གཡུ་ཆུང་གི་སྙན་ངག་སྐོར་ཞིག་བདམས་བཀོད།

438

13816921_1125446910846141_1167968845_n.jpg

          ཟླ་བཞི་བ།   

 

དེ་ནི་དགུན་ཁ་ཞིག་ཡིན་ནམ

ཁངས་ཆར་གྱིས་ཁྱེར་ཡོང་བའི་ཁྱེད་ཀྱི་ངོ་གདོང་འཁྱག་པ་དེ་ཡིན

ངས      ཁྱེད་ཀྱི་མ་འོངས་པ་རི་མོར་བཞེངས་ནས

དེ་ལ་ཚོན་རྩི་སྣ་ནང་ཞིག་བྱུག་ན་འདོད

ཁྱེད་ཀྱི་མ་འོངས་པ་དགུན་ཁ་ཞིག་ཡིན་ན

ཁ་བ་ད་ལྟ་ནས་འབབ་ཀྱིན་འདུག

གཡང་གཟར་དུ་ལྕེབས་པའི་སེམས་དང་སེམས་པ

ཟིན་ཐབས་མེད་པའི་མཇའ་ཡི་མེ་ཏོག

ཟླ་བཞི་བ     ཟླ་བཞི་བ… …

                                   ༠༡༥/༩/༦ཉིན་ཡུལ་ཤུལ་ནས།

          ཕ་ཡུལ།

 

ཁྱོད་ཀྱི་ཀོ་གྲུ་ལ་བསམ་ནས

བདག   གཙང་བོའི་གཞུང་ལ་གླུ་ཆུང་བླངས

ཁྱོད་ཀྱི་མ་འོངས་པར་བསམ་ནས

བདག   སེམས་ཁྲལ་དང་ངལ་དུབ་ཀྱིས་མནར

ཁྱོད་ཀྱི་ཕྱི་ནང་ལ་བསམ་ནས

བདག   འདྲི་རྟགས་དང་ཐེ་ཚོམ་གྱིས་བཀང

ཁྱོད་ཀྱི་ཁྲེལ་གཞུང་ལ་བསམ་ནས

བདག   ཚུལ་འཆོས་དང་རིང་དུ་བཀྱེད

ཁྱོད་ཀྱི་ནར་སོན་ལ་བསམ་ནས

བདག   བརྩེ་གདུང་དང་བསམ་གཞིགས་ཀྱིས་ཡང་ཡང་དམུར

ཕ་ཡུལ   ལས་བསྐོས་ཀྱིས་གནང་བའི་གངས་རི

ཕུགས་བསམ་གྱི་གནམ་སའི་མཚམས་སུ

ཁྱོད་ཀྱི་ངོ་གདོང་ཧ་ཅང་གྲང

ཕ་ཡུལ   ཞེན་ཆགས་ཀྱི་སྣེ་རུ་འབྱར་བའི་སྤང་ཐང

འདམ་མྱགས་སུ་འགྱུར་བཞིན་པའི་ཁྱོད་ཀྱི་འབྱུང་གཞི་ལ

ཇི་ལྟར་བྱབས་ཁྲུས་རྒྱག་ཨང

བསམ་གཞིགས་དང་བརྩེ་གདུང་གིས

བདག    ཡང་ནས་ཡང་དུ་དམུར

                                       ༠༡༦/༥/༧མཚན་མོར།

གཏམ་རྒྱུད་དེའི་ཕྱི་ནང་།

 

བསིལ་རླུང་མ་གཡུག་པའི་སྔ་རོལ་དུ

ཁྱོད་ཀྱང་རྒྱུས་མེད་ཡིན་ལ     

ཞེན་ཆགས་མ་ཤོར་བའི་ཉིན་མཚན་དུ

ངའང་ཆ་མེད་ཡིན

འོན་ཏེ    ལས་སྐལ་གྱི་ས་བོན་ནམ་ཞིག་བཏབ་པ་མ་ཚོར་ལ

ཁྱོད་དང་ལུ་གུའི་གཏམ་རྒྱུད་དེ

བདག་གི་སྤང་ཐང་དུ་བཀྲམ་པའང་གོ་རིམ་མ་ངེས

ལོ་ཟླ་ལྡོག་བཞུར་གྱི་གཙང་བོ་བཞིན་འཇོ་དུས

ཆང་དཀར་གྱི་ཝུ་བ་ལྟར་དཀར་བའི་སེམས་འདུན་དེ་དང

ཁྱོད་ཀྱི་མིང་ཡིག་ཁོ་ན་སྙིང་དབུས་སུ་བསྒོམས་ཏེ

ཚད་མེད་པའི་སྐྱོ་གར་མང་པོ་མྱངས

ཁེར་རྐྱང      དུས་བཞིའི་འགྱུར་བག་ཁྲོད

ན་བུན་གྱིས་བཏུམ་པའི་རྨི་ལམ་དེ་དག

གསང་བ་ལྐོག་གྱུར་གྱིས་ཁྱོད་ལ་བཤད་ཀྱང

ལག་བརྡ་ཡམ་ཡམ་དེས་གོ་ཐབས་ཡེ་ནས་མ་བྱུང་ཟེར

ཕྱིར་འདང་ཞིག་གི་རྐྱེན་པས    ངས་ཅི་ཡང་མི་འདྲི་སྟེ

ཁ་དང་ལག་པ་མང་ས་ནས    ངས་གང་ཡང་འདྲི་མི་ཕོད

                               ༠༡༤/༡༢/༡༨ཉིན།

      འཆི་བ།

 

