ཅོ་བྱང་སྐར་གྱི་བཅད་རྩོམ་སྙན་ངག་ཚན་པ་ལྔ།

237

nmm.jpg

              __ཅོ་བྱང་སྐར། མདོ་སྨད་ཤར་ཅོ་ནེའི་ཆར་གཏོགས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆོས་དཔལ་ཤང་ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས་པ་དང་།སྤྱི་ལོ་2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་དུ་ཡོང་ནས་མི་ཚེའི་གདམ་ག་ཐོག་མ་དེ་བཙལ། རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་ད་བར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་མུ་མཐུད་དུ་རྩོམ་རིག་ཐད་ལ་འབད་པ་ལྷུན་ལེན་བྱེད་པའི་འཆར་གཞི་བླ་ལྷག་འདུག

 

དགའ་ལྡན་ཁྲི་ལ་བདག་པོ་རྒྱག་རན་རེད།

 

སྟོད་དབུས་གཙང་ཆོས་ཀྱི་ཞིང་ས་རེད། །

དབུས་ཇོ་བོ་ཐོད་པ་གཏུག་ས་རེད། །

ལྷ་བླ་མའི་བྱིན་རླབས་ཐོབ་ས་རེད། །

ས་གན་ནས་མི་མཇལ་གང་ནས་མཇལ། །

བར་ཁམས་ཕྱོགས་སྨུག་པོ་གདོང་རྒྱུད་རེད། །

སྟོབས་ཆེ་བ་རྒྱ་སྟག་ངར་མ་རེད། །

གཞུང་དྲང་བ་སྟག་མོ་ཐད་རྒྱུགས་རེད། །

གནས་གན་ནས་མི་འཛོམས་གང་ནས་འཛོམས། །

སྨད་ཨ་མདོ་འབྲོག་གི་ཞིང་ས་རེད། །

སྨན་བུ་མོའི་སྐད་ངག་སྙན་ས་རེད། །

གཤིས་ཆ་ལུགས་རྒན་བཀུར་གཞོན་གཅེས་རེད། །

གནས་གན་ནས་མི་སྐྱེ་གང་ནས་སྐྱེ། །

བོད་སྟོད་སྨད་བར་གྱི་ཞིང་ཁམས་འདི། །

ཆོས་བསྟན་པ་དར་པའི་གནས་མཆོག་རེད། །

ཕྱི་མཁའ་དབུགས་དྭངས་པ་ཆུ་ཤེལ་རེད། །

