མཚན་མོ་བཞེངས་མཁན།
__བོད་ཀྱི་སྙན་ངག་པའི་མཚན་མོར་སྙན་ངག་པ་གཉན་ལ་ཕུལ་བ།
མཚན་མོ་འདི
ཞི་བའི་རྟ་དམག་གི་དཔལ་འབར་སྒྲོན་པའི་དབྱངས་རྩོམ་སའོ
དཔའ་བོའི་ཤེས་རབ་ཀྱི་རླུང་སྒོང་སའི་ས་ཁང་སྐྱ་བོའོ
མཚན་མོ་འདི
རྐང་སྐེ་ལ་དྲིལ་བུ་བཏགས་ཏེ
མཚན་བྲོ་འཁྲབ་མཁན་གྱི་བྱ་ཁྱུ་ནག་པོའི་མདུན་འདུག་པ་ཁྱེད་ཉིད་དོ
རུས་རྐང་རྩམ་པས་མགར་བའི་རྣམ་དཔྱོད་ཅན་གྱི་འབྲོག་མི་ཁྱོད
གངས་ལ་སྐྱེས་པའི་ང་རོའོ
མཚན་མོ་འདི
འདྲ་མཉམ་དང་རང་དབང་གི་གླུ་སྒྲ་བར་མེད་དུ་བཞུར་བའི
ཞི་གནས་ལྷག་མཐོང་གི་རྟུལ་ཞུགས་པ་ཁྱེད་ཀྱི་དཀྱེལ་ཡངས་ཡིན་ནོ
རྫ་ཁ་རི་ཁ་ནས་རྨི་ལམ་བཏུ་བའི་གྲོང་གསེབ་པ་རྟ་གཞོན་ཁྱེད་ཀྱི་སྦྲ་རྒྱག་ས་དང རྟ་འདོགས་ས་ཡང་ངོ
མཚན་མོ་འདི
ཁྲི་མུན་ནས་བོད་ཀྱི་བུ་ཕྲུག་ཁྱེད་ཀྱི་སེམས་ནས་བསླེས་པའི་སྡིངས་ཆའོ
དེའི་སྟེང་གི་མྱི་སྐད་དང་བསྒྲགས་གཏམ་དེའོ
མཚན་མོ་འདི
རྒོད་ལ་ཤོར་བའི་སྲོག་ཆགས་ཀྱི་རྒྱལ་བོ་འདམ་སེང་ཁྱེད་ཀྱི་གཡུལ་ས་སྟེ
འདམ་སེང་གི་སྒལ་པར་སྐྱེས་པའི་སྤུ་ཧྲེང་རེ་རེ་ཡིན་ནོ
མུན་པའི་སྨག་རུམ་ལ་མགོ་བོ་མི་སྒུར་བའི་གཡག་རྒན་རྩིད་ཤོམ་ཅན་ཁྱེད་ཀྱི་གནས་ཚང་ཡིན་ནོ
མཚན་མོ་འདི
རི་གཟར་དུ་སྙན་ངག་གི་དར་ཆེན་བསྒྲེངས་ནས
མེ་འབུད་མཁན་གྱི་ལག་རྩལ་པ་ཁྱེད་ཧྲིལ་བོ་ཡིན་ནོ
ཉིད་ཀྱི་སྒལ་ཚིགས་ནང་སྐྱེས་པའི་ཡི་གེའི་རྡོ་རིང་ཡང་ངོ
མཚན་མོ་ཞུན་སྦྱང་བྱས་པའི་རི་དྭགས་ཀྱི་དྲང་སྲོང་ཁྱེད་དོ
མཚན་མོ་འདི
མི་རང་ག་བ་ཁྱེད་ཀྱི་བླ་སྲོག་གི་ཐིགས་པ་དང་རྔུལ་ཆུ
ཁྲག་རྡོ་དང་ལུད་པ་ལྗིད་ཏིག་གེར་ལྷུང་ས་ཡིན་ནོ
མུན་པ་དང་འོད་ཟེར་འགམ་པའི་ཁྱིམ་པ་བ་ཁྱེད་ཀྱི་རྐང་ངལ་གསོ་ས་དང དམ་ཚིག་མདུད་ས་དེ་གའོ
གཞུང་དེབ་གང་རུང་ལ་ངོ་བཅར་མི་ཞུ་བའི
བྷོ་ལ་ཐི་གཉིས་པ་ཁྱེད་ཀྱི་སྐྱིད་སྡུག་རི་མོ་འགོད་ས་ཡིན་ནོ
༧ ༢༦ ༢༠༡༦་བྲིས། ༩ ༢༡ ཉིན་བཅོས།

འབྲོག་ཕྲུག་མ།
༡
འབྲོག་ཕྲུག་མ།
