རྩོམ་པ་པོ། མི་ཉག་བཀྲ་ཤིས་ཆོས་ལྡན།
འཇིག་རྟེན།
ལྷན་འཛོམས་བར་ན་སྐྱིད་པའི་རླབས་ཤིག་འཕྱུར།།
གྱེས་བྲས་ཀློང་ན་སྐྱོ་བའི་ཉམས་ཤིག་གདའ།།
རྗེས་དྲན་དུས་སུ་བརྩེ་བའི་འོད་གོར་རེ།།
འདི་ནི་འཇིག་རྟེན་སྒྱུ་མའི་རང་བཞིན་ཡིན།།
འཛུམ་པའི་ཞལ་ལ་དགོད་པའི་དབྱངས་རྟ་འདྲེས།།
ཁྲོ་བའི་གདོང་ལ་གཏུམ་པོའི་ངུར་སྒྲ་རྒོད།།
དགའ་སྐྱོའི་གླིང་ན་སྲོག་ཀྱང་འཆོར་བར་དོགས།།
འདི་ནི་སྲིད་པ་རྒན་པོའི་བཀོད་སྒྲིག་ཡིན།།
བརྩེ་བའི་འདབ་མར་གཉེན་པའི་རྒྱན་གྱིས་སྤུད།།
སུན་པའི་སྣ་གཟེངས་མི་གཙང་དྲི་མས་བརླན།།
མིག་ཟུང་རྒྱང་དུ་བགྲད་པའི་ཤུགས་རིང་འདི།།
བྱེད་པོ་ཚངས་པ་ལྷ་ཡི་ཆོ་འཕྲུལ་ཡིན།།
གཉེན་འཇམ་ཕྱག་གིས་རླུང་རྟར་དམ་པོར་བཅངས།།
རྩུབ་རེག་རྐང་སེན་ཞིང་འབྲོག་ལྟེ་བར་རྩེན།།
རེ་འབྲས་རྨི་ལམ་ཡིན་པའི་བརྟུལ་ཞུགས་འདི།།
གནའ་རབས་མི་བོ་ཆེ་ཚོའི་སྐད་གདངས་ཡིན།།
ཐོལ་རླུང་།
གྱ་གྱུ་གློག་ལ་སྡེབ་པའི་དབུགས་བྱུང་གིས།།
གྱ་ཚོམ་རྒྱུན་མར་ཁོལ་བའི་སེམས་འཁྲལ་ལ།།
གང་ལ་འཛེམས་མེད་བཏབ་པའི་དྲོད་ཚིག་འདི།།
གང་ཞིག་ཡིད་ལ་བསྒོས་པའི་རི་མོ་ཡིན།།
ཐོལ་བྱུང་རླུང་གིས་ཁུར་བའི་སྨྲེ་ངག་གིས།།
ཐོལ་གྱིས་འབུས་པའི་བཅོས་མའི་འཛུམ་ཟེར་ལ།།
འཆར་ཡན་མིན་པར་མནའ་ཡིས་བསྒགས་ན་ཡང་།།
འཆར་སྒོ་ཙམ་ལས་རེ་དོགས་ཡེ་ནས་བྲལ།།
འོད་ལ་སྙེགས་པའི་འཕྲིན་གྱི་བྱ་མ་རྟས།།
འོད་ཟེར་ཞུན་མའི་སེམས་ཀྱི་ཟླ་གོར་ལ།།
ཡང་རྩེ་སྙིང་གི་གསང་བ་བསྒུལ་ན་ཡང་།།
ཡང་དག་བདེན་པའི་ལན་ཞིག་རྙེད་ཐབས་དབེན།།
ལྷོད་བཞུད་སྤྲིན་པ་སྨུག་པོའི་ཕྱི་མིག་གིས།།
ལྷོད་ལ་བབ་པའི་བརྡ་ཞིག་མ་འཕེན་ནའང་།།
སུ་ལ་རྫོགས་པའི་དམ་བཅའི་ང་རོ་ལ།།
