རྩོམ་པ་པོ། ཕན་བདེ།
ལམ་དང་ལྟ་བའི་མགུར།
ཚོག་དྲུག་སྣང་བ་ཡིད་ཀྱི་གཟུངས་ལ་བཅོལ། །
སེམས་ཀྱི་དག་ཞིང་འདི་ཕྱིའི་མཚམས་ལ་བྲིས། །
མཚམས་དེའི་གནས་མལ་རྒྱལ་བས་མ་གཟིགས་ན། །
བདེ་མཆོག་དགའ་མའི་མལ་སྟན་སུ་ཡིས་འཚོར། །
རིག་དྲུག་འགྲོ་བའི་ཡིད་རིས་སྣ་ཚོགས་ཤིག །
སྣང་བ་འཇའ་ཡི་དར་སྐུད་ལ་བརྒྱུས་པས། །
འདི་སྣང་འདོད་འདུན་མུ་མཐའ་བྲལ་བ་དེ།།
ཡོད་ཅེས་སོ་སོར་ཚད་མས་འཇོག་ཚུལ་ཞིག།
ཞེན་སྣང་སྒྱུ་མའི་རས་ཡོལ་ཕྱེས་པའི་མཇུག །
སྣང་སྟོང་མེ་ལོང་ངོས་ཀྱི་སྙིང་པོའི་ཆོས། །
འཇམ་རྩིབ་ལྕི་ཡང་བྲལ་བའི་བདུད་རྩི་ཡིས། །
གཟུང་འཛིན་ཡོལ་གོ་སྣང་བའི་ཕྱི་རུ་དེད། །
ཡོད་དེ་ཟླ་གཟུགས་མཚོ་ལ་ཕོག་འདྲ་ཞིག །
མེད་དེ་དབྱིབས་དང་ཁ་དོག་བྲལ་བ་ཞིག །
ཡིན་ཏེ་བཟང་ངན་བརྗོད་དུ་མེད་པ་ཞིག །
མིན་ཏེ་བློ་ཡིས་དམ་བཅའ་ཆོག་པ་ཞིག །
དེ་ནི་དམ་པའི་དོན་ཞེས་རྒྱལ་བས་བསྔགས། །
བསྔགས་དོན་བདག་འདྲའི་བློ་ཡིས་དཔོག་མིན་མོད། །
ལོ་མང་ཟམ་དོན་རྣ་བར་ཐོས་པའི་དོན། །
ཡིད་དཔྱོད་ཚིག་གིས་བརྡ་ལ་བསྐྱོན་པ་ཙམ། །
རང་གི་མི་ཚེར་གཞིག་པ།
རྗེ་མི་ལ་ཁོང་དགོན་པའི་གནས་ནས་བསྡད།།
མགུར་བཅད་མ་ཡིས་ཆོས་འཁོར་འགྲོ་ལ་གསུངས།།
ཡིད་ཚོགས་དྲུག་གི་སྣང་བ་རྦད་དེ་བཅད།།
ཚུལ་དེ་དོན་ལ་བསམ་ན་བདེ་བདེ་ཞིག།
ལྷ་ངང་དཀར་གྱི་བུ་མོ་དབྱངས་ཅན་མ།།
བདག་གུས་ཆུང་གི་མགྲིན་པར་བཞུགས་སུ་གསོལ།།
དོན་དགེ་ལེགས་ཀྱི་རི་མོ་འབྲི་འདོད་པས།།
གཏམ་མགུར་གླུ་འགའ་སྣང་བའི་གཞུ་ལས་ཤོར།།
ལོ་གཅིག་གཉིས་ཀྱི་ཉི་མ་རྩེ་ཤར་ལ།།
གོས་ཨ་འཇམ་གྱིས་གཡོག་ནས་ཕ་མས་གཉོར།།
ཟས་སྦྲང་དཀར་དང་མར་ལོས་གསོས་པ་ཡི།།
བུ་ང་འདྲ་ནི་ཕ་མའི་སྲོག་མིག་ཡིན།།
དེང་འཁོས་ཆུང་གི་སེམས་པ་སྨྲེང་ནས་གདའ།།
ཡིད་ཡོལ་གོ་ལ་ཆུ་ཕྲན་འཁྱིལ་ནས་གདའ།།
དཔྲལ་སྨིན་མཚམས་ལ་ཆུ་སྣེ་ཐོན་ནས་གདའ།།
མིག་ཁྲ་ཆུང་ལ་རི་མོ་བྲིས་ནས་ཡོད།།
སྡེ་བཙན་ཕྱུག་ཚོ་ང་རང་སྐྲག་ས་ཡིན།།
རྒྱུ་དབང་ལྡན་ཚོ་ཨ་འགྲིག་ཆ་འགྲིག་རེད།།
ཕྱི་ཆ་འགྲིག་ཅིག་ཨ་ཕོས་མ་རྙེད་པས། །
ལོ་ཉེར་བརྒྱད་ལ་འཁོར་མེད་མྱི་རྐྱང་ལུས།།
གཏམ་ཀུ་རེ་འགའ་བཅད་མའི་དབྱངས་ལ་བསྐྱོན།།
སེམས་སྐྱོ་གདུང་གི་མཆི་མ་འདི་ཡིས་ཕྱིས།།
སྔོན་ཕ་མེས་ཀྱིས་བཞག་པའི་དབྱངས་རྟ་ལ།།
ཡིད་ཆགས་སྡང་གི་བླ་སྲོག་གསར་བ་སྦྱར།།
2015 5 25