ནང་མཐུན་སྒྲིལ་དམ་པ་ཨ་ལོང་རེད། །

གནས་གན་ཚོ་ང་ཡི་ཕ་ཡུལ་རེད། །

བུ་ང་ཡི་གཉོམ་ལག་རྒྱས་ས་རེད། །

དུས་ད་ལྟའི་དུས་ཀྱི་འཕེལ་ཁ་ལས། །

གཞིས་དག་མར་ནག་ནོག་དྲི་མས་ཁྱབ། །

གོང་བླ་མའི་གདན་ས་ཝ་མོས་བཟུང་། །

འོག་དད་ལྡན་མང་ཚོགས་རི་བོང་རྭ། །

བར་རིག་པའི་སྐྱེད་ཚལ་ཧ་ལོས་བཟུང་། །

གན་སྐྱེད་ཚལ་ཡག་པོ་ཟིང་སེ་བཏང་། །

ཕྱི་ཁོར་ཡུག་མཛེས་པོའི་ཞིང་ཁམས་ཏེ། །

རྒྱུ་ནོམ་པའི་དབང་གིས་བརླགས་ནས་ཡོད། །

ནང་རིན་ཆེན་ནོར་གྱི་ཚེ་སྲོག་ཀུན། །

ཤིང་རྟ་མོའི་གཟུགས་ཀྱིས་བཏོགས་ནས་ཚར། །

རིའི་ལྟོས་དང་མཉམ་པའི་གླེགས་བམ་རྣམས། །

གན་ཙི་གུས་ཁུག་མ་སབ་སབ་བྱས། །

རིའི་ཁོག་གི་རིན་ཆེན་ནོར་བུ་རྣམས། །

གན་སོག་ལེས་རྩྭ་ལྗང་འབྲེག་འབྲེག་བྱས། །

ནོར་རིན་ཆེན་རྟ་ནོར་ལུག་གསུམ་ལ། །

གཅེས་མ་དགོས་བྱམས་དང་སྙིང་རྗེ་དབེན། །

ནང་ཕུ་ནུའི་བརྩེ་བའི་དུངས་པ་དེ། །

བཀོལ་ཆེ་བའི་སྒོར་གྱི་རིན་ལ་བརྗེ། །

ལྷུན་ཆགས་སེ་ཡོད་པའི་རི་བོ་དང་། །

ཁུལ་ལྡེམ་སེ་ཡོད་པའི་ཆུ་མོ་གཉིས། །

ཁོད་ཡངས་སེ་ཡོད་པའི་གཞིས་མལ་གསུམ། །

གན་ཤོག་སྐྱ་མེ་ལ་བསྲེགས་པ་བཞིན། །

ནོར་རིན་ཆེན་ཀ་ཁའི་ཚེ་སྲོག་ཡང་། །

དུག་ཐ་མག་ཁ་རུ་རྔུབ་པ་བཞིན། །

མཐོ་ཁྲི་ལ་བདག་པོ་མ་བརྒྱབ་ན། །

དམའ་གཞིས་ཁྱིམ་བོར་ལ་ཚར་ལ་ཉེ། །

14555871_1183767028347462_511845269_n.jpg

  འདུ་གསུམ་འཁོར་བ་རིག་ན་སྐྲག་སྣང་སྐྱེས།

 

