བྱང་དུར་མེའི་སྙན་ངག་བདམས་བཀོད།

372

14625268_1190735410983957_1968590339_n.jpg

                   


         བྱང་དུར་མེ། ངོས་མིང་ལ་ཐུབ་བསྟན་ཚེ་རིང་ཞེས་འབོད་ཅིང་༢༠༠༤ལོ་ནས་སྙན་ངག་དང་རྩོམ་རིག་ལ་ཁ་ཕྱོགས་༢༠༠༨ཀྱི་ལོ་ནས་ཁོ་རང་ལ་དྲྭ་ལམ་སྙན་ངག་པ་ཞིག་གི་མིང་དངོས་བཏགས། དེང་དུས་ཚ་ཚ་འུར་འུར་གྱིས་དྲ་ལམ་ཡིག་འབྲི་པ་དག་གི་ཁྲོད་ནས་འཚོ་བའི་མངལ་སྐྱུར་གྱི་གདངས་དབྱངས་ཀློང་ལ་གྱེར་མཁན་རྒན་གྲས་ཤིག་དུ་ཆགས་ཡོད།སྙན་ངག་འབྲི་བ་ནི་རང་གི་འཚོ་བའི་བརྟེན་དང་སྲོག་གི་ཉིང་དགོས་སུ་གྲུབ་ཡོད་པ་རེད།

 

       ཡུལ་གྱར་བའི་བརྩེ་བ།

 

སང་ཉིན་ནས་ཆར་ཆུ་དག་མེད་པར་འགྱུར་སྲིད

ཆར་ཆུ་དང་ཟླ་འོད་ནི་རྟོགས་བཏགས་ཙམ

གཏམ་རྒྱུད་འདིའི་རི་མོའི་ཤད་མ་གཅིག

གཞོན་ནུ་མ་ཞིག་གི་ཡུན་རིང་ལ

ཆང་ས་བརྒྱབ་པའི་མཛའ་བོ་དྲན་ཞིང་

མཛའ་བོ་དེ་བཙན་གྱིས་བསྒོམས

སུན་སྣང་དང་ངལ་དུབ་གྱིས་གདུངས་བ་ཞིག

མེ་ཏོག་དང་ཕྱེ་མ་ལེབ་འགའ་བྲིས་པའི

མི་ཚེའི་མེ་ལོང་།  ཚོན་ཁ་དམར་པོས་བཏུམས

མཚོ་ནང་དུ་བབས་པའི་ཁ་བ་བཞིན

རླུང་ནང་དུ་འབར་བའི་མར་མེ་བཞིན

མུན་ནག་གི་ཁྲོད་ཀྱི་གྲུབ་རིས་བཞིན

བརྩེ་དུང་གི་རྣམ་ཤེས་ས་རུ་འགྱེལ

                                           ༢༠༡༦/༡༠/༨

IMG_6785.JPG

     སྔས་མལ་ནང་གི་སྙན་ངག

 

ང་ཁྱོད་ཀྱི་སྔས་མལ་ལ་ཁེན་ནས

འཇིག་རྟེན་འདིའི་ཆ་མི་སྙོམས་པའི་སྣོད་བཅུད་ལ

ཧ་ཅང་གཟབ་ནན་གྱིས་བསམ་གཞིག་བཏང་བའི་ཟོལ་གྱིས

ངས་ཁྱོད་ཀྱི་དྭངས་གཙང་གི་ཐོད་པར་འོ་ཞིག་བྱས་ཤིང་

ངས་སྙན་ངག་དང་ཟིན་ཐོ་ཞིག་འབྲི་བཞིན་པའི་ཚུལ་གྱིས

ངས་ཁྱོད་ཀྱི་གཙང་འཇམ་གྱི་བྲང་ཁོག་ལ་བྱིལ་བྱིལ་བྱས

ང་ཁྱོད་ཀྱི་སྔས་མལ་ལ་ཁེན་ནས

ཁྱོད་ཀྱི་ངོ་གདོང་ལ་དལ་མོར་བལྟས་ཤིང

སྡོད་ཁང་གི་སྒེའུ་ཁུང་ལས་གསལ་བའི་ཟླ་འོད་བལྟས

སེམས་ཆུང་དང་ངག་ལྷོད་ཀྱིས་རང་གཉིས་ཀྱི་

འཚོ་བ་དང་མི་ཚེའི་བརྩེ་བ་གླེང

ང་ཁྱོད་ཀྱི་སྔས་མལ་ལ་ཁེན་ནས

བརྩི་བཀུར་དང་གཅེས་སྤྲས་བྱ་འོས་པའི་

བླ་ན་མེད་པའི་ཁྱོད་ཀྱི་བརྩེ་དུང་ཀྱི་རོ་མངར་མྱུང

ཡ་ང་བའི་མཚན་མོ་འདི་དག་ངས་ཁྱོད་ཀྱི་

སྔས་མལ་ནས་བདེ་སྐྱིད་ཀྱིས་ཕར་ལ་བསྐྱལ

ཁྱོད་ནི་ངའི་སྙན་ངག་གི་སྒྲ་དང་ལམ་སའི་མགོ་སྔས་སུ་གྱུར

                                                    ༢༠༡༦/༡༠/༥
IMG_6742.JPG

         མུན་པ་ཁེར་རྐྱང་།

ལྗོན་པ་འགའ་ས་འོག་ནས་སྐྱེས

རྡུལ་གྱི་མཁར་དང་སྒྱུ་མའི་གྲོང་ཆཊ

འཇག་མ་གཅིག་ལ་ལོ་མ་གཅིག་བཞད

དེ་ནས། དབུགས་ཕྱི་ནང་དུ་རྒྱུ་འགོ་བརྩམས

མེ་དང་དཀར་འོད་མེད་པས

གྲིབ་མས་གར་དང་ལམ་གྱི་དབྱིབས་མེད

ཆང་དང་དུ་བ་རྔུབ་བྱེད་ཀྱི་ཨི་ཁུང་ནས

གློ་སྙིང་དང་ཁྲག་གི་ཡལ་ག་དོད

འཆར་ཡན་གྱི་འཇུག་མ་ལྗང་གི་མངོན
མཚན་མོའི་མུན་པར་ཡང་ཁེར་རྐྱང་གི་

མཐོང་སྣང་རྙེད

                             ༢༠༡༥/༡༢/༡༢

IMG_6798.JPG

          ཁུ་བྱུག

 

བྱེ་མ་རླུང་གིས་ཁུར་དུས

རི་ཁྲོད་ཀྱི་བྱ་རྣམས་ལྷོ་ལ་འཕུར

ཚང་བཅའ་སྲོལ་མེད་པའི་རི་དྭགས་ཚོ་

རང་གི་གྲིབ་གཟུགས་ཡོད་ཚད་ལ་ཞེད་ངེས་ཡིན

ཉི་འོད་ཀྱི་སྒྲོ་གོས་མནབས་རྗེས

ངལ་དུབ་ཀྱིས་བསམ་གཞིག་ལ་སྡུག་སྣང་སྒྲོན

རི་ཚོགས་ཀྱི་དབེན་སར་འཚོ་བའི་བྱ་རྣམས་ལ

མིང་འདོགས་སྲོལ་མེད་པའི་རང་གི་ཕྲུ་གུ་བཙས

སོས་མགོར་སླེབ་དུས

མེ་ཏོག་གི་ལེགས་སྐྱེས་འཁྱེར་ནས

གཙང་འགྲམ་ཕ་གི་ནས་ཕྱིར་ལོག

ཀྱེ་ཧུད། དྲན་གདུང་གིས་མནར་བའི་བྱ

རང་ཤག་གད་ཕུག་ལ་འཕྲེང་བས་གླུ་བླངས

ཆར་ཟིལ་དང་ན་བུན་ཁྲོད་ནས་ཕྱིར་འོང་བའི་ཁུ་བྱུག

                                   ༢༠༡༥/༣/༡༢

  ཁེར་འཐུང་བྱས་པ། 

 

ཆང་འཐུངས་ནས

གཙུག་ཕུད་ཀྱི་གསེབ་ནས་ཟགས་པའི་ཉི་ཐིག

རླུང་དང་ཕྲད 

བར་སྣང་ནས་འཕུར་ལ་ལྡང་ཞིང

སྐྲ་ཤད་དང་རྩྭ་ཉག་མ་དག

སྤྱན་གྱིས་མི་ཟིན་པའི་ཀློང་ལ་དྭངས

དྲན་པ་ལངས་ཤིང

མིད་པ་ནས་སྒྲ་རྫོབ་དང་སྙིགས་རོ་འཐོར

ཆང་ཕོར་ཁར་དཔྱངས་བའི་གཞོན་ནུ་མ

སྐྲ་སེན་རིང་བའི་ལྷ་ལ་སྤྲུལ

ཚ་གྲང་མི་སྙོམ་པའི་དུས

ལུས་དབུགས་ཀྱི་རྒྱུ་བ་ཟད་ནས

ང་རང་ཉབ་ཉོབ་དུ་བཏང་འགྲོ

                  ༢༠༡༤/༡༢/༢༨
IMG_6909.JPG

 དབུས་ལམ་ནས་འཕུར་བའི་ཁྲུང་ཁྲུང་།

 