མེ་ཏོག་ལྟ་བུའི་འཚམས་འདྲི་དེ།
ཁ་པར་གྱི་ནང་ལོགས་ནས་ལུས་སོང་།
མར་ལོ་ལྟ་བུའི་སྐད་ཆ་དེ།
མཐོན་མཐིང་གི་སྐུད་ལམ་ནས་ཆད་སོང་།
ང་ཡི་མཛངས་མ།
མིག་ཆུ་དེས་འུ་གཉིས་སྡུག་པོ་བཏང་བྱུང་།
སྐུད་ལམ་དེས་ང་གཉིས་ཨར་ལ་གཏད་སོང་།
སྐྱོ་བ་མ་གནང་རོགས།
༢
འབྲོག་ཕྲུག་མ།
གཡག་རྒྱབ་ནས་གླེང་བའི་བརྩེ་བ།
ད་དུང་ཡང་བརྗེད་ནས་མེད།
རྫ་སུལ་ནས་ཁེན་པའི་ཕྲག་པ།
དེ་དུས་བཞིན་གློད་ནས་མེད།
འུ་གཉིས་ཀྱི་རྩེ་ར་དང་གཏམ་གླེང་།
འབྲོག་རིའི་ལང་ཚོར་བྲིས་ཡོད།
བསྐལ་བའི་རྒྱ་མཚོར་གཏེར་ཡོད།
༣
འབྲོག་ཕྲུག་མ།
མེ་ལྕེ་ལྟ་བུའི་ཀུ་རེ་དེ།
ཉིན་ཞག་གི་ཕྲེང་བ་ནས་འཕུར་སོང་།
ཆུ་རྒྱུན་ལྟ་བུའི་བརྩེ་བ་དེ།
གཙང་ཆེན་གྱི་ཚེ་སྲོག་ལྟར་བཞུར་སོང་།
ང་ཡི་མཛངས་མ།
སྐྱོ་གར་དེས་འུ་གཉིས་མུ་ལ་འཁྲབ་བྱུང་།
དགོང་མོ་དེས་ངེད་གཉིས་གླུ་རུ་བླངས་སོང་།
སེམས་པ་མ་བརྣངས་རོགས།
༤
འབྲོག་ཕྲུག་མ།
མྱི་ཁས་དམར་གསོད་བཏང་བའི་འདང་བརྩེ་དོད་པོ།
ད་རུང་ཤི་ནས་མེད་པར་གསོན་ནས་ཡོད།
ལས་ཀྱིས་ཆད་པར་བཅད་པའི་འཁྱག་དར་དེ།
སྔར་བཞིན་དྲོས་ནས་མེད་པར་འཁངས་ནས་ཡོད།
༥
སྦྲ་ནག་གི་ལས་དབང་སྲུང་བའི་འབྲོག་ཕྲུག་མ།
མཐོ་སྒང་གི་དབྱངས་རྟ་གྱེར་བའི་ལ་གཞས་མ།
བདག་སྙིང་གི་སྤྲི་གོར་གཞིབས་པའི་སེམས་སོང་མ།
འབྲོག་དམངས་ཀྱི་ཏོག་ཏུ་འཚེར་བའི་འཛུམ་རིས་མ།
སྒོ་ཁྱིའི་ཟུག་སྐད་ཀྱིས་དཀྲོགས་པའི་མཚན་མོ་ཞིག་ལ།
རྟ་གོང་གི་སྐྱ་མི་དེ་ཁ་རོག་གེར་ཁྱིམ་ལ་བསུས་པ།
མཛེས་སྡུག་གི་ཉེས་པ་རུ་གྱུར་སོང་།
༦
འབྲོག་ཕྲུག་མ།
ལུག་ཁྱུའི་རྗེས་ནས་འུ་གཉིས་ཀྱི་གཏམ་རྒྱུད་ཉི་མས་ལྡགས་པ་དྲན་ཤིང་ཞིག
སྤང་ལྗོངས་སྟེང་ནས་འུ་གཉིས་ཀྱི་རུམ་ཁ་རླུང་གིས་སྤུར་བ་གཏམ་རྒྱུད་ཅིག
ཐོ་རེངས་ངོགས་ནས་གྱེས་ཁ་མའི་སེམས་རྩ་ཆུ་རུ་ཁོལ་བ་ཕྱིར་དྲན་ཞིག་ཨང་།
༧
འབྲོག་ཕྲུག་མ།
སྲིད་པ་མཛོད་ཀྱི་བདག་མོ་འབྲོག་ཕྲུག་མ།
འཁོར་བ་སྟོབས་ཀྱི་སྙིང་བོ་འབྲོག་ཕྲུག་མ།
