རྨད་བྱུང་རྣམ་པར་ཐར།།

གནས་མེད་པ་ཁྱེད་ཡིད་ཀྱི་ངོར།།

རྟག་པར་འཆར་བས་འབྲི་ལ་རངས།།

                   མཆན། (1)ཙ་བོ། ཚ་བོའི་དོན། བརྡ་རྙིང་།
(2)ལ་གཅན་པ། ལའི་ཤོ་གམ་པ་སྟེ་ལའི་ཁྲལ་སྡུད་མཁན། ལྐོག་ཏུ་རི་དྭགས་བརྔོན་པར་ལ་གཅན་པས་བཟུང་ལྟ་བུ།

 

     ཤིང་དྲུང་བར་སྤྲིངས་པ།

 

སྡོང་ལོ་དེ་ཡང་དེ་བཞིན་ཉིད་གྱུར་བ།།

དེ་བཞིན་ཁོ་བོའི་ཚེ་འང་ཟད་གྱུར་ཀྱང་།།

ཡིད་ལ་རེ་བའི་སྣང་བ་མ་སྙིགས་པ།།

གང་ཡིན་དེ་ནི་སོ་སོའི་སྐྱེ་བོ་ཉིད།།

འགགས་པ་མ་ལགས་རྒྱུ་བ་མ་ལགས་པའི།།

བཏང་སྙོམས་དཀྱིལ་ཀྲུང་ལ་བསྡད་གཅིག་བུ་བ།།

ཀྱ་ཀྱུའི་འགྲོས་ལྡན་ལོ་ཟླའི་ལམ་ཞུགས་ནས།།

ཁྱེད་མཐོང་ཚེ་ན་ཕྱིར་ཕྱིར་ལྡོག་པ་ཉིད།།

གང་ཕྱིར་དམིགས་པའི་ཆོས་རྣམས་ཆེར་བསྐྱེད་དེ།།

གང་ཉིད་བདེ་སླད་བཟླས་བརྗོད་དུ་བརྩོན་པའི།།

གང་དག་དགོན་པ་བ་དེའི་ཡིད་ཀྱི་ཡུལ།།

གང་ལ་ཕྱོགས་པའི་བསོད་ནམས་རྫོགས་གྱུར་ཅིག།

འཇམ་པའི་གཡེར་ཁའི་སྒྲ་ཡིས་འགྲོ་བ་དག་གི་རྣ་བར་བདེ་སྟེར་ཞིང་།།

རྨི་ལམ་དུ་འང་འདུ་འཛིས་རབ་ཞི་ཞི་བའི་བདེ་བ་མྱོང་གྱུར་བས།།

ཚེ་རབས་ཀུན་ཏུ་སྲེད་པའི་སྡུག་བསྔལ་ཀུན་བཅོམ་རྟག་པར་བས་མཐའ་རུ།།

 དྲང་སྲོང་རྣམ་པར་ཐར་བའི་བརྟུལ་ཞུགས་ངལ་བ་མེད་པར་འཛིན་ནུས་ཤོག།

རི་བོ་དེ་འང་མཛེས་པ་ལ།།

སྨུག་པ་དེ་འང་མཛེས་པ་ཉིད།།

སྒོམ་ཁང་དེ་འང་མཛེས་པ་ལ།།

སྒེའུ་ཁུང་དེ་འང་མཛེས་པ་འོ།།

 

    དགོན་པ་བར་སྤྲིངས་པ།

 