ས་སྲོས་ཤིག་ལ

ཁྱོད་ཀྱིས་གྲང་འཁྱག་གིས་བཟུང་བའི་ལུས་ཕུང་འདི

སྦྲུལ་ཤུན་བཞིན་དོར་ནས་ཉི་ནུབ་ཀྱི་ཕྱོགས་སུ་ལོག་དུས

རྒྱང་རིང་མ་ཡིན་པའི་རྒྱང་རིང་གི་གྲུ་ཁ་དེ་ནས

བྱི་ལ་དཀར་ཆུང་དང    ཨ་ཕའི་ལུག་ཁྱུས

གཏན་དུ་ཁྱེད་ཀྱི་ལོག་ཕེབས་ལ་བསྒུག་ངེས

དེ་ནི་མེ་ཏོག་གི་ནམ་ཟླ་ཡལ་བའི་སྟོན་མཇུག་དེ་ཡིན

ཁྱེད་ཀྱི་རྨི་ལམ་གྱི་མངའ་ཐང་བོར་བའི་ཉིན་ཞག་དེ་ཡིན

                        _༠༡༥/༡༡/༡༥ཉིན་ཁམས་སྟོད་ནས་བྲིས།

         རི་མོ།

 

གསལ་ལ་མི་གསལ་བའི་འཛུམ་ཆུང་དེ

ཞོགས་པའི་ཟིལ་བ་ལྟར་དྭངས་ཤིང

མིག་ལ་ཐོགས་པའི་སྐྲ་ལོའི་ལན་བུ་རེ་རེ་

འགྲེལ་དུ་མེད་པའི་སེམས་ཀྱི་དབྱར་ཁ་རེ་རེ

འགྲུལ་བཞུད་ཀྱི་གོམ་ཁ་མགྱོགས་དྲགས་པས

བདག་གི་མོས་འདུན་གྱི་མདུད་པ

མི་ཚོགས་ཀྱི་འཚང་ཁའི་ཁྲོད་ནས

དུས་ཚོད་ཀྱི་སྔ་གཞུག་ཙམ་གྱིས་སྐད་ཅིག་གིས་གྲོལ་དགོས་བྱུང

ཁྱོད་རང    ངལ་དུབ་ཀློང་གི

དུས་ཚོད་ཀྱིས་བཟོས་པའི་གཟུགས་བརྙན་དེ་མ་ཡིན

དཀར་ངོགས་མེད་པའི་ཞིང་གྲོང་དེ

ཁྱོད་རང་མཛེས་སྡུག་གིས་ཕྱིན་པའི་གནས་ཡུལ་དེ་ཡིན་ནམ

དགུན་ཟླ་འདི་ལ

བྱང་ཐང་གི་མེ་ཏོག་འཐུ་བའི་བུ་མོ་ཁྱོད

ཚོད་ཚོད་ལ་དཀར་བོང་བོང་གི་ཁ་བ་ཞིག་ཏུ་གྱུར

དེ་ལྟར་ནའང

                        ༠༡༦/༡/༡༥མཚན་མོར་ཟི་ལིང་ནས།

    རྨི་ལམ་སྔོན་མོ།

 

ལམ་བུ་མི་གཅིག་ལ

དམིགས་ཡུལ་མི་གཅིག་པའི

དགའ་སྐྱོ་མང་པོ་མང་པོ་ཞིག

སེམས་ཀྱི་ནང་རོལ་ནས་འདོར་ཐབས་མེད་ནའང

ཉི་མ་ནུབ་ལ་བརྒལ་བའི་དུས་དེ་ཙ་ན

སྙན་ངག་ལྟ་བུའི་རྨི་ལམ་རིང་མོ་ཞིག་གིས

བདག་གི་དུས་གསུམ་ལ་གྱེས་བརྡ་གཏོང་ངེས

སླར་ཡང

མིག་ལ་ཐོགས་པའི་རྒྱབ་གཟུགས་དེའི་དབང་གིས

ཞེན་ཆགས་ཀྱི་མདུད་པ་མ་གྲོལ་རུང

ཁྱོད་ཀྱིས་རྟོགས་ཐབས་བྲལ་བའི་གབ་ཚིག་ཅིག

ཚེ་གང་གི་རྨི་ལམ་དུ་སྦས

མནར་གཅོད་ཀྱི་དཀའ་ལས་ཇི་ལྟར་ཆེ་ཡང

ཁྱོད་གཏན་དུ་བདེ་ན་དེ་ཀས་ཆོག་ཨང

ནམ་རྒྱུན་སེམས་ཀྱི་འཁྱག་ས་ཞིག་ནས

ཁྱེད་རང་མཐོང་ཡོང

འཁྲུལ་སྣང་དེའི་རྐྱེན་པས

རྒྱང་རིང་རྒྱང་རིང་ཞིག་ལ་སྨོན་ལམ་བཏབ་ཀྱང

སྐྱོ་ངལ་ལྷག་མ་ཞིག་ལས་གང་ཡང་མི་འདུག

མ་གཞི     མི་ཚེ་དང་བརྩེ་དུང་ནི་དེ་ལྟར་ཨེ་རེད

                             ༠༡༤/༥/༡༡མཚན་མོར་རྨ་ལྷོ་ནས།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།