རྩོམ་པ་པོ། སེར་པོ།
སྐར་མ་གཅིག་གི་རྗེས་ལ།
ཁྱེད་ཀྱིས་སྐར་མ་གཅིག་སྒུགས་ཟེར
ངས་སྐར་མ་གཅིག་མ་ཟད
ཉིན་གཅིག
ཟླ་བ་གཅིག
ལོ་གཅིག
བསྐལ་བ་གཅིག་ལ་བསྒུགས་དགོས་ཀྱང་བསྒུག་ངེས
ཁྱེད་ཀྱིས་སྐར་གཅིག་སྒུགས་ཟེར
སྐར་མ་རྗེས་མ་དེར་བྲང་གཞུང་གི་སྒོ་མོ་འབྱེད་ཟེར
སེམས་ཀྱི་ལྡེ་མིག་སྤྲོད་ཟེར
ངས་སྐར་མ་གཅིག་གི་རྗེས་ཀྱི
སྐར་མ་རྗེས་མ་དེར
ངོ་མ གཙང་བོའི་ཀློང་གི
གསེར་ཉ་ལྟ་བུའི་ཁྱེད
སྙིང་གི་བུམ་པ་རུ་བཅུག་ནས
ཀོ་གྲུ་དེར་བསྡད་དེ
གཞས་ཤིག་གཏང་རྒྱུའི་སྐལ་བ་ལྡན་ནམ
ད་དུང
ད་དུང་ཁྱེད་ཀྱིས་སྐར་མ་གཅིག་གི་རྗེས་སུ
ངའི་མིག་མདངས་ལ་བལྟ་རྒྱུ་ཡིན་ནམ
མིག་ཆུས་བརླན་པའི་སྨིན་མ
སྡུག་བསྔལ་གྱིས་མནར་བའི་མིག་འབྲས
དུས་ཚོད་སྟོང་ཕྲག་ལྷག་ལ་བསྒུགས་པའི་མིག་འོད
འདི་དག་ཡོད་ཚད་མཐོང་དུས
སྐར་མ་གཅིག་གི་རྗེས་སུ
ཁྱེད་ཀྱིས་ང་སྙིང་རྗེ་ནས་མ་ངུ་ཨང
ཁྱེད་ཀྱིས་སྐར་མ་གཅིག་གི་རྗེས་ལ
ངའི་ལུས་ངག་ཡིད་གསུམ་དངོས་སུ་མཐོང་དུས
ཁྱེད་རང་ང་ལ་འཐམས་ནས
ཤི་ཡང་ཁ་མི་འབྲལ་ཞེས་སྐད་ཤོར་དུས
གནམ་འོག་གི་ཆེས་སྙིང་རྗེ་ས་དེ
འུ་གཉིས་མ་འཕྲད་པའི་ལོ་ཟླའི་རིང་གི
འུ་གཉིས་ཡིན་པ་གཟོད་ནས་ཤེས་ངེས
སྐར་མ་གཅིག་གི་རྗེས་ལ
ང་རུས་པ་སྤར་མོ་གང་དུ་གྱུར་ཀྱང
འགྱོད་པ་མེད་པའི་ངང་དུ
འུ་གཉིས་བསྐལ་བ་སྟོང་ཕྲག་གི་ཡུན་ལ
ནམ་ཡང་ཁ་མ་འབྲལ་ཞེས
དཀོན་མཆོག་གི་མདུན་དུ
མནའ་བོར་ངེས།
(Byro) བྷེ་རོ།
Byroད་ནིང་ཞོགས་པར
ཁྱེད་འདུག་ས་བྱེ་ཐང་དུ་གྱུར་འདུག
སྔས་འགྲམ་གྱི་མེ་ལོང་ལ་ཆག་གྲུམ་ཤོར་བས
ངའི་ངོ་གདོང་ལའང་ཆག་གྲུམ་ཤོར་འདུག
Byroད་ནིང་ཁྱེད་འགྲོ་ཁར
ཆུ་ཚོད་ཀྱི་མདེའུ་དག་བཀག་འདུག
ཆུ་ཚོད་ཀྱི་མིག་ཀོང་བུར་གྱུར་ནས
སའི་གོ་ལའང་མཐོང་གི་མི་འདུག
Byroམ་གཞི་ཁྱེད་འགྲོ་ཁར
གྲིབ་མ་ཤུལ་དུ་ལྷག་འདུག
གྲིབ་མའི་ཕྱེད་ཀ་ཞིག་ད་དུང་ལྷག་འདུག
Byroཁྱེད་ནང་ལོགས་ཀྱི་སྨན་ཁང་དེ་རུ་སོང་དུས
ཧ་ཅང་ཧང་གིས་སྐྱོ་བའི་དངན་པ་དེ
མེ་ཏོག་ཅིག་ཡིན་ཚེ
མེ་ཏོག་ནག་པོ་ཞིག་ཡིན་ངེས་པས
ཁ་དོག་གཞན་གྱིས་འགྲན་དཀའ་བ་ཞིག་རེད
Byroཁྱེད་ལ་དེ་འདྲའི་སྤམ་མདོག་ཆེ་འང
སེམས་པ་སྙི་མོ་སྙི་མོ་ཞིག་ཡིན་སྣང་འཁོར་བས
ཁྱེད་ལ་བླངས་པའི་གཞས་དེ་ཡང
དྭངས་ཤིང་གཙང་བའི་ཆུ་ཟིལ་ཞིག་ཏུ་གྱུར་འདུག
Byroསྐར་མ་གཅིག་རྗེས་སུ་འམ
ཟླ་བ་གཅིག་གི་རྗེས་སུ
ཡང་ན་ལོ་གཅིག་གི་རྗེས་སུ་ཡིན་ཀྱང་ཆོག
ངས་ཉི་འོད་གསེབ་ཀྱི་ཉི་འོད་བསྙེགས་ཤིང
གཙང་པོའི་ཀློང་གི་བྱེ་ཐང་བརྒལ་ནས་ཐོན་ཚེ
Byroཁྱེད་ཀྱི་འཆོར་ལྭ་དེ་སྡོང་མགོ་ཙམ་ལ་བཀལ་ཡོད་ནའང
ངས་ཁྱེད་རང་ཡིན་པར་བསམ་ཆོག
རྨི་ལམ་ཙམ་དུ་འཁོར་ནའང
ངས་ཁྱེད་རང་ཡིན་པར་བསྒོམ་ཆོག