མགར་དམག་གི་སྙན་ངག་སྐོར་ཞིག་ཆེད་འགོད་བྱས་པ།

334

14593271_1185845034806328_1269197972_n.jpg

       སེམས་པའི་རྡུལ་འཁྲུགས་པ།

 

ཁྱེད་ཀྱི་ཕྱག་རྒྱ་མེ་ཏོག་གི་ཡུ་བ་ལྟར་མཉེན་ལ་མཉེན

ཁྱེད་ཀྱི་ཞལ་མཛུམ་ཉི་མའི་དཀྱིལ་འཁོར་གྱིས་བྲན་ཏེ་གསེར་ལམ་ལམ་དུ་སྣང

སྐྲའི་གཡུ་ལོ་ལས་ཟགས་པའི་མུ་ཏིག་རྡོག་པོ་རེ་རེ

ཁྱེད་ཀྱི་བྲང་གཞུང་གི་ཐ་སྙད་ཀྱི་རྒྱུད་རྐུད་སྟེང་ལྷུང

ངའི་སེམས་པའི་སྒྲ་དབྱངས་ཡང་ཡང་ཡང་ཡང་དཀྲོལ

ས་སྲོས་ཀྱི་ཡོལ་བ་གཡོ་ལ་ལྡེམ

ཁྱེད་ཀྱི་སྨིན་མའི་ལྡེམ་ཤུགས་ཀྱིས་གཙང་པོའི་རླབས་རིས་མུ་རུ་ཕྱག

རླབས་ཀྱི་རྗེས་སུ་ཁྲིད་པའི་མཚམས་སྤྲིན་གྱི་ལག་པ་རི་བོའི་མགུལ་ལ་འཁྱུད

ཉི་མ་ཆུ་རུ་ནུབ

ངས་ལག་པ་རྒྱང་དུ་བསྲིངས་ཚེ་ཚོར་བའི་རྡུལ་ཚོན་བཙགས་པའི་རླངས་པའི་ཁ་དོག་ལ་རེག

ཁ་དོག་སོ་སོར་འཕྲལ་བའི་ཡོད་མེད་ཀྱི་སྣང་བ་བསིལ་མོ་བསིལ་མོ

ས་སྲོས་དེའི་སྒེའུ་ཁུང་ངོས་སུ་ཆུ་རྡུལ་དུ་བབས

ངའི་རྟོག་པ་ལྗང་ཁུ་ནེམ་པོ་ནེམ་པོར་བཏང

IMG_6755.JPG

      ཟླ་དགུ་བ།

 

ཟླ་དགུ་བར

ཁྱེད་ཀྱིས་དུས་ཚོད་བཙོང་དེ་ཚེ་སྲོག་གི་ཞགས་པ་རྒྱང་དུ་བསྲིངས

དེ་དུས     དོན་དམ་པར་ང་རང་དུས་ཚོད་ཀྱིས་དབུལ་དྲགས་པས་ཁྱེད་ཀྱི་རྒྱབ་གཟུགས་སུ་འཚང་དེ་བྱེ་རྡུལ་དང་རླུང་འཚུབ་མང་དུ་བགམས

ཟླ་དགུ་བར

ཁྱེད་ཀྱིས་ཉི་འོད་དང་བརྩེ་བ་མཉམ་དུ་བཏབས་ཏེ་འབྱོར་ཕྱུག་གི་སྒེའུ་ཁུང་སང་ཉིན་ལ་ཕྱེས

དེ་དུས      དོན་དམ་པར་ང་རང་གནས་ཡུལ་དང་གྱེས་ཏེ་དུར་ཁྲོད་ཀྱི་འདབས་སུ་ཞེན་ཆགས་དང་ཡིད་གདུང་གི་དགྲ་སྟས་གསིལ

ཟླ་དགུ་བར

ཁྱེད་ཀྱིས་ཟུངས་ཁྲག་གིས་འཕྲིན་པ་གྲངས་མེད་བྲིས་ཏེ་སའི་གོ་ལའི་གཙུག་ཏོར་གྱི་ཕུད་དུ་བཙུགས

