
སྨུག་པའི་རྟ་ཕོ་སྲིབ་འདེད།
རླུང་བུ་གྲང་མོ་ཤར་ནས་གཡུག་ཅིང་ནུབ་ཏུ་གཡུག །
སྨུག་པའི་རྟ་ཕོ་ཉིན་ནས་འཚེར་ཞིང་སྲིབ་ནས་འཚེར། །
རྨི་ལམ་བུ་མོས་ཆང་གཞས་ལེན་ཞིང་ཞབས་བྲོ་རྒྱག །
འཁོར་བ་མལ་ནས་འཇགས་ཀེར་ཉལ་དོན་ག་རེ་ལགས། །
འདོད་པའི་བུ་ལོན་གཟན་ཤམ་འོག་ཏུ་དམ་ལ་བཏགས། །
རང་སེམས་ཕྲ་མོ་བསླབ་པའི་མེ་ལོང་རྒྱབ་ཏུ་བཀག །
སྲིད་ལ་ཞེན་ཞིང་ཆོས་ཀྱི་གཟིངས་ལ་སྡོད་པ་ཡི། །
ཀ་ཡེ་སྡོམ་པ་བཙན་གྱིས་བསྡམས་པའི་ཚོར་བ་ཅི། །
རྨི་ལམ་ངོགས་ཀྱི་ལྷ་མོ་སྙིང་དུ་བདོག་པས་ན། །
འཁོར་བའི་པང་ནས་ཆོས་ཀྱི་ལན་བུ་བྱིལ་བྱིལ་གནང་། །
མིག་ཟུང་བཙུམ་ནས་འཕགས་པར་ཐལ་མོ་སྦྱོར་ཙ་ན་། །
མུན་པའི་མཇུག་མ་བཅད་དམ་མ་བཅད་སྲིད་པའི་བུ། །
ཕུར་མ་སྔོན་པོའི་རྔུལ་ཆུས་བདག་གི་དཔུང་བ་བརླན། །
གཟན་སྣེ་དམར་པོ་རླུང་བུས་དལ་གྱིས་བསྒུལ་ནས་བྱུང་། །
སྲང་ལམ་སྨུག་པོའི་འཁོར་ལོ་ཁྱུ་གུས་བསྐོར་བའི་ཁྲོད། །
སེམས་ཀྱི་རྨུ་ཐག་ཞིང་ཁམས་གང་ལ་བཏད་ནས་ཡོད། །
བསིལ་རླུང་འཇམ་པོས་གདོང་གི་སྐྱོ་བ་དབྱིངས་སུ་ཕྱིས། །
ཁུ་ལོའི་དབྱངས་ཀྱིས་དྲན་པའི་ནད་རོ་འཕར་དུ་བཅུག །
སངས་འཕགས་ཆོས་ཀྱི་ཕྱི་ཤུན་དམར་པོ་དེ་ཉིད་ལས། །
འཁོར་བ་ཁབ་ཀྱི་རྩེ་མོ་སྤོང་མཁན་ག་ཙམ་ཡོད། །
ཚད་མའི་མངར་ཁའི་ཕྱིར་མི་ཟློག་པར་བྱེད་ནུས་སམ། །
རི་བོང་རྭ་ཡིས་སངས་ཞིང་བགྲོད་པའི་སྐས་ཉན་ནམ། །
ལེན་དང་རྩོད་པའི་རྣམ་བཞག་གྱོང་བོའི་ཚིག་སྐམ་ལས། །
བསླུ་མེད་ཆོས་ཀྱི་ཡང་སྙིང་འཚོལ་མི་ག་ཙམ་གདའ། །
འཁོར་བའི་ཆོས་ལ་སྙིང་བོ་ཡོད་མེད་སེམས་སུ་གསལ།།
དད་པའི་བདེ་བ་གྲོང་གི་བུ་མོའི་བྲང་ན་འབུར། །
སུམ་རྩེན་གནས་ན་བརྗོད་པ་བྲལ་བའི་དཔལ་ཡོད་དམ། །
སེམས་པ་ཕྲ་མོའི་སྐུད་པ་གང་ལ་ཐོགས་ཡོད་ཀྱེ། །