ཨེ་མ་ཧོ་དུས་གསུམ་རྒྱལ་བ་ཀུན་འདུས་པའི། །

ནང་བའི་སངས་རྒྱས་ཁོ་ལག་རྫོགས། །

དྲི་བྲལ་དར་དཀར་སྐྱེས་སུ་ཕུལ། །

ང་ཡི་ངག་ལ་རམ་འདེགས་མཛོད། །

སྟོང་ཉིད་གར་སྟེགས་སྟེང་གི་འཁྲབ་སྟོན་པར། །

སྤྲེལ་རྒྱལ་ལེགས་མཛེས་རྣམ་ཤེས་ཁོངས་སུ་ཞུགས། །

སྤྲུལ་བའི་འདུ་བྱེད་བདུན་ཅུ་དོན་ལྔ་སྟེ། །

མིག་གི་དབང་བོར་སྟོན་མོའི་གར་སུ་འཁྲབ། །

རྐང་ལག་སོ་སོ་འཕྲེད་གཡུགས་ཕར་གཡུགས་ཀྱིས། །

སྐབས་རེ་སྐྲག་ལ་སྐབས་རེ་དངངས་མ་འདར། །

འདུ་གསུམ་འཇིག་རྟེན་ཁམས་ཀྱི་མི་བུ་རྣམས། །

སྐྲག་མ་དངངས་ཀྱི་བར་ན་འཚོ་ཞིང་ལུས། །

གློག་གི་ནུས་པས་འཇིག་རྟེན་ཁོ་ལག་རྫོགས། །

བར་རེ་ཆད་ན་མྱི་བུ་སྨྱོ་ལ་ཁད། །

རེ་ཡོད་རེ་མེད་བར་ན་འདུར་རྒྱུགས་པའི། །

མྱི་བུ་འདི་རྣམས་མཐོང་ན་ཡི་རེ་མུག །

དང་པོ་ལས་ཀྱི་བསགས་པའི་ལས་དོན་རྣམས། །

བསྐྱུར་ནས་ཨ་གསར་གཤིས་ཀྱི་རྗེས་སུ་རྒྱུགས། །

བར་ཏུ་སུན་སྣང་རུམ་གང་ཁྱེར་ནས་ནི། །

ཨ་ཡོ་ཨ་ཤེ་འདོན་བཞིན་ཕྱི་ལ་འོངས། །

ཉི་མ་ཤར་ཚེ་ཁོང་ལ་དྲན་ཚུལ་གཅིག །

ཟླ་བ་འཆར་ན་ཁོང་ལ་འཆར་སྒོ་གཉིས། །

འགྲོ་འདུག་སྐྱོད་གསུམ་བར་ན་བསམ་ཚུལ་གསུམ། །

སྤྲེའུ་རིགས་སུ་བཤད་པ་འཕྱུག་མེད་གི །

སྲོག་ནི་མི་བཅོད་སྡུག་པ་མི་བཅའ་ཞེས། །

སུ་དང་གང་ལ་ཐུག་ན་བཤད་པར་བྱ། །

རང་གིས་ཟས་སུ་དཀར་བཟས་སྤྱོད་པ་ལས། །

དམར་ཟས་མི་བཟའ་དགེ་སློབ་རྣམ་དག་དཀོན། །

སློབ་གླིང་རིག་པ་སྦྱོང་བའི་གླིང་ག་ན། །

རིག་པའི་དཔའ་བོ་ཇེ་ཉུང་ཇེ་ཉུང་རེད། །

དེ་ལས་ལྡོག་སྟེ་དབང་ཆེན་དཔོན་པོ་དང་། །

བཅར་བརྡུང་བསྐོར་གསུམ་བྱེད་པའི་དཔའ་བོ་འཕེལ། །

གཡང་ཁྱིམ་བརྗིད་སེ་ཆགས་པའི་སྡེ་བ་ན། །

མ་ཎི་ཡིག་དྲུག་འགྲོ་དྲུག་ཀུན་ལ་འདྲེན། །

འཆམ་མཐུན་འཕེལ་རྒྱས་མགྱོགས་པའི་གཡང་གི་ཁྱིམ། །

ད་ནི་ཕ་བུའི་བར་ན་ཐེ་ཚོམ་ལྷག  །

འདུ་གསུམ་འཁོར་བའི་སྙིང་པོ་མ་ཎི་ཡང་། །

ད་ནི་དབྱངས་སུ་བཀུག་ནས་གླུ་རུ་གྱེར། །

འདུ་གསུམ་འཁོར་བའི་སྙིང་བོ་སངས་རྒྱས་ཆོས། །

ད་ནི་རོལ་མོའི་རམ་འདེགས་འོག་ན་རྒྱུགས། །

ཨ་ཁུ་པདྨ་རྒྱ་ཡི་ཡུལ་དུ་ཕྱིན། །

མདོ་མེད་རྟ་རྡོས་བོད་ཁུལ་རྙོག་སེ་བཀྲུགས། །

བྲེལ་འཚུབ་ལང་ལོང་བར་ན་མགོ་རྙོག་པའི། །

འདུགསུམ་འཁོར་བ་རིག་ན་སྐྲག་སྣང་སྐྱེས། །

IMG_6365.JPG

       རང་ཁ་རང་ནང་ལ་འཁོར་ནས་དམོད་མ་འདེབས།

 