སུ་ཞིག་བློ་ལས་འགོངས་པའི་སྙན་པ་ཡོད།།
འོད་ཟེར།
སེམས་པའི་ཕུགས་ན་བདེ་བའི་མཚོ་མོ་འཁྱིལ། །
བདེ་བའི་ལམ་སྣེ་སྙིང་གི་བུ་གར་འཛུལ། །
སྙིང་ལ་དམ་པོར་བགོས་པའི་བག་ཆགས་འདི། །
འཇིག་རྟེན་མགོ་རྟིང་སྒྱུར་བའི་འོད་ཟེར་ཡིན། །
སེམས་པའི་རི་མོ་གདོང་གི་སྐྱི་མོར་བྲིས། །
གདོང་གི་རི་མོས་སྐྱེ་འཆིའི་ལུང་བསྟན་ཕབ། །
སྐྱེ་འཆི་མཇའ་ལ་ཐིམ་པའི་མོས་པ་འདི། །
སྲིད་པ་རྡུལ་བཞིན་བརླག་པའི་འོད་ཟེར་ཡིན། །
སེམས་དང་སེམས་བྱུང་འདུ་འཛི་ཁྲོམ་ལ་ཆས། །
འདུ་འཛི་སྒྱུ་མའི་ཞིང་ནས་མཐོང་ལམ་གསལ། །
མཐོང་ཆོས་དགེ་ལ་འཕར་བའི་སེམས་རྩ་འདི། །
འཁོར་བ་དུག་ཏུ་སྒོམ་པའི་འོད་ཟེར་ཡིན། །
སྒྱུ་མའི་མེ་ཏོག
སྲིད་པ་ཡོམ་ཡོམ་དུ་སྐྱོམས་དུས།།
རྣམ་ཤེས་སྒོ་འགྲམ་ན་འཕར་སྐད།།
གཟུགས་མེད་རླུང་བུ་དེ་རྒོད་པས།།
ཅི་ཡང་མེད་པ་རུ་ཡལ་འགྲོ།།
ཁ་འཆམ་ཡུག་གཅིག་ལ་སྦྲེལ་བའི།།
སེམས་པའི་རི་མོ་དེ་མཛེས་ནའང་།།
ཧོ་ལོའི་མེ་ཏོག་ལ་འཛུལ་པའི།།
སྣང་བ་གང་ཞིག་ཏུ་མཆིས་སམ།།
ཐོད་པ་འཇའ་རིས་ལ་དང་ཕྲད་ཐལ།།
རེ་བའི་ལང་ཚོ་དག་མ་སྨིན།།
འཕྲལ་དང་ཡུན་དུས་ལ་བརྒལ་བའི།།
འདས་པའི་འཇིག་རྟེན་འདི་ཅི་ཞིག།
ཕར་གའི་འཕྲང་ལམ་ན་བཞུད་པའི།།
རུས་པའི་རྐང་འཐུང་དག་དྲན་དུས།།
ཐུན་མཚམས་རྨི་ལམ་གྱི་སྙེ་མ།།
བར་དོའི་སྟ་གོན་རང་མེད་འགྲོ།།
ཡིད་ཆེས་ལུང་སྒྲུང་གིས་བཞེངས་པའི།།
གཏམ་གྱི་ཚོམ་བུ་དག་བསྟར་དུས།།
བློ་ཁེལ་གཏན་ཚིགས་ཀྱི་མདའ་མོ།།
རི་ལུང་ཐང་གསུམ་ནས་ཤོར་ཐལ།།
བདེན་པའི་ཚིག་གསུམ་ལ་ཁེན་པའི།།
རེ་བཞག་རྨི་ལམ་ལ་འདྲེས་རུང་།།
མཐོང་ལམ་སྙན་ངག་ལ་བརྒྱུས་པ།།
བདག་གི་སྟངས་སྟབས་ཀྱི་འཁྱུག་གར།།