གཅན་ཆེད་འབར་གྱི་སྙན་ངག་ཚན་པ་གཉིས།

147

IMG_0729.JPG

      རྗེས་སུ་ལུས་པ།               

 

སྟོན་མཇུག་དང་དགུན་ཐོག་མའི་གོམ་སྟབས

སྐྱི་པགས་ཀྱི་ངོགས་སུ་སེམས་ཆུང་གིས་འདུར་གྱིན་འདུག

ངས   ལམ་བུ་འདིའི་མཐའ་མེད་པའི་སྣེ་མོ

རབ་རིབ་ངང་མཐོང་ཡོང

འོན་ཀྱང   ཁྱོད་ཁོ་ན་ཅིའི་ཕྱིར་འཇོ་སྒེག་གིས་ཕྱུག་དགོས་སམ

དུས་ཚིགས་ཀྱི་རྒྱབ་ལོགས་སུ་གཡོ་ཞིང་ལྡེམ་སྟེ

ངའི་ཉིན་རྒྱུན་གྱི་འཚོ་བ་ལ་བསླུ་བྲིད་བྱ་སྙམ་མམ

ངས་ཁྱོད་ལ་རེ་ཞུ་བྱེད་དེ

ཁོ་ཚོ་དང་འདྲ་བར་ཁྱོད་ཀྱིས་ཀྱང

རྣམ་པ་བརྗེ་སྒྱུར་ཅིག་བྱོས་དང

ང་རང   དཔྱིད་ཀའི་རྗེས་སུ་ལུས་ཏེ

འཁྱག་སིབ་སིབ་ཀྱི་རྒྱབ་གཟུགས་དག་ལ་རོལ་མྱོང་བྱེད་པར་སྐྲག་ཅིང

ཁེར་ཧྲེང་གི་སྟོང་བ་དག་ལ་ལག་སྙོབ་བགྱིད་པར་ཞེད

མཁའ་དབུགས་གཙུབ་བརྡར་གྱི་སྒྲ་དབྱངས་དག་ལ་ཉན་རྣ་བགྱིད་པར་ཞུམ

དེ་བས་ཀྱང་ང་རང     ཁོ་ཚོས་བསྐྱུར་བའི་དུས་ཚོད་ཀྱི་ཆག་གྲུམ་དག་སྒྲུག་པར་ཇི་འདྲའི་སྐྲག