དུས་ཀྱི་འགྱུར་བག་བྱེ་རླུང་འཚུབ་མ་རེད། །

འཚུབ་མའི་རྡུལ་ཕྲན་མིག་ལ་སྡང་བ་འདི། །

འགྲིམ་འགྲུལ་དོན་རྐྱེན་འབྱུང་བའི་སྔ་ལྟས་ཡིན། །

མིག་ཤེལ་གྱོན་ནས་འཚུབ་མར་གཟབ་གཟབ་བྱོས། །

མྱི་ཁ་རྒོད་པོ་མེ་ལྕེ་དམར་པོ་རེད། །

མེ་ལྕེ་དམར་པོ་ཁང་ཁྱིམ་དྲོན་མོར་སྡང་། །

ཡོད་ཚད་རྡུལ་དུ་གྱུར་པའི་སྔ་ལྟས་རེད། །

ཆུ་ཟོམ་ཆུ་ཡིས་བཀང་སྟེ་མེ་ལ་གཟོབ། །

འདྲ་མིན་རྙོག་གཏམ་འཕུང་འདྲེ་བཤིག་འདྲེ་རེད། །

ཕུང་འདྲེ་བཤིག་འདྲེ་རང་གི་གཤིས་ལ་སྡང་། །

ཆ་ལུགས་ར་མིན་འགྱུར་བའི་སྔ་ལྟས་རེད། །

བསམ་བློ་བཞི་གསུམ་ཐོངས་ནས་ཕུང་བཤིག་གཟོབ། །

དྲན་སྣང་རྒོད་པོར་དཔའ་སྟོབས་ཡོད་ན་ཡང་། །

ཁུ་ཚུར་གནམ་ལ་འཕྱར་པའི་དུས་ནི་འདས། །

སྙན་ཚིག་མེ་ཏོག་ལྷུག་ལྷུག་བཞད་ན་ཡང་། །

མེ་ཏོག་ཧ་ལོའི་རང་སྣང་འཁྱེར་མ་འོངས། །

དབེན་གནས་རི་ཡི་ཆོས་སྡེ་ཆེན་པོ་དེའི། །

གྲྭ་རྐྱང་དཀྱུས་མའི་སེམས་པ་རྣམ་དག་ཡིན། །

སྡུག་ཅན་འགྲོ་ཁར་སྡུག་མེད་ཞོར་འདྲུད་དཔེ། །

བརྗོད་བྱ་མེད་ན་ཨུ་ཚུགས་མ་བྱེད་ལགས། །

རང་ཁ་གསེར་གྱི་སྒོ་མོར་རང་ཚོད་བཟུང་། །

དེ་མིན་རང་སྲོག་བཅོད་པའི་སྟ་རེའི་དཔེ། །

དྲན་ཤེས་གྱི་ལིང་རྟ་ཕོས་རྒྱུགས་ཚོད་བཟུང་། །

དེ་མིན་མི་རྟ་གཉིས་ཀར་ཆགས་འཇིགས་ཆེ། །

དཔྱད་ན་དཔྱད་ན་ཡ་རབས་ལུགས་སྲོལ་དཔྱོད། །

བཟང་པོ་སྦྱང་དཀའ་ངན་ལ་གོམས་སླའི་དཔེ། །

རྒྱུགས་ན་རྒྱུགས་ན་གྲ་སྒྲིག་ཡོད་པའི་སྒོས། །

ཧོལ་རྒྱུགས་མུན་ནག་མདའ་འཕེན་མ་བྱེད་རོགས། །

རང་གིས་རང་རིགས་ཡག་རབས་རྒྱན་རབས་དང་། །

རང་གིས་རང་རིགས་ངན་རབས་བཙོག་རབས་ལབ། །

དེ་ལྟར་གཞན་གྱིས་ཨ་གསར་མི་རིགས་ཤིག །

མཚན་ཉིད་བཞག་པ་འེ་རིག་འེ་ཐོས་ལགས། །

ཡར་མར་འདང་རེ་བརྒྱབ་ན་འགྲིག་པར་འདོད། །

ཐོལ་བྱུང་ཐོལ་བྱུང་ཟེར་ནས་རང་རིགས་དམོད། །

གཞན་རྗེས་གཞན་ལུང་དྲངས་ནས་རང་རིགས་དམོད། །

ད་རུང་གོ་རྟོགས་དྲན་སྐུལ་ཉེན་བརྡ་ཟེར། །

གསར་གཏོད་མེད་པར་གཞན་ལ་ལད་ཟློས་བྱས། །

རང་གི་གསར་གཏོད་ཡིན་ཟེར་ངོ་ཚ་མེད། །

གཞན་གྱིས་རང་གི་བདག་དབང་བཤད་ཡོང་དུས། །

ངོ་གདོང་དམར་པོར་གྱུར་ཏེ་འདྲ་སྐུའི་གཟུགས། །

རང་ཁ་ནང་ལ་བསྐོར་ནས་དམོད་མ་འདེབས། །

རང་མཚང་རང་གིས་བྲིས་པའི་ཡིག་འབྲུ་འདི། །

རང་གིས་རང་ཉིད་སྐྱོབ་པའི་ཆེད་དུ་ཡིན། །

རང་ཉིད་ལམ་ལོག་མི་འགྲོའི་སྔོན་བརྡ་ཡིན། །

IMG_0729.JPG

  དེང་གི་མི་བུ་ཨ་མཚར་དགུ་མཚར།

 

