
__མོག་བུ་ཡེ་ཤེས་སྐྱབས།《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ། སྔ་ཕྱིར་དུས་དེབ་དང་དྲ་ཚིགས་སུ་སྙན་ངག
《གཡག་གོང་གི་ཚོ་བ》《འབྲོག་པ། 》《ཚེ་ཚེ་རབས་རབས་སུ་དྲན་ཤིང་ཡིན་ནམ། 》 ལྷུག་རྩོམ་《དགུང་ཉི་མ་འགྱ་ལ་ཁད་རེད། 》
བྱིས་པའི་གླུ་ཚིག《ནེའུ་སོ་ཨོང་རིལ》སོགས་བཀོད་མྱོང་།
ཉི་ཟླའི་འོད་ལ་གཤར་ནས་འབྲོག་མོར་སྙོབ་པ།
བོར་ཟིན་པ་འཚོལ་བ་ཇི་བཞིན་འབོར་འགྱུར་ཀྱང་འཚོལ་རྒྱུ་གལ་ལ