མར་བཟའ་བློ་སྒྲོལ་གྱིས་གསར་དུ་བྲིས་པའི་སྙན་ངག་སྐོར་ཞིག

373

ཡཡཡ.jpg

       བྱ་ཁྱུ་དཀར་པོ།

 

ཚེར་ལོ་ལྡེམ་ལྡེམ་གཡོ་བའི་གནས་དེ་རུ།

ང་ཡི་སེམས་ངལ་གྱི་སྐྱོ་བ་དག་ཤུགས་ཀྱིས་གྱེར་ཞིང་།

ལས་དབང་གི་བྱ་ཁྱུ་ཞེ་རུ་བསྙལ་ནས།

སྟོང་བསམ་གྱི་ཕོ་བྲང་དང་།

ཡི་གེའི་བྱིན་རླབས་རྐང་ལ་ཕབ།

རེ་ཐག་གི་མཚོ་མོ་སྐམ་གྱིན་པའི་དུར་ཁྲོད་ལ།

རང་དབང་གི་གཤོག་པ་ཐོགས་པའི་བྱ་ཁྱུ་དཀར་པོ་ཞིག་བབས་ཉིན་ནས།

གཞིས་ཀ་འདི་གཙང་པོ་ཆེན་པོ་ཞིག་ཏུ་གྱུར་ཅིང་།

གཙང་པོ་འདིའི་འགྲམ་རྒྱུད་དུ།

ང་ཡི་རྨི་ལམ་གྱི་ལྗང་ལོ་ཤུག་ཤུག་ལྡེམ།

ལྷ་ཚོགས་ཀྱིས་གདུལ་དུ་མེད་པའི་ཡུལ་ལྗོངས་ནད་པ་འདི་ལ།

ལོ་ཟླ་གང་རུང་གི་དབྱར་ཁ་བསུས་ཤིང་།

གཙང་པོ་གང་མང་གི་ཆུ་སྐ་དྲངས་པས།

ང་ཡི་ཐན་སྐམ་གྱི་ས་གཞི་རྨང་ནས་བརླན་ཏེ།

ང་ཡི་མགྲིན་པ་ཡང་ཡང་བརྣང་དུ་བཅུག

གཤོག་པ་ཆ་གཅིག་གིས།

ས་གནམ་གཉིས་ཀྱི་ཁ་ཞེང་འཇལ་ཆོག་ལ།

སྲིད་པ་འདིའི་བརྩེ་བའི་རྒྱབ་རི་བྱས་ཀྱང་ཆོག

ང་ཡི་དུངས་སྣང་གི་ཡི་གར་བབས་པའི་བྱ་ཁྱུ་དཀར་པོ།

13883669_1131181526939346_180915437_n.jpg

་  

     བུམ་ནང་གི་ནམ་མཁའ།    

 

ཟིལ་བ་མ་སྐམ་པའི་མེ་ཏོག་གི་འདབ་ལོ།

སྨུག་རྒྱུས་མ་ཟིན་པའི་སྲོད་དུས་ཀྱི་འཇའ་ཚོན།

ཉི་འོད་སྐེད་ལ་བཅིངས་པའི་སྲིད་པའི་ནམ་མཁའ་གོར་གོར།

ཟླ་བ་ཁས་ནས་བཟའ་བའི་ཐོ་རངས་སྐྱ་མདའ་དང་པོ།

ཡུམ་ཆེན་གྱི་རུམ་ཁ་ནས་བོར་བའི་སྣང་བའི་གླུ་སྐད།

འདི་དག   དུས་གཏན་དུ།

ཟིལ་བ་ཁྲོམ་ཁྲོམ་གྱི་ན་ཚོད་ཡིན་ན།

ཆར་བས་བརླན་པའི་མེ་ཏོག་གི་མགོ་རྒྱན།

ཟེའུ་འབྲུ་མ་བཏོག་པའི་སྤང་ཤོད་ཀྱི་ཡུ་མོ།

འཁོར་བའི་ཞིང་ཚིགས་ནས་སྨིན་པའི་སྣང་བའི་བྱ་ཚོགས།

མེ་ལོང་གི་གས་ཁ་ནས་བབས་པའི་ཉལ་ཐའི་མེ་ཏོག

ཚེར་ལོ་ཤུག་ཤུག་གཡོ་བའི་སྡིག་སྒྲིབ་ཀྱི་ཉིན་ཞག

འདི་དག  ང་མ་འཆི་བར་དུ།

ལྗང་ནེམ་ནེམ་གྱི་གཞིས་ཀ་ཡིན་ན།

                                    ༢༠༡༦•༢•༧ཐང་སྐོར་ནས།
IMG_6296.JPG

     སེམས་པའི་གཞུ་མོ།

 