མི་གཙང་ལུས་ཀྱི་རྐྱལ་བར་ཞེན་པ་ལོག་ཡོད་དམ། །
དུག་གསུམ་ལས་ཀྱི་རྫིང་བུ་བསྐྱུར་རམ་མར་གྱུར་མགོན། །
བདག་འཛིན་ལས་ཀྱི་མ་རིག་པ་དེ་བཅད་ཡོད་ན། །
དོན་གྱི་བདེ་བ་དཀྲིགས་པའི་ཞིང་དེ་རྙེད་ཡོད་དམ། །
སངས་འཕགས་ཆོས་ལ་དད་དམ་མ་དད་ཚད་མའི་བུ། །
སྨུག་པའི་གསེབ་ན་འཁོར་བའི་ཤེའུ་ཆུང་བཞིན་གྱུར་ཏམ། །
འཇིག་རྟེན་འཁོར་བར་བྲལ་བ་དོན་དུ་མི་འགྱུར་ན། །
ཐུབ་པའི་ཆ་ལུགས་དེ་ཡིས་མི་ཕན་གྲོང་ལ་ཤོག །
016 / 7 / 17
ལྷོ་རིའི་སྨུག་སྤྲིན།
ཡིད་ཀྱི་སྨོན་པ་གཙང་བོར་སྐྱོད་དེ་ཤོར།།
སྣང་བའི་ཁ་དོག་སྨུག་པའི་ཁྲོད་དུ་ཡལ།།
ཚོར་བའི་ཞིང་གི་གར་མ་ཁྲ་ཁྲ་དེས།།
གསལ་མ་ལིང་གི་རྨོངས་བའི་སྒྲོམ་དུ་བཅུག།
སྣང་བའི་ཁམས་ཀྱི་གླུ་སྐད་ཐན་ཐུན་ལ།།
མོས་པའི་གར་གྱིས་རྣམ་པར་ཞེན་པའི་དུས།།
བསིལ་རླུང་འཇམ་པོས་དྲིལ་ཆུང་བཀྲོལ་བ་ན།།
བདག་གི་རྣམ་ཤེས་ན་གཞུང་ཁྲོད་ན་འཁྱམས།།
ཅ་ཅོའི་ངག་གིས་རྒྱ་མཚོའི་ཁྱོན་ཀུན་ཁྱབ།།
གཙང་ཆུའི་འགྲམ་ན་གར་མས་ཉམས་བརྒྱ་བཞེངས།།
དམར་སེར་སྤྲིན་ཕུང་འཁྲུགས་པའི་གསེབ་ཤེད་ནས།།
བྱེའུ་ཆུང་འཇོལ་མོའི་སྐྱོ་གླུ་ཟླ་བར་སྦྲན།།
ཁེར་རྐྱང་མཚན་མོའི་ལྷིང་འཇགས་རྡོག་སྒྲས་དཀྲོགས།།
ཕྱིར་དྲན་ཀློང་གི་ལོ་དག་གཏམ་ལ་རྒྱུས།།
སེམས་པའི་མཐིལ་ན་ཉལ་བའི་ཡིག་འབྲུ་འདིས།།
ཡིད་ཀྱི་ཞིང་ཁམས་དཀྲུག་ཅིང་གཙང་བོ་མཐུང་།།
རླུང་གི་གཤོག་པ་མཐའ་རུ་བརྐྱངས་ཏེ་འཕུར།།
ཁྲུང་ཁྲུང་དཀར་མོའི་དབྱངས་ལ་ཉན་བཞིན་སྐྱོད།།
སྲིད་པའི་ལྷ་མོ་འཁོར་བར་འཁྱམས་ཤུལ་དུ།།
གནམ་ས་འདེགས་པའི་ཀ་བ་གཅོག་གྲབས་བྱས།།
གྲང་རླུང་ཤུར་ཤུར་བུ་ཡུག་ཉུལ་ཉུལ་འཚུབ།།
སྐར་ཚོགས་དངངས་ཏེ་འདར་མ་འདར་གྱིས་འཛུམ།།
རླུང་གི་རྟ་ཕོ་དབྱིངས་སུ་ཡལ་བ་དང་།།
