
ངས་ནི་ཁྱོད་ཀྱི་ཕྱི་མིག་རུམ་ནས་འཆི་འགྲོ།
ང་ལ་ལྷ་ཡི་ཟས་གོས་ཉེ་བར་མ་བསྐུར།།
ང་ནི་མུན་པའི་ཤོག་ལྷེ་ཕྲན་ཙམ་ཡིན་པས།།
ང་ལ་འཆི་ཁའི་ཁ་ཆེམ་གློ་བུར་མ་བཤད།།
ངས་ནི་ཁྱེད་ཀྱི་མིག་ཤེལ་ཕུད་ནས་ཆས་འགྲོ།
ང་ལ་མཇུག་མཐའི་བརྩེ་བ་རིང་སར་མ་གྱེས།
ང་ནི་ཚེར་མའི་རྨི་ལམ་བཀྲུ་མཁན་ཡིན་པས།།
ང་ལ་ཨ་གསར་ཆང་གི་བར་སྟོང་མ་འཇོག།
ངས་ནི་ཁྱེད་ཀྱི་སྒེའུ་ཡོལ་ཕྱེས་ནས་ལྡིང་འགྲོ།
ང་ལ་ཀུ་རེ་ཚིག་གི་ཤུན་པ་མ་གནང་།།
ང་ནི་ཁུ་སིམ་ཁྲོད་ཀྱི་སྣང་བ་ཡིན་པས།།
ང་ལ་སང་ལོའི་གྱེས་ཁའི་ཚོར་བ་མ་འདྲི།།
ངས་ནི་ཁྱོད་ཀྱི་ཕྱི་མིག་རུམ་ནས་འཆི་འགྲོ།
མཚན་གཞས།
དོ་ནུབ་མེ་ལྕེའི་ཐ་སྙད་འུར་ན་བསམ།།
སྙིང་གི་པི་ཝང་འཆི་བས་དཀྲོལ་ན་བསམ།།
སྒྱུ་མའི་ཆོན་ཐག་རླུང་གིས་བསེད་ན་བསམ།།
རྣམ་ཤེས་སོར་མོའི་རྩེ་རུ་འཁོར་ན་བསམ།།
ཁ་ཆེམས་ཅོག་ཙེའི་སྟེང་དུ་བྲིས་ན་བསམ།།
ཕྱི་མའི་སྐ་རགས་ལག་པས་ཟིན་ན་བསམ།།
ངུ་ཞོར་བྱེ་མའི་ཁང་ཁྱིམ་བརྩིག་ན་བསམ།།
འགྲོ་ཞོར་ལས་ཀྱི་བཟའ་ཚང་རྙེད་ན་བསམ།།
ང་ཡི་ཉིན་མཚན་གཉིས།
ང་ཉིད་གབ་ཚིག་ཅིག་གི་ཤུལ་ལམ་བསྙེག་དགོས།།
དེ་ལ་པི་ཝང་འབྲུག་མགོའི་རྒྱུད་སྐུད་བསྣར་ཡོད།།
སླར་ཡང་ཞག་སྨག་ཅིག་གི་ངོ་སོ་འཚོལ་དུས།
གནམ་བསྐོས་ལས་ཀྱི་བྱམས་པའི་ཞེ་འདང་བོར་བ།།
ང་ཡི་འདི་དང་ཕྱི་མའི་ལམ་ཆས་ཙམ་མོ།།
ང་ཉིད་བྱི་ལ་ཞིག་གི་སྡེར་མོར་འཇུ་དགོས།།
དེ་ལ་བལ་སྐུད་དམར་པོའི་སྐོར་ཐག་འཐེན་ཡོད།།
ཡང་བསྐྱར་ཇ་ཕོར་ནང་གི་རི་མོར་བལྟ་དུས།
ཚེ་རབས་རླུང་གིས་ཁུར་བའི་རྨི་ལམ་འཁྲུངས་བ།།
ང་ཡི་ཉིན་མཚན་གཉིས་ཀྱི་ངལ་གསོ་ཙམ་མོ།།
ང་ཉིད་སྔོ་རྩྭ་ཞིག་གི་རྩེ་མོར་འགྲེང་དགོས།།
དེ་ལ་ས་སྲོད་མང་པོའི་གྲིབ་མ་བཏགས་ཡོད།།
ནམ་ཞིག་དཀར་དམར་གོས་ཀྱི་འཇམ་མཉེན་ཚོལ་དུས།
བུ་ལོན་ལན་ཆགས་ཟད་པའི་རོགས་ཤིག་རྙེད་པ།།
ང་ཡི་ཤི་གསོན་བར་གྱི་ཁ་རླངས་ཙམ་མོ།།
2/16/4-14ཉིན།
ཁ་ཆར།