ནགས་ཀྱི་ལྗོན་པ་ལ་གནས་པའི།།

གནས་མེད་ཤིང་དྲུང་གཅིག་བུ་བ།།

གང་དེའི་བྱིན་རླབས་རྔ་གཡབ་དཀར།།

ཡོངས་སུ་འཛིན་པའི་ཆོ་ག་ལ།།

རབ་ཏུ་གནས་པའི་ཧ་རི་ཎ།།

པདྨའི་རྩ་བ་ལས་འཁྲུངས་ཤིང་།།

ཟླ་བའི་འོད་ལ་འཐུང་བ་ཡི།།

དྲན་པ་འགུགས་པའི་རིག་བསྔགས་མཁན།།

ལས་ཀྱི་རི་ཟོམ་མཛེས་བྱེད་པ།།

གང་དུ་རྒྱུ་བ་དེ་གར་ཡང་།།

ག་བུར་དྲི་བསུང་གིས་བྱུགས་པའི།།

ས་ཡི་རྡུལ་ཡང་ཞིམ་པ་སྟེ།།

མེས་པོའི་བློ་འང་བསླུ་བ་དེས།།

རྟག་ཏུ་བསླུས་སོ་དྲན་ཤེས་ཀྱི།།

ཐག་པའི་སྲོག་ཀྱང་བཅད་བྱས་ནས།།

ནང་གི་རི་མོ་མ་ལུས་པ།།

གདོང་ལ་འབྲི་བའི་ཚངས་པ་ཆེ།།

ཁྱེད་ནི་འཇུག་པ་བཅུ་བ་ཡིས།།

འཕྲུལ་གྱིས་མ་ཟིན་རི་དྭགས་མོ།།

འཇའ་ཚོན་ལྟ་བུའི་གཟུགས་ཀྱིས་ནི།།

ཐུབ་རྣམས་ཏིང་འཛིན་ལས་དཀྲོགས་པའི།།

སྒྱུ་མའི་ནགས་ཀྱི་གར་མཁན་དེ།།

མུ་ཏིག་འབུམ་ཕྲག་འཛུམ་པ་བཞིན།།

སྒེག་པའི་ཉམས་ཀྱི་སྲིད་པ་གསུམ།།

སྐད་ཅིག་ཉིད་ལ་འདར་བྱེད་པའི།།

བསོད་ནམས་པིར་གྱི་རྩེ་མོ་རུ།།

མ་རྙིང་པ་ཡི་ཨུཏྤལ་གཡོ།།

ཀྱེ་མ་མཚམས་སྤྲིན་གྱིས་མཛེས་པའི།།

སྤྲུལ་བའི་ལུས་ལ་འཇིག་རྟེན་གྱི།།

འདོད་པའི་ཡོན་ཏན་ཀུན་རྫོགས་པ།།

ཆུ་ལ་གཡོ་བའི་ཟླ་བ་བཞིན།།

སྒྲིབ་གཉིས་འདུ་བྱེད་ཀྱིས་སྟོངས་པའི།།

རང་བྱུང་སེམས་ཀྱི་འོད་ཟེར་དེ།།

འདི་ན་མ་ཆགས་ཐོག་མེད་དུ།།

རྒྱུ་བའི་རླུང་བུ་སྔོན་པོ་ཞིག།

 

       སྣང་ཚུལ།

 

ཞོགས་པའི་ཉི་ཟེར་འཐུང་བའི་ཞལ།།

སྦྲང་རྩིས་མངར་བའི་རོ་ལྡན་པ།།

སྐྱེ་རྒུའི་མིག་གི་མཚོ་ནང་དུ།།

ཁྱོད་གདོང་ཟླ་བ་རྣམ་པར་གཡོ།།

སྲེད་ལ་བརྐམ་པའི་རྐང་བ་དྲུག།

འཕུར་བའི་ལམ་ལ་འཐབ་པ་ཡི།།

རླུང་བུ་དེ་འང་སྒྱུ་མ་མཁན།།

ལུས་ཀྱི་སྤུ་དག་འཇོམས་པར་བྱེད།།

པདྨའི་རྩ་བ་ལྟར་དཀར་པའི།།

སྨིན་པའི་འཁྲི་ཤིང་ལོ་འདབ་དག།

ཟིལ་བའི་ཁ་ཆུས་དུད་པ་ལ།།

ཇི་ལྟ་ཇི་ལྟར་མཐོང་འདོད་ཀྱི།།

རལ་བ་ལྷོད་པའི་སྐྱེ་བུ་དེ།།

རྒྱུ་འོ་ཁྱེད་ཀྱི་གཙང་འགྲམ་དེར།།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།