ཁྱོད་ཀྱིས   གོམ་ཞེང་ཆེ་རུ་སྤོས་དང

ཁྱོད་ཁོ་ན    ཅིའི་ཕྱིར་ལྷོད་ཤིག་ཤིག་གིས་སྐྱོད་དགོས་སམ

ང་རང་ཡིད་དུ་འོང་བའི་དུས་སྐབས་ཀྱི་རྗེས་སུ་ལུས་པར་དངངས་ཏེ

འདས་པའི་ལོ་ཟླ་རིང་མོའི་ཀློང་དུ

ང་རང་བརྩེ་དུང་གི་རྗེས་སུ་ལུས་ཤིང

མཛའ་བརྩེ་དང་བདེ་སྐྱིད་ཀྱི་རྗེས་སུ་ལུས

དུས་ཆད་དང་ལུག་འཇུའི་རྗེས་སུ་ལུས།

ཁྲོམ་ཉུལ་ཐེངས་ཤིག་གི་རྗེས་སུ་ལུས

གོང་དཀྲིས་ཐེངས་ཤིག་འདོགས་པའི་རྗེས་སུ་ལུས

གློག་བརྙན་ཐེངས་ཤིག་གི་རྗེས་སུ་ལུས

ཁ་བ་ཐེངས་ཤིག་གི་རྗེས་སུ་ལུས

ཆར་བ་ཐེངས་ཤིག་གི་རྗེས་སུ་ལུས

མེ་ཏོག་ཐེངས་ཤིག་བཞད་པའི་རྗེས་སུ་ལུས

དེ་བས་ཀྱང་འགྲུལ་བཞུད་རིང་མོ་ཞིག་གི་རྗེས་སུ་ལུས་སོང་ཨང

དེ་བས   ངས་ཁྱོད་ལ་སྙན་གསེང་ཞུ་བར་བྱ་སྟེ

ཁྱོད་ཀྱིས   རང་གི་ཁྱད་ཆོས་དག་ཡལ་བར་དོར་དང

རང་གི་བསམ་བློ་དག་རིང་དུ་སྤྱུགས་ཤིག

ང་རང     རྨོ་འདེབས་ཀྱི་ནམ་ཟླ་ལས་བཟུར་ཏེ

ལོ་ལེགས་ཀྱི་རྗེས་སུ་ལུས་པར་སྐྲག

ཁྱོད་ཀྱིས་གསེར་མདོག་གི་དྲི་ངད་ལ་ཞིབ་ཀྱིས་ཉོན་དང

ངའི་འབྲུ་མཛོད་དབུགས་ཀྱིས་བཀའ་ཞིང

ངའི་གྲོ་ཞིང་རྩྭ་ལྡུམ་གྱིས་ཁེངས་པས

ང་རང  ཁྱོད་ཀྱི་སྒྱུ་མའི་གཟུགས་བརྙན་་གྱི་དབང་གིས

སླར་ཡང་དཔྱིད་ཀ་དང་མཇལ་བའི་ལས་འཕྲོ་ཤོར་བར་སྐྲག་སྟེ

འདས་པའི་ལོ་ཟླ་རིང་མོའི་ཀློང་དུ

ང་རང་འཛུམ་མདངས་ཀྱི་རྗེས་སུ་ལུས་ཤིང

ཉི་མ་དང་ཟླ་བའི་རྗེས་སུ་ལུས

ང་རང་ཕ་ཡུལ་གྱི་རྗེས་སུ་ལུས་ཤིང

སྲང་ལམ་དང་རྩེད་འཇོའི་རྗེས་སུ་ལུས

ང་རང་ཁང་ཁྱིམ་གྱི་རྗེས་སུ་ལུས་ཤིང

ར་ཁང་དང་ཕག་ཁང་གི་རྗེས་སུ་ལུས

ང་རང་སྒོ་གཏན་པའི་ཙིར་སྒྲའི་རྗེས་སུ་ལུས་ཤིང

ནུབ་ཚ་དང་ཚ་ཐབ་ཀྱི་རྗེས་སུ་ལུས

ཐ་ན་ང་ནི་རང་ཉིད་ཀྱི་རྗེས་སུ་ལུས་པར་གྱུར

ཁྱོད་ཀྱིས   ཅིའི་ཕྱིར

དུས་ཚིགས་བརྗེ་སྤོར་གྱི་མཛད་སྒོ་དེ་མ་མཐོང་བ་ཡིན

ང་རང   ངེས་པར་དུ་དུས་ཚིགས་དང་ལྷན་དུ་བསྡོངས་ཏེ

འགལ་རྐྱེན་དང་རྙོག་དྲ་སྣ་ཚོགས་ལས་བརྒལ་ཏེ

སྤྱི་སྤྱོད་རླངས་འཁོར༢༩པའི་རྗེས་སུ་ཆོད་དགོས་ཤིང

ལམ་ཐིག་གཉིས་པའི་ས་འོག་ལྕགས་ལམ་གྱི་རྗེས་སུ་ཆོད་དགོས་ལ