དང་པོ་ཡོད་པ་རང་གཤིས་མར་ལོ། །

བར་ཏུ་གཞན་གྱི་སླུ་བྲིད་ཐེབས་སོང་། །

ཐ་མར་རང་མིན་གཞན་མིན་ར་ལུག །

དེང་གི་མི་བུ་ཨ་མཚར་དགུ་མཚར། །

དྲང་བདེན་ཟེར་བ་མཐོ་འཕྱར་ཁུ་ཚུར། །

མཐུན་སྒྲིལ་ཟེར་བ་ཆང་དེམ་ཁ་ན། །

ཡིད་ཆེས་ཟེར་བ་གྱང་མགོའི་རྩི་ཏོག །

དེང་གི་མི་བུ་ཨ་མཚར་དགུ་མཚར། །

རང་སྐྱོན་ཟེར་དུས་གད་པ་སྐྱ་རིང་། །

གཞན་སྐྱོན་གླེང་དུས་གྱ་གྱུའི་ཆུ་མོ། །

རང་རིགས་ཕོངས་པ་རིགས་ཀྱི་སྣ་འདྲེན། །

དེང་གི་མི་བུ་ཨ་མཚར་དགུ་མཚར། །

ཨ་མས་གནང་པའི་ལུས་སེམས་དག་མ། །

ནག་ནོག་ཆང་དང་དུ་བར་འགྲོགས་པས། །

ཤེས་རྟུལ་རིག་རྨོངས་ཕག་གི་སྣང་བརྙན། །

དེང་གི་མི་བུ་ཨ་མཚར་དགུ་མཚར། །

མ་མཐོང་མ་ཐོས་གོ་ཐོས་མེད་པ། །

མ་རིག་མ་བལྟས་མྱོང་ཚོར་མེད་པ། །

མ་མི་མི་མེད་དགག་སྒྲའི་ཁྲོད་ནས། །

དེང་གི་མི་བུ་ཨ་མཚར་དགུ་མཚར། །

IMG_5550.JPG

    འདི་བསམ་ན་སྐྱོ་བ་སྐྱེ་གི།

 

བྲག་དམར་ཡག་ཉིལ་ལ་ཁ་བོ། །

གན་ཐང་དཀར་རྒོད་པོའི་གནས་མལ། །

ཕུང་བྱ་སྦྱིན་ལུགས་སྲོལ་ཆད་ན། །

བྱ་གན་ཚོར་སྙིང་རེ་རྗེ་གི །

འདི་བསམ་ན་བྲག་དམར་སྐྱོ་གི །

ནགས་སྟུག་པོ་གཉིད་ལ་ཁ་བོ། །

གན་རི་སྤྱང་སྔོན་མོའི་གནས་མལ། །

དེ་རྨིག་ཐོགས་རི་དྭགས་དབེན་ན། །

རླུང་འགམས་པའི་རི་སྤྱང་སྙིང་རྗེ། །

འདི་བསམ་ན་ནགས་ཚལ་སྐྱོ་གི །

ཆུ་ཉལ་འགྲོ་སྐམ་ལ་ཁ་བོ། །

འགྲོས་མགྱོགས་པའི་ཉ་མོའི་གཞིས་མལ། །

སྟོད་གངས་ཀྱི་འབྱུང་གནས་མེད་ན། །

ཆུ་འཐུང་བའི་ཉ་མོ་སྙིང་རྗེ། །

འདི་བསམ་ན་ཆུ་མོ་སྐྱོ་གི །

ཡངས་རྩྭ་ཐང་ཟད་ལ་ཁ་བོ། །

གན་རོང་འབྲོག་ཕ་ལོའི་གཞིས་མལ། །

དེ་གཡང་གི་སྒོ་ཟོག་དབེན་ན། །

ཁོང་འབྲོག་གི་ཕ་ལོ་སྙིང་རྗེ། །

འདི་བསམ་ན་རྩྭ་ཐང་སྐྱོ་གི །

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།