ཡ་ཆུང་འཆི་མའི་ཤུགས་ཀྱིས་མདོག་འདི་ཐལ།།
015 / 2 / 21
ར་བར་བསྡུས་པའི་ཀ་ཁ།
ལས་ཀྱི་ལན་ཆགས་འཇིག་རྟེན་འདི་རུ་ལུས།།
ཚོགས་དྲུག་ཟག་བཅས་འཚོ་བའི་བརྡ་མཚོན་ཙམ།།
སྣང་བ་ཟ་ཟའི་དབྱངས་རྟ་བཀྲོལ་བའི་དུས།།
བདག་གི་འཚོ་བའི་ཡང་སྙིང་ཁྱོད་ཚོ་ཡིན།།
སེམས་གྱི་གཙང་བོར་ཟམ་ཆེན་བཅོ་བརྒྱད་འཕངས།།
འོད་ཀྱི་གོང་བུ་སྤྱི་བོར་ཅོད་པན་མཛེས།།
གཙུག་གཡུ་འདོགས་པའི་བོད་མོ་རྣམ་དག་མའི།།
གངས་དཀར་སེམས་ཀྱི་མཆོད་པ་ཁྱོད་ཚོ་ཡིན།།
རྣམ་རྟོག་ང་རོའི་གདངས་ཀྱི་འགྱུར་ཁུགས་ལ།།
སྲིད་པའི་གླིང་བུ་འབུད་པའི་གར་མཁན་མས།།
དུངས་བའི་སྙན་ཚིག་དམར་བོ་བྲིས་པ་དེ།།
སེམས་པའི་གྲོང་གི་ཟླ་བ་ཁྱོད་ཚོ་ཡིན།།
སྤྲིན་དཀར་བང་རིམ་ཐོད་ལ་བརྩེགས་པའི་དུས།།
མིག་ཟུང་སྐར་ཆེན་འདྲ་བོ་དགོང་ལ་བཅེར།།
གྲིབ་ཆེན་རྒྱབ་ལ་ཁུར་ནས་ལོག་པའི་དུས།།
མཛངས་མའི་རྒྱ་ལྕང་སྐྲ་ལོ་ཁྱོད་ཚོ་ཡིན།།
ཡིད་ཀྱི་ཞིང་སར་སྨོན་ལམ་བརྒྱད་ཅུ་བཏབ།།
སྙིང་གའི་སྒྲོམ་ལ་གཏེར་ཡིག་སུམ་དྲུག་སྦས།།
ཨ་མ་རྒན་མོའི་ཐོད་གཉེར་ལས་འཕྲོས་པའི།།
གསུང་མཆོག་ཡི་གེ་འབྲི་དྲུག་ཁྱོད་ཚོ་ཡིན།།
015 / 3 /13
མེ་ཏོག་གསེང་དུ་འཛུལ་བ།
མེ་ཏོག་བསླེས་པའི་མགུར་ཆུང་འདི།།
ཁྱོད་ཀྱི་རྒྱན་དུ་འདོགས་པར་བྱ།།
ཚུར་ལ་ཕྱོགས་ནས་འཛུམ་ཙམ་གྱིས།།
གར་གྱི་སྟངས་སྟབས་ལྷོད་ཀྱིས་བསྒྱུར།།
མེ་ཏོག་བཏབ་པའི་ཞིང་ཁམས་འདི།།
ཁྱོད་ཀྱི་གཞིས་སུ་ཆོག་པར་བྱ།།
ལག་པ་གཡུག་བཞིན་འབོད་པར་བྱོས།།
ནམ་ཡང་གཅེས་པར་སྲུང་བར་བྱེད།།
རྒྱ་སེའི་མེ་ཏོག་རྐང་གཅིག་འདིའི།།
འདབ་མ་ལྷུག་པོར་གྲོལ་ནས་བཞད།།
ཚེ་འདིའི་ང་ཡི་ཡོད་ཚད་ཀྱི།།
བདག་པོ་བྱ་རོགས་སྙིང་མཐུན་མ།།
འཇིག་རྟེན་ཁམས་འདིར་གནས་པའི་དུས།།