ང་ནི་འཆི་ཁར་གྲགས་པའི་བྱེའུ་ཞིག།
མི་ཚེའི་ལས་བསྐལ་གསུབ་ཞིང་ཨ་ཐང་ཆད།
མཚན་སྨག་སྟོང་བའི་ངོས་སུ་སྤར་ཁ་ཕྱེས།།
ལན་གཅིག་འདྲིས་པའི་མི་ལ་གློ་བུར་གྱེས།།
༢
དོ་ཞག་མི་ཚེའི་འཆིང་ཐག་ངག་གིས་འཁྲོལ།།
གཞས་ཆུང་ཟ་ཟིས་སྣང་བ་རྒྱང་ལ་འུར།།
ཉིན་མཚན་རེ་ལ་སྐྲ་ལོ་རླུང་གིས་བསེད།།
དགེ་སྡིག་ཇ་ཆང་མ་འདྲེས་སོ་སོར་བཞུར།།
འཆི་ཁའི་ལག་པ་སྙིང་གི་ཆུང་མར་བསྲིང།།
སྤྱན་མིག་བག་རྟ་ཤི་བའི་རོ་ལ་གཡེང་།།
གཙང་བོ་རབ་མེད།
དོ་ཞག་མིག་གིས་མཐོང་བ་ལ་ཁའི་ཆར་བ།།
དེ་རུ་རྒྱང་ཐག་རིང་བ་མི་ཚེའི་ལས་འཕྲོ།།
ལན་གཅིག་ཞེ་འདང་ལྕི་བ་སྔོན་མའི་ལོ་ཟླ།
ཕྱི་ལྡོག་སྤུ་ཙམ་ཨེ་ཡོད་གཙང་བོ་རབ་མེད།
འདི་ན་དབྱར་གྱི་ཚ་བ་སྒྱུ་མའི་གོས་ཆེན།།
མི་ཞིག་ཤིང་ཅོག་འོག་ཏུ་ལྐོག་ཉལ་བྱས་འདུག།
ང་ཡིས་ཉེ་འགྱང་གང་སར་ཀི་ཞིག་བཏབ་པ།།
གློ་བུར་རྨི་ལམ་འཁྲུག་པའི་ཁ་ཆེམས་མ་ཡིན།།
རྟ་ཁྱུ་སྨག་ལ་འདྲེས་སོང་དབུ་ནག་སྡེ་བ།།
བྱམས་པའི་ལག་གདུབ་ཆག་སའི་ལྷས་ར་འདི་རུ།།
ཨ་ཁུའི་རྫི་གླུ་ཁྱེར་ཤོག་འུར་ཆ་ཁྲ་བོ།།
རི་རྩེའི་རྟ་ཁྱུ།
དང་ཐོག་འུ་གཉིས་དབྱེར་མེད་གཞན་གྱི་གྲིབ་མར་ཁེན།།
གློ་བུར་མི་ཚེའི་གནས་མལ་དགུན་ཁའི་ཙག་ལ་ཤོར།།
སྨྲེང་བའི་གཞས་ཆུང་ངག་གིས་མ་འཁྲོལ་ཁ་ཁར་ལུས།།
དབུ་ནག་སྡེ་བར་དཔྱིད་ཁའི་འཇའ་འོད་མག་མོག་འཐིབ།།
དང་ཐོག་ཕར་ཚུར་ཉི་མའི་དྲོད་ཀྱིས་བཟི་ཤིང་ཉལ།།
གློ་བུར་སྒེར་གྱི་མིག་ཤེལ་མཚན་མོའི་རླུང་གིས་གཏོར།།
སྐྱིད་སྡུག་སྨག་ལ་འཐབ་པའི་ལས་སྐལ་རྨང་ནས་ཚར།།
སྲིད་པའི་གོད་ཆག་འདི་ཕྱི་བར་གྱི་ལྟ་མོར་གྱུར།།
དང་ཐོག་ཕྱི་ནང་ཆ་ཤེས་རེ་ལ་འོ་དྲི་འཐུལ།།
གློ་བུར་མ་ཤི་གསོན་ལ་རེ་བའི་རྨི་ལས་སད།།
ཇི་སྲིད་སྙིང་དང་མཆིན་པའི་ན་ཚ་མ་ཞུ་བར།།
ལས་འཕྲོ་ཨ་སྔོན་སྟོང་བའི་ངོས་སུ་ཅི་ཞིག་འབྲི།།
ལ་ཁའི་འཇའ་སྣེ་མ་ཟིན་ཨ་གསར་མཆི་མས་བརླན།།
རི་རྩེའི་རྟ་ཁྱུ་ལ་ཡང་སྨྲེང་བའི་ལྷན་པ་ཐེབ།།