ཕ་ཡུལ་དུ་ལོག་པའི་ལམ་བར་ནས།

ཡིད་སེམས་ཀྱི་སྐྱོ་བ་དག

གྲོང་ཁྱེར་གྱི་ཆང་ཟོམ་དུ་བླུགས་ཏེ།

དགུན་ཟླ་རིང་བའི་ཨར་འདམ་གྱི་ཁང་བ་དག་ལ།

གཙང་པོའི་ཕ་རོལ་གྱི་དྲན་པ་གླེང་།

ཐམ་མདོག་ཏུ་གྱུར་ཡོད་པའི་གྲོང་ཁྱེར་གྱི་ནམ་མཁའ་རུ།

སྐྱོ་གདུང་གི་སྐྲ་ལོ་རབ་ཏུ་སྐྱེས་ཡོད་ཀྱང་།

དུས་ཚོད་ཁུར་བའི་གྲོང་ཁྱེར་གྱི་མགྲོན་པོ་ཚོའི་ལུས་སྟེང་དུ།

སཱ་ཁི་སུའི་རོལ་དབྱངས་ལྟ་བུའི་རང་དབང་གི་ང་རོ་ཞིག་ལྷོད་ཀྱིས་སིམ་སྟེ།

གང་ནས་འོང་ཞིང་། གང་ལ་འགྲོ་དགོས་པའང་བརྗེད་འདུག

སྲང་སྣེ་སྲུང་བའི་བགྲེས་པོ་འགས།

བྲེལ་འཚུབ་ཀྱིས་དེད་པའི་མི་ཚོགས་ཀྱི་ངལ་དུབ་བརྐུས་ཏེ།

རྣོ་ལྕགས་བསླེས་མའི་ཟམ་པ་ཞིག་བཞེངས་ཤིང་།

མི་ཚོགས་ཡང་ཡང་དེ་རུ་བརྒལ་དུ་བཅུག་རྗེས།

མི་ཚོའི་ལུས་སྟེང་གི་རྔུལ་ཆུས།

གྲོང་ཁྱེར་གྱི་རྫབ་དྲི་དག་འཁྲུད་པར་བྱེད།

                   ༢༠༡༦ལོའི་ཟླ་༡པོའི་ཚེས་༡༤ཉིན་ཆུ་འདུ་ནས།
13866566_1131398013584364_1042217014_n.jpg

   ཟླ་ཚེས་ཁུག་པའི་སྙན་ངག     

                              བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ།                                           

 

མཚན་མོ་འདིའི་ལག་པ་རིང་བོ་དག

གསའ་གསེང་དག་ནས་བསྲིང་ཡོང་དུས།

ང་ལ་ཆག་འཇིག་གི་བྲེད་ཤ་རྒོད་ཅིང་།

རྣམ་ཤེས་ཀྱི་ངལ་དུབ་རབ་ཏུ་ལྕི་ན་ཡང་།

ང་རང་སྔར་བཞིན།

མིའི་རིགས་ཀྱིས་རྒོད་དུ་ཤོར་བའི།

ཡུ་མོ་གཅེར་བུ་དེ་ཡིན་འོས།

མཚན་མོའི་རྣམ་ཤེས་ཀྱི་དབྱངས་གྱེར་མཁན་དེ་ཡང་ཡིན་འོས།

མུན་པ་འདི་བར་མཚམས་ཤིག་ལ་དྭངས་འགྲོ་ངེས།

དབྱར་ཁ་འདིའི་མཛེས་སྡུག་ཀྱང་ལོག་ཡོང་ངེས།

བདག་གི་མངར་སྐྱུར་གྱི་སྲོད་ཀྱི་དགུན་ཁ་ལ།

སྐྱིད་སྡུག་གི་ཁ་བ་འབབ་མཚམས་འཇོག་ངེས།

རྔུལ་ནག་གིས་སྦངས་པའི་གཞོན་ཤ་དང་།

ཐེད་རལ་དུ་གྱུར་བའི་ལྷམ་ཆུང་དག

བར་མཚམས་ཤིག་ནས་རྨི་ལམ་དུ་འཁོར་སྲིད་ན།

ང་ཡི་སྙན་ངག་གི་ལྷ་མཆོད་དང་།

ཚེ་སྲོག་གི་གདུང་དབྱངས་དེ་ཡང་དྲན་པར་བྱོས།

                                  ༢༠༡༦ལོའི་ཟླ་༧པའི་ཚེས་༢༦གི་དགོང་མོར།     

  རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།