ཆར་དང་སེར་བས་མནར་གཅོད་གཏོང་།།
ཙག་དང་རླུང་བུས་བཙན་གཡེམ་བྱེད།།
དེ་ཕྱིར་བདག་གིས་སྲུང་མ་བྱ།།
མཚན་ཐུན་རྨི་ལམ་ཐེངས་གཅིག་དུས།།
མེ་ཏོག་ཐམས་ཅད་འཛུམ་པ་མཐོང་།།
རི་ཆུ་ཀུན་ཡང་དགོད་པ་ཐོས།།
དེ་དག་ཁྱོད་ཀྱི་ཞལ་གྱིས་བཟི།།
རྩ་ཐང་ཁྱོད་ཀྱི་གདན་དུ་འདིང་།།
མཇའ་འོད་ཁྱོད་ཀྱི་གོས་སུ་བགོ།
སྤྲིན་ཕུང་ཁྱོད་ཀྱི་ཞྭ་མོར་བརྒྱག།
གཙང་བོ་ཁྱོད་ཀྱི་ཟུངས་ཁྲག་ཡིན།།
ཡར་ཆབ་སྔོན་མོས་མཆོད་ཁ་འཕེན།།
མདུན་གྱི་རི་བོས་ཁ་གཡང་འབོད།།
ཉི་ཟླའི་གོམ་གསུམ་བསུ་མ་བྱེད།།
ལྷ་ཡིས་མེ་ཏོག་ཆར་དུ་འབེབས།།
བརྩེ་བ་ཨ་ལོང་དགུ་བསྒྲིལ་ཞིག།
དུངས་བ་འོ་མཚོ་རང་འཁྱིལ་ཞིག།
གཞིས་ཁྱིམ་དྲོད་ཁོལ་འཛོམས་པ་ཞིག།
འདི་དག་ཁྱོད་ཀྱི་ལག་སྐྱེས་ཡིན།།
ཁྱོད་ལ་ཕུལ་བ་ཆུང་ཆུང་ཡང་།།
རོ་བརྒྱ་ལྡན་པའི་ཟས་མཆོག་ཡིན།།
འཚོ་བར་བཏབ་པའི་ཚ་ཁུ་ཡིན།།
ཁ་བར་བཞག་པའི་རྐང་རྗེས་སོ།།
015/12/4
མེ་ལོང་ངོས་ཀྱི་རྡུལ་ཕྱིས་པ།
དད་པའི་ཞིང་གི་མ་ཎི་གཤོག་པ་ཅན་དེ།།
ངག་གི་སྒོ་མོ་རྒྱུད་ནས་འཁོར་བར་འཁྱམས་ན།།
རི་དང་ལུང་བར་བརྒལ་བཞིན་ནུབ་ལ་འཕུར་ཞིང་།།
མཚོ་དང་གཙང་བོར་བསྐྱལ་ཏེ་ཤར་ནས་ཐོན་རོགས།།
རྨི་ལམ་ངོགས་ཀྱི་ཞིང་ན་འཕུར་བའི་ཕྱེ་ལེབ།།
དད་འདུན་ཨ་ལོང་ལེབ་མོའི་དཀྱིལ་དུ་བབས་ནས།།
ཤེལ་གྱི་མེ་ཏོག་ཞིག་གི་གོང་མདུད་བགྲོལ་དུས།།
སྙིང་ག་མིག་གི་མཆུ་མས་གཙང་བར་བཀྲུ་ཞུ།།
འཛིན་མེད་མུན་ནག་སྟུག་པོ་གོས་སུ་བཀླུབས་པའི།།
འོད་ཀྱི་ཁང་ཆུང་བདག་མེད་ལྷིང་ངེར་གནས་ཤིང་།།
མཚོ་ལ་ཟེགས་པའི་ཟླ་བ་གཞོན་ནུའི་སེམས་པ།།
ལྟོ་དཀར་ཉ་མོའི་གཤོག་པས་དྭངས་མར་ཕྱིས་ཤིག།
015 / 12/26 (རྒོངས་མོར)
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།