རྩོམ་པ་པོ། དུར་མིག
རྣ་ལོང་ཡག་པ།
ལྗོན་ཤིང་ལོ་མའི་མཛེས་སྡུག།
གཙང་བོའི་ཁ་ན་སྤྲིན་དཀར།།
བརྩེ་དུང་མི་སེམས་ཨ་ལོང་།།
ཁ་རླངས་སྨུག་ལ་འདྲེས་ཡོད།།
སྲང་ལམ་གློག་འོད་འཁྱུག་པ།།
རྣམ་རྟོག་གོ་རིམ་བར་ནས།།
འཁོར་བའི་ཀློང་གི་འཚོ་བ།།
ཉིན་ཞག་ག་ཙམ་སོང་ཡོད།།
རྣ་ལོང་ཡག་པ་ཡག་པ།།
མིག་ཟུང་རྒྱང་དུ་ཡལ་དུས།།
སྐྱེ་བ་གཏན་གྱི་གྲོང་ཚོ།།
བརྗེད་འགྲོ་བསམ་ན་སྐྲག་གི།
ང་ནི་ཕལ་བའི་མི་ཡིན།།
སྐད་ཆ་རླུང་ཁར་ལྡེམ་དུས།།
མུན་ནག་མཐའ་ཡི་སྐར་མ།།
ཇི་ལྟར་བལྟས་ཀྱང་མིག་རེད།།
རྨི་ལམ་ནང་གི་ཆང་ཕོར།།
བྱེའུ་ཆུང་གཤོག་རྩ་རླན་འགྲོ།།
གཟུགས་མེད་ཚོར་བ་དམར་པོ།།
བོད་ཟླ་བདུན་པ་སྨྲེང་སོང་།།
2016.3.24
འཁོར་བའི་ཕོ་བྲང་།
ཕ་ཡུལ་ལུང་པ་རྩྭ་ཐང་ལྗང་མདོག་ཡིན།།
བྱིས་དུས་རྨི་ལམ་འཚོ་བའི་ཁ་དོག་རེད།།
སྐྱིད་པའི་གླུ་དབྱངས་འུར་རྡོ་ཆུ་མིག་ལ།།
ཕྱི་མིག་བལྟས་ན་ཚོར་བ་ག་ཙམ་འདུག།
དྲུག་གསུམ་བཅོ་བརྒྱད་ན་ཚོད་ཡག་པོ་ལ།།
བརྩེ་བའི་ཕ་མ་འདང་ཆེན་ཕུ་ནུར་གྱེས།།
སྒོ་དར་གསར་བ་རླུང་གིས་འགུལ་ཙམ་བྱས།།
ཁྱོད་རང་ཡུལ་ལ་ཆས་པའི་གཏམ་རྒྱུད་བྲིས།།
ལས་དབང་བརྗོད་པའི་ཡིག་འབྲུ་དེ་དག་ལ།།
འདང་ཆེན་དགའ་ལོ་ཟེར་བའི་རྨི་ལམ་ཡོད།།
ན་ནིང་བཏབ་པའི་མེ་ཏོག་དཀར་དམར་དག།
འཚོ་བའི་རྨི་ལམ་སེམས་ཁུར་ཨེ་ཡོང་ཐལ།།
2016.8.19 གསེར་ཐང་ནས་བྲིས།
མེ་ཏོག་དཀར་པོ།
ནུ་མོ་རྣ་རྒྱན་མ་ལ་ཕུལ།
ཨ་མའི་ངག་གི་དབྱངས་རྟ་སྙན་མོ་རེ།།
བྱིས་དུས་འཚོ་བ་རྨི་ལམ་དཀར་པོ་ཡིན།།
གྲིབ་མའི་རྒྱབ་ནས་རྟ་ཁྱུ་ལམ་ལ་བཞུར།།
དབྱངས་ཀྱི་ལོ་མ་རླུང་བུའི་ཁྲོད་ན་ལྡེམ།།
ཤེལ་བུམ་ནང་དུ་ངོ་གདོང་ཆ་གཅིག་ཡོད།།
མཚམས་རེ་བལྟས་ན་ཨ་མའི་སྐྲ་ལོ་འདྲ།།
ལན་རེ་བསམ་ན་ཁྱོད་ཀྱི་དགོད་སྒྲ་ཡིན།།
ས་སྲོད་ཅིག་ལ་ཆར་བ་འཇམ་པོ་བབས།།
ཞོགས་པའི་སྐར་མ་ཁ་ཚུབ་ངོས་སུ་ཤར།།
གཞིས་ཁྱིམ་ནང་གི་སྨིན་མ་གཅིག་པུ་ལ།།
ཤིང་གི་པི་ཝང་གཙང་བོའི་རྒྱུད་ན་དཀྲོལ།།
དྲན་པའི་གཞས་ཤིག་ཐབ་ཚང་ཁུག་ན་ལུས།།