
རྨི་ལམ་ཡང་ན་དོན་དངོས།
ང་ཡི་ལས་ཀྱི་ཁང་ཁྱིམ་དུ།།
ཁྱེད་ཉིད་འོད་དམ་ཡང་ན་སྤྲིན།།
མ་ངེས་སྣང་བའི་རོལ་གར་གྱིས།།
སྐབས་རེར་སྣང་ཞིང་ལན་རེར་ཡིབས།།
བདག་གིས་རྣམ་རིག་རྣོ་སྐུད་ལྟར།།
རབ་ཏུ་བསྒྲིམས་ཤིང་དམ་བྱས་ཏེ།།
ཚེ་རབས་མང་པོའི་དྲན་པའི་མགུར།།།
གླིང་བུའི་མགྲིན་པར་དྲངས་བ་ན།།
སེམས་ཀྱི་ལྗོན་པའི་ཡལ་གའི་སྟེང་།།
ལྷ་དང་ལྷ་མོ་བཤུམས་པ་དང་།།
འགྲོ་བ་དག་ཀྱང་སྨྲེང་བའི་སྐབས།།
ཚངས་དབྱངས་རྒྱ་མཚོའི་མགུར་གཅིག་གིས།།
ལུས་སེམས་ཐམས་ཅད་སྐྱོམ་པར་བྱས།།
2016 5 7

དེ་དུས།
སེམས་ཀྱིས་ཅི་ཞིག་འབྲི་སྙམ་ཡང་།།
ངག་གིས་ནམ་ཞར་འཁྲོལ་དཀའ་བའི།།
སྐབས་རེར་འཇའ་ཚོན་ལྟར་ངེས་ཤིང་།།
ལན་རེར་སྨིག་རྒྱུའི་དཔེར་འོས་པའི།།
རྨི་ལམ་ཟ་ཟི་མང་པོ་ཡིས།།
སྨུག་པའི་གྱོན་པ་ཡང་ཡང་བཀླུབས།།
2016 5 3

མ་བསམ་ས་ནས།
རྟ་ཕོའི་འཚེར་སྐད་གཅིག་གིས་རྨི་ལམ་གྱི།།
རི་ལྗོངས་ག་ལ་བ་དེའི་ལྷིང་འཇགས་དཀྲོགས།།
སྣང་བ་ཟ་བའི་སྒྱུ་འཕྲུལ་གར་མ་ཡང་།།
དེ་ག་ཙམ་ནས་དྲི་ཟའི་ཡུལ་དུ་གཤེགས།།
ཡིན་ཡང་ཆུ་ཟླའི་གར་ལ་འཁྲེང་བའི་སེམས།།
སྤྲིན་དང་འཇའ་ལ་འཐབས་ཏེ་བར་སྣང་རྒྱུ།།
མེ་དང་འོད་ལ་སྦྲེས་ཏེ་འཁོར་བ་བཞེངས།།
2016 6 1

ང་ཡིས་རྨི་ལམ་བཏང་བྱུང་།
སེམས་ཀྱི་ཁ་ཚུབ་ནང་དུ་ལན་མང་པོར།།
མིག་གིས་ཅེར་ཅེར་བྱས་ཀྱང་མཐོང་དཀའ་ཞིང་།།
སེམས་ཀྱིས་དལ་བུར་ཉན་ཚེ་ཐོས་ཐུབ་པའི།།
ལུས་ལ་འབྱར་བའི་སྣང་བའི་གྲིབ་མ་འདི།།
རླུང་བུ་དལ་གྱིས་ལྡང་བའི་སྲོད་ཀྱི་དུས།།
ང་ཡིས་བོར་ཡང་གཞན་གྱིས་བཙལ་ཏེ་རྙེད།།
2016 4 28

གཙང་བོའི་གཞུང་ལ་བཏང་བའི་གཞས།
རིག་འཛིན་ཚངས་དབྱངས་རྒྱ་མཚོས།།
གཙང་བོའི་གཞུང་ལ་བཏང་བའི།།
གཞས་ཆུང་ཆུ་མིག་དགུ་སྒྲིལ།།
གཙང་བོའི་རླབས་ཀྱིས་ཁྱེར་ཡང་།།
གྲུ་མཁན་ཨ་བུ་དོན་འགྲུབ།།
རྣམ་རིག་སྤྱང་པོ་ཡིན་ཙང་།།
ཚངས་དབྱངས་སྐྱོ་བའི་གཞས་ཆུང་།།
གྲུ་ཁེམ་ཡངས་མོས་བསྐྱོར་ཏེ།།
ཀོང་པོའི་བུ་མོར་ཕུལ་བས།།
ཀོང་པོའི་བུ་མོའི་མིག་ཆུ། །
གཙང་བོའི་གཞུང་ལ་འདྲེས་བྱུང་།།
རི་དེ་གཡས་རི་གཡོན་རི།།
གཡོན་རི་བྱང་སེམས་ལྷ་རི།།
བྱང་སེམས་ལྷ་རིའི་དབུ་རུ།།
རླུང་རྟ་གཏོར་རྒྱུ་བྱུང་ན།།
གཅིག་ནི་དགེ་ལེགས་འབྱུང་བས།།
གཉིས་ནི་བསམ་དོན་འགྲུབ་པས།།
གསུམ་ནི་ཚེ་བསོད་འཕེལ་བས།།
ཨ་ཅག་ཀོང་པོའི་བུ་མོས།།
ཐུགས་ཁྲེལ་སྙིམ་གང་བསྣམས་ཏེ།།
བསམ་དོན་འགྲུབ་པའི་རླུང་རྟ།།
ལྷ་རིའི་དབུ་ལ་གཏོར་བྱུང་།།
2016 3 12

ལས་སྐལ།
ལམ་གྱི་ཁུགས་པ་མང་པོ་བརྟོལ་བ་དང་།།
ཆུ་ཡི་བཞིན་རས་མང་པོ་བྱིལ་བ་ཡི།།
སྐྱེ་དགུའི་དགའ་སྡུག་འབྲི་བའི་ང་རང་ལ།།
དགའ་སྐྱོ་མཆན་ལ་འཇུག་རྒྱུའི་རྫོང་བ་ཡོད།།
མིད་པས་འཁྲོལ་པར་དཀའ་བ་དེ་མུར་བྲིས།།
སྨྱུག་གུས་བཞེང་བར་ཁེགས་པ་ནང་དུ་བསྐུངས།།
ལྷན་སྐྱེས་ཚོར་བ་སྐྱེན་པོས་དེད་པའི་ཚེ།།
དུར་ཁྲོད་ཁོ་ན་རང་གི་གཞིས་སུ་མཐོང་།།
སྣང་ཞེན་མེ་ཏོག་ཚོས་པའི་ཁམས་དེ་ཡང་།།
མིག་ཟུང་ཕྱེས་པས་གཡང་གཟར་ཁོ་ནར་རྟོགས།།
རྦ་རླབས་ཆལ་ཆིལ་སྤྲིན་དཀར་ལང་ལོང་གིས།།
ལས་ཀྱི་གཟུངས་ཐག་རིང་མོ་རང་ལ་བསྐོར།།
སྐྲ་ལོས་ལན་བུར་སྦྲུམས་པའི་སྨུག་པའི་ཞགས།།
སྤྲིན་པས་བརྒལ་ཐབས་བྲལ་བའི་རི་ལ་འགོས།།
ཚ་དྲོད་ཁོ་ནར་གཞོལ་བའི་འཁོར་བའི་མིས།།
ལག་ཟུང་རྐྱང་བས་སྙན་ངག་རིང་མོ་བྲིས།།
2015 6 21
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།