འབྲོག་ཕྲུག་མ།
ངའི་དུས་གསུམ་ན་རྟག་ཏུ་གྲགས་པའི་དབྱངས་རྟ་གཤེར་བོ།
ངའི་མི་ཚེའི་ནང་འོད་དུ་འཚེར་བའི་སྐར་མ་པ་སངས།
༢༠༡༦ ༧ ༡༦

འབུ་བླ་མ་མ་ཎི།
འབུ་བླ་མ་མ་ཎི།
གཉོམ་དུང་ངེར་ངའི་པར་ཆས་ཀྱི་ཁུག་མའི་སྟེང་བབས།
སྐྱེ་བ་འཕྲང་བརྒྱུད་ཀྱི་རྣམ་ཤེས་ང་ལ་འབྲེལ་ལམ་ཅི།
ཕུ་བཏབ་ཀྱང་གང་ཞིག་ལ་འཕུར་མི་འགྲོ་བའི་ཁྱེད།
ཆུ་མཐའི་རྡོ་སྔོན་སྟེང་། བདག་ལ་འཛུམ་དམུལ་སྟོན་པའི་བྱེའུ།
བྱེ་མའི་རྒྱ་མཚོ་ནས་ང་ལ་བརྩེ་བ་སྦྱིན་པའི་མེ་ཕུང་དམར་བོ།
འབུ་བླ་མ་མ་ཎི།
སྐྱེ་བ་འདིའི་འཁྲེང་སེམས་ཀྱི་སྨོན་ལམ་གྱེར་བའི་ཕོ་ཉ་སྣད་པོ།
སྙིང་ཉེ་ཁྱོའི་ལང་ཚོ་ཡི་འཁྲིས་སུ་བརྟོལ་བའི་གཤོག་པ་ལྗང་ཁུ།
འབུ་བླ་མ་མ་ཎི།
ངའི་ཁུག་མའི་སྟེང་རེ་ཞིག་སྨྲེང་བསྡད།
ངའི་ཁ་པར་ནང་ཏག་ཏག་འཛུམ་བསྡད།
འབུ་བླ་མ་མ་ཎི།
སྐྱེ་བ་དང་ལས་ཀྱི་འཁང་རར་ཁེན་ནས།
རྒྱང་རིང་ནས་ཐག་ཉེ།
ཐག་ཉེ་ནས་རྒྱང་རིང་ལ་འཕུར་རྩིས་ཡང་ཡང་བྱས།
འབུ་བླ་མ་མ་ཎི།
ཁྱེད་ཉིད་གཅིག་བུ།
ཆུའི་ཡིད་སེམས་ཀྱི་གཏིང་ནས་དཀྲོལ་བའི་དབྱངས་ཀྱི་མདུད་ལྕེ་དེའོ།།
སའི་བྱང་ཆུབ་ཀྱི་སྡོང་བོར་སྐྱེས་པའི་ཙན་དན་གྱི་ལོ་མ་དེའོ།།
ཁང་པ་དཀར་བོའི་གཤམ་ཁ་ནས་བཅུས་པའི་ཉི་འོད།
ང་གཉིས་ཀྱི་ཁྲུས་ཆུ་རུ་བསྐྱིལ་ཆོག
མཚོ་ཆེན་སྔོན་པོའི་ཟེགས་མ་ལས་ཐོར་བའི་མུ་ཏིག
རང་གཉིས་ཀྱི་སྐེ་རྒྱན་དུ་སྒྲིག་ཆོག་ཨང་།
ང་ལ་གཅེས་པར་ལྷགས་པའི་འབུ་བླ་མ་མ་ཎི།
དབུ་ལོ་བཏུད་ཅིང་མིག་ཆུ་ལྷུངས་པའི་བརྩེ་བ་དེའི་ཕ་རོལ་ན།
ང་ཡང་མིག་ཆུ་ཞིག
འབུ་བླ་མ་མ་ཎི།
ང་ཁྱེད་ཀྱི་མགྱོགས་དལ་རན་པའི་གཤོག་འགྱུར་ལ་བཅིབ་སྟེ།
མི་ཡུལ་གྱི་འདུ་འཛིས་སྟོང་བའི་ནམ་མཁའ་ཞིག་ལ་འགྲོ་འདོད།
༡༠༡༦/ ༨/ ༡༦ ཕྱི་དྲོར་བྲིས།

ཟོག་ལུག
གྲོང་ཁྱེར་གྱི་པང་ལ་འཐོར་པའི་ལུག་གི་སོག་རུས་མང་བོས
ཉི་མའི་ཁ་ཆུ་ལྡག་པའི་སྦྱོར་བ་རྩོམ་དུས
སྟོང་བ་ཉིད་ཀྱི་རླུང་དམར་ལྡང་ཡོང་ནས