དོང་ཙེ་ལྕགས་སྒམ་དུ་བླུགས་པའི་སྒྲ་ཡི་རྗེས་སུ་ཆོད་དགོས་ཤིང

དགའ་སྤྲོའི་འདུ་འཛོམས་ཐེངས་ཤིག་གི་རྗེས་སུ་ཆོད་དགོས་པས

ཁྱོད་ཀྱིས   རང་ཉིད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ

དཔྱིད་ཀར་བཞུད་ཀྱིན་པའི་དུས་ཚོད་ཀྱི་རྗེས་ཟིན་པར་གྱིས་ཤིག

ང་རང    སླར་ཡང་དཔྱིད་ཀའི་མཛད་སྒོའི་རྗེས་སུ་ཐེངས་གཅིག་ལུས་པར་སྐྲག་ཅིང

སླར་ཡང་འཆི་བའི་རྗེས་སུ་ཐེངས་གཅིག་ལུས་པར་སྐྲག་སྟེ

ཇ་ཕོར་གྱི་ནང་དུ་དྭངས་གཙང་གི་ཆུ་བླུགས་འདུག་མོད

འཐུང་བར་བརྩམས་པ་ན་ཚག་ཐལ་ཡང་ཇ་ཕོར་གྱི་ནང་དུ་སྤྲུགས་འདུག    

                                                               ༢༠༡༦ལོའི་ཟླ་༡༠པའི་ཚེས༢༥་རྒྱ་ནག་ཏུ།
IMG_0733.JPG

         ཡང་ན།

 

སྤྱང་ཀི་ཞིག   ངའི་ཁ་གཏད་ནས

བྱ་འཕུར་བ་ལྟར་ང་ལ་ཞོགས་ནས་འོངས་པས

ངའི་བ་སྤུ་གྱེན་དུ་གཟེངས་ཤིང

སྒྱིད་པ་ལྷབ་ལྷུབ་ཀྱིས་འདར་དུ་བཅུག་པ་ན

ད་ནི་ཤ་ཁྲག་གདོས་བཅས་ཀྱི་ཚེ་ཡི་མཐའ་རུ་བསླེབས་སོང་སྙམ་མོད

འོན་ཀྱང   སྤྱང་ཀིས་ང་ལ་མིག་ཟུར་གྱིས་ཀྱང་མི་ལྟ་བར

རྔམ་སྟབས་ཀྱིས་བརྒྱུགས་འོངས་ཏེ

ངའི་འགྲམ་གྱི་མེ་ཏོག་ལ་ཧད་དེ་བལྟས་པས

འཁྲབ་ཚན་འདིས་ང་རང་ཧད་དུ་བཅུག་སོང

དེ་ནས་བཟུང     ངས་གོམ་པ་རེ་རེ་སྤོས་པའི་སར

མེ་ཏོག་རེ་རེ་བཙུགས་ཤིང

མེ་ཏོག་རེ་རེ་བཙུགས་རྗེས

རང་ཉིད་སྐྱོབ་པའི་མཁར་རྫོང་དུ་བྱས

འོན་ཏེ།   གྲུང་བོར་རློམ་པ་ཁ་ཤས་དང

བལྟས་ཚོད་ལ་ཡ་རབས་གུས་ཞབས་ལྡན་པ་ཁག་ཅིག་གིས

ངའི་མེ་ཏོག་གི་རྩད་ནས་བལ་ཅིང

ངའི་མེ་ཏོག་གི་རྩེ་ནས་བཏོགས་ནའང

ངས  ངལ་དུབ་སོགས་ལ་མ་འཛེམས་པར

སྤྱང་ཀི་དེ་ཉིད་འགོག་པའི་ཆེད་དུ

ས་སྒང་གི་མཐའ་དབུས་ཀུན་ཏུ་མེ་ཏོག་བཙུགས

དོན་དངོས་སུ     སྤྱང་ཀི་དེ་ཐེངས་གཉིས་པར་ཡོང་བའི་སྐབས་སུའང

ཁུ་སིམ་མེར་མེ་ཏོག་ལ་བལྟས་རྗེས་བུད་སོང

ཡིན་ནའང    མཐའ་སྔ་མར་མིག་མདུན་དུ་མེ་ཏོག་རྐང་གཅིག་མ་གཏོགས་ལྷག་མི་འདུག

                                               ༢༠༡༦ལོའི་ཟླ༡༠པའི་ཚེས༢༥ཉིན་རྒྱ་ནག་ཏུ།
0

དཔྱད་མཆན་སྒོ་བརྒྱབ་ཟིན།