ཁྱེད་རང་དབུས་ཀྱི་གཞིས་ཀ་ལ་འགྲོའམ

གཞིས་ཀའི་ལམ་ནི་ཤིན་ཏུ་རིང་ངམ

གངས་ཀྱི་རི་བོ་དག་བསྟར་ལ་བསྒྲིགས་ནས་ཡོད་ཅིང

གཙང་བོའི་དྲག་རླབས་ཀྱིས་ལམ་ཕྲན་བཅད་ནས་ཡོད་སྐད

ཁ་བཏགས་ཀྱི་རི་མོ་ལྟ་བུའི་སྤྲིན་དཀར་གྱི་ཐོད་པ་དྲོས་དུས

ངས་ཁྱེད་རང་མི་ཁོམ་པའི་དབུས་ལ་འགྲོ་རྩིས་ཡོད་པ་སེམས་ནས་ཤེས

གསེར་ནག་གི་གའུ་ལྟ་བུའི་མཛའ་མོའི་གདུང་སེམས་ཀྱིས

དབུས་ཀྱི་ཨ་སྔོན་ལ་འཕྲེང་དུ་བསྟར་བའི་བྱ་ཚོགས

ཉི་ཟླའི་གྲང་ངར་དང་སྟོན་གྱི་འཁྱག་སྔངས་ལ་མི་འཛེམས་པའི་སྣང་བརྙན་དེས

ངས་བཀྲག་མདངས་སྣ་མང་གི་དུས་ཚིགས་ཤིག་ཐོན་གྱིན་པ་གཞི་ནས་རྟོགས

གྲྭ་ཤག་གི་སྒེའུ་འགྲམ་གྱི་མེ་ཏོག་དང་སྡོང་བོ

དགའ་ལུས་ཀྱིས་བཏུད་པའི་དར་ལྕོག་ཅིག་དང་འདྲ་བར

བྲེལ་བྲེལ་ཚབ་ཚུབ་ཀྱི་མགོ་ལྕོག་ལྡེམ་ཞིང

གསེར་མདོག་གི་རྒྱ་མཚོའི་སྟེང་ན་མཆོད་པའི་རྦ་རླབས་དེས

སྙིང་ཉེ་བའི་རྩྭ་ཕྲན་དང་སིལ་ལོ་དག་ཤུལ་དུ་བཞག་སྟེ་གྱེས་གྱིན་པ་བློ་ནས་དྲན

གཅེས་འོས་པའི་ཕ་ཡུལ་གྱི་གསོ་ཁང་གི་དུ་བ་རེས

ཁྱེད་རང་ཐག་རིང་གི་ཟམ་ཆེན་ལ་བསྐྱོད་པའི་གཤོག་སྒྲ་ལ་མཉན་ནས

ཞིང་པ་ཚོས་ལོ་ལེགས་ཀྱི་ནས་འབྲུ་དག་འཐུ་བའི་བྲེལ་ཤ་ལང་བ་དེས

ངས་ཁྱེད་རང་ནམ་ཟླའི་དྲོ་གྲང་ལ་བསྟུན་ཏེ་ཞོགས་གྱིན་པ་རྣ་བས་ཐོས

སྙེ་མའི་ཡལ་ག་ནས་འཐོར་བའི་ཇ་ལོ་འགས

རྩི་བཅུད་ཀྱིས་བཟི་བའི་གྲོག་མ་དག་རྨང་ནས་དཀྲོགས་ཏེ

བྱ་ཁྱུ་རེ་རེ་བཞིན་སོང་བའི་དབུས་ལམ་ལ་ཐར་མོ་སྦྱར་ནས

མཛེས་ལྡན་གྱི་པོ་ཏ་ལ་ནས་སླར་ཡང་འཛོམས་ཆག་བྱས

                                                          ༢༠༡༡ ༦ ༢༨

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།