འཇིག་རྟེན་གྱི་ཟེ་བ་དུམ་སེ་བཅད
བཅད་རོའི་ཁྲོད་ན་མེ་ཏོག་སྙིང་ལ་རྗེ་རེ་དགོད་ཅིང་ངུ
ཕྱི་ནང་ཧ་ཅང་སྲབས་པའི་མེ་ཏོག་གི་ཡུ་བ་སྔོན་པོ་དག་ལ
ཉི་འོད་ཀྱིས་ཀྱང་རེག་མ་ཕོད་པར་ཁེར་ཧྲེང་དུ་ལྷག་འདུག
ཁང་བརྩེགས་ཀྱི་ཞོལ་ལ་འཚང་བའི་ཟོག་གི་རྨིག་པ་མང་བོས
སྐྱེས་ཆེན་ཀྱི་གཉའ་བར་རྫི་བའི་ལས་ཀ་རྩོམ་དུས
སྙིགས་མ་ལྔ་བདོའི་གངས་རི་ནུར་འོང་ནས་བྱ་རྒན་གྱི་སྒྲོ་བ
གཉོམ་ཤ་ལེར་གཡང་རོང་མང་བོར་གཙུབས
སྒྲོ་བ་འཚུབ་པའི་ངོས་ན རི་རྡུལ་འཐིབས་ཅིང་བྱེ་མ་བཞུར
གཉུག་མར་གནས་པའི་སྒྲོ་སྤུའི་སྐྱེ་འཆི་ནག་པོ་ལ
ལྐོག་གྱུར་དབྱུང་བའི་ཚན་རིག་པས་ཀྱང་དཔྱད་མ་བཟོད་པར
རྩིས་ཐོའི་ཁྲོད་ནས་ཕྱི་ལ་སྤྱུགས
དེ་རིང་གི་གནམ་རྒན་མ མིའི་སྙིམ་པ་ལས་ཀྱང་ཐར་ཆུང་བས
རྩྭའི་སྤྱིལ་བུ་དང་རྡོའི་ཁང་པ
སྤང་ཐང་གི་མཁར་ངོས་སུ་བཙན་བྱོལ་ལ་ཕྱིན་པའི་ཟོག་ལུག
སྐྱེ་བ་ནས་སྐྱེ་བར་འགག་ཀྱང་སད་པའི་རོལ་མོའི་རྒྱུན
གཟུགས་མེད་ཀྱི་བྲོ་ར་ཉིལ་བའི་འཆི་སྟངས
ཤ་ཁྲག་གི་ཆག་རོས་མཐུད་པའི་གསོན་ཚུལ
ཡོད་ཚད་ཐ་སྙད་ཀྱི་ཁམས་ནས་གོ་འབྱེད་བྱ་ཐབས་བྲལ
༢༠༡༦ ༧ ༢༡
བློས་བསླངས།
སྐྲའི་ལན་བུ་དང་ཞལ་གྱི་བིམ་པ
གྲང་ངར་གྱི་ཀློང་ནས་སྐྱེས་པའི་དགུན་གྱི་མེ་ཏོག
ཚ་དྲོད་ཀྱི་གསེང་ནས་འཁྱིལ་བའི་བྱེ་མའི་སྐར་ཚོམ
སྙིང་གི་སྤྲིན་གསེབ་ན་འཕྱོ་བའི་བྱེའུ་མ
ཞི་འཇམ་དང་ཁེར་རྐྱང་རུམ་ནས་ཁྱེད་ལ་སྙེགས
སྟོང་བསམ་གྱི་གཤོག་འགྱུར་ལ་སྐྱེས་པའི་སྒྲོ་ཐུལ
ཁྱོའི་གཡུ་མདོག་གི་ལོ་མའི་སྟེང་ལྷུང་དུས
འཚོ་བ་ལ་གཏམ་རྒྱུད་ཀྱི་གསེར་མདོག་སྦྲུམ
ཁྱེད་ལ་ལྟས་ནས་བསྡད་ན
མིག་གི་ཆ་ག་ན་འདང་བརྩེའི་བརྡ་རྟགས་འགུལ
ཞལ་གྱི་ཕྱེད་ཀ་ན་སེམས་ཀྱི་རྒྱང་བཞུད་ལྡེམ
ཡིད་ཀྱི་མཚོ་མཐའ་ན་དུང་བའི་ཁྲུང་བྱ་འཕུར
སེམས་པར་ལོངས་སྤྱོད་སྩོལ་བའི
ངང་སོབ་སོབ་ཀྱི་མཁུར་ཚོས
ཡིད་ཀྱི་བདེ་བ་གསོ་བའི
ཁྲ་ཤིག་ཤིག་གི་མིག་ཟུང
༢༠༡༦ ༨ ༡༡