དེ་དུས      དོན་དམ་པར་ང་རང་སྣང་སྟོང་ཐ་དག་ལ་གྱེས་ཏེ་རྡུལ་ཕྲན་གཅིག་ལས་ཆུང་བའི་བརྩེ་བའི་ས་བོན་རེ་རེར་གྱུར

ཟླ་དགུ་བར

བརྩེ་དུང་གིས་དབུལ་དྲགས་པས་ལྟས་ལྟས་རིག་རིག་ལ་ཁྱེད་ཀྱི་སྔུན་ནས་འཆི་དགོས་སོང

IMG_6929.JPG

       སྙིང་ཉེ།    དཔྱིད་ཀ་སླེབས་བྱུང་།

 

ང་ཧ་ཅང་གཟན་ནན་གྱིས་ཁྱེད་ཀྱི་དཔྱིད་ཀར་བགྲོད་ཀྱིན་ཡོད

ལྷམ་ཡང་ཕུད་དེ་དཔྱིད་ཀྱི་བརླན་བཤེར་ལ་ཤ་རྗེན་གླན་གྱིན་ཁྱེད་ཀྱི་རྨི་ལམ་དུ་བགྲོད་ཀྱིན་ཡོད

ཁྱེད་ཀྱི་རྨི་ལམ་ནི་མཐའ་མེད་པ་ཞིག་རེད

མེ་ཏོག་གི་ཡུ་བ་རབ་ཏུ་རྒྱས་ཀྱང་ཕ་མཐའ་མི་མངོན་པ་ཞིག་རེད

དཔྱིད་ཀ་འདིར་ངས་ཁྱེད་ལ་སྙིང་ཉེ་ཞེས་འབོད་ན་འདོད

སྙིང་ཉེ་ཞེས་པའི་ཡིག་འབྲི་ལ་རྩྭ་ཁྲབ་ལྗང་ཁུ་ཞིག་གྱོན་ན་འདོད

བདག་གི་དཔྱིད་ཀ་ཡང་མཐའ་མེད་པ་ཞིག་ཡིན་པས

མཇོར་དང་ལྕགས་ཁེམ་གྱིས་གཏིང་མཐའ་མི་ལོན་པ་ཞིག་ཡིན

ང་ཧ་ཅང་གཟབ་ནན་གྱིས་ཁྱེད་ཀྱི་གནམ་དང་ས་གཞིའི་རྒྱ་ཁྱོན་ལ་བགྲོད་ཀྱིན་ཡོད

སྤྲིན་པའི་ཕྱིང་ལྭར་ཆར་ཆུའི་དངུལ་སྒྲོག་བཏགས་ཡོད

སྒྲོག་གི་འཕལ་ཁ་བལ་སྐུད་ཕྲ་མོས་བཏགས་ཡོད

ཆར་བ་འབབ་ལ་ཉེ

ཁྱེད་ཀྱིས་ལས་སྐལ་གྱི་ས་ཞིང་ལ་འབྲུ་དྲུག་གི་ས་བོན་གཏོར་ཡོད་དམ

ཆར་བ་འབབ་ལ་ཉེ

བདག་གི་བརྩེ་ཞེན་གྱི་རྟ་ཕོ་རྔུལ་ནག་ཆུ་ལ་བྲན་འདུག

ང་ཁྱེད་ཀྱི་མེ་ཏོག་གི་ལྗོངས་སུ་ལོགས་ཚུལ་ཧ་ཅང་གཟབ་དྲགས་པ་མིན་ན

ངས་ཁྱེད་ཀྱི་དོན་མེད་ལ་འཐེན་པའི་དབུགས་རིང་དེ་ཡི་ཕྱི་ནང་མཐོང་གི་འདུག

སྒོ་མཐོང་གི་འདུག        སྒེའུ་ཁུང་མཐོང་གི་འདུག

མཐའ་ན་ངས་ཁྱེད་ཀྱི་གསལ་ལ་མི་གསལ་བའི་གཉིད་བཤད་ཀློང་གི་རང་ཉིད་ཀྱི་འགུལ་བསྐྱོད་མཐོང་གི་འདུག

སེམས་པའི་ལུ་གུ་དང་གད་ཀ་སྐྱ་བོ་མཐོང་གི་འདུག

IMG_0759.JPG

      འཕྲིན་པ་མཐའ་མ།

 

བྱེའུ་ཆུང་གིས་རྒྱ་མཚོ་རུམ་ཏེ་གཤོག་པ་བརྐྱངས

རྨི་ལམ་གྱི་གླིང་ཕྲན་ལྗང་ཁུ་རེད

ལྗང་ཁུ་རེད

དགུ་ཚིགས་མཐོན་པོ་མཐོན་པོར་དཔྱངས་ནས་འདུག

རྨི་ལམ་རིང་མོ་རིང་མོར་བྲིས་ནས་འདུག

བྱེའུ་ཆུང་ཁོ་རྩྭ་གསེང་ནས་གཉིད་དུ་ཡུར

རྨི་ལམ་དུ་རྒྱ་མཚོ་ཡང་ཡང་འཁོར

ཡང་ཡང་འཁོར

IMG_6219.JPG

       འགྲོ་ཁ་བདེ་མོ་ཞུ་རོགས།

 

ཁ་བ་མ་བབས     རླུང་མ་གཡུག

ཁྱེད་ཉིད་འགྲོ་ཁ

ཉི་ཐིག་ཕྲ་མོ་ཞིག་སེར་ལ་སྐྱ་བའི་ལན་བུར་འཁྱུད་ནས་ཐལ

གསེར་ལམ་ལམ་བྱེད་པའི་སྐྲ་སྒྲོག་སྟེང་གི་ཕྱེ་ལེབ་དེ་སྙིང་དུ་སྡུག

ང་དང་ལྡོག་དེ་འཕེན་པའི་རྐང་ལམ་སྣེ་ཡི་གླ་བྱེད་རླངས་འཁོར

ཁྱེད་ཀྱི་རྒྱབ་གཟུགས་ཀྱི་མདངས་ཀྱིས་ཆུང་ནས་ཆུང་དུ་བཏང་མོད

སྣུམ་སྒོ་མནན་ཙམ་གྱིས་དུ་བ་འཕྱུར་ཞིང་སྒྲ་དུང་བརྒྱབ་ཚེ

ངའི་མིག་མདུན་གྱི་ཁྱེད་ཉིད་ཐག་རིང་ནས་ཐག་རིང་དུ་ཕྱིན་འགྲོ

འགྲོ་ཁ་བདེ་མོ་ཞུ་རོགས

ཞོར་དུ་འཛུམ་ཆུང་ཞིག་ཀྱང་བསྟོན་རོགས་ཞུ

ཁྱེད་ཀྱི་འཛུམ་ཆུང་ལ་བཅོལ་བའི་མཐའ་ཡས་པའི་ལས་སྐལ་གྱི་རྩྭ་ཐང

ངས་ཉིན་མཚན་གྱི་ལས་ཚེགས་བར་ནས་ལྷོད་ཀྱིས་བཀླག་ཆོག

ལྷོད་ཀྱིས་བཀླག་ཆོག

བུ་མོ་ཐུགས་བཟང་གཤིས་འཇམ

ཁྱེད་ཉིད་འགྲོ་ཁ

ཁ་བ་མ་བབས    རླུང་མ་གཡུག

ཉི་ཐིག་ཕྲ་མོ་ཞིག་བདག་གི་དཔུང་བར་འཇུས་ཏེ་ཁྱེད་ཀྱི་རྗེས་སུ་འཐེན

གསེར་ལམ་ལམ་བྱེད་པའི་སྐྲ་སྒྲོག་སྟེང་གི་ཕྱེ་ལེབ་དེའི་གཤོག་པར་སྦྲེལ

ཕྱེ་ལེབ་སྙིང་དུ་སྡུག    ཁྱེད་ཉིད་སྙིང་དུ་སྡུག

འགྲོ་ཁ་བདེ་མོ་ཞུ་རོགས

ངས་ནི་ཁྱེད་ཀྱི་རྨི་འཕྲོ་རུ་ལུས་པའི་རྩྭ་ཐང་གྱོན་ཡོད

ཆུ་ཟིལ་དང་དུངས་བ་ང་ལ་མཁོའོ

དུངས་བ་དང་ཆུ་ཟིལ་ཁྱེད་ཀྱིས་གནང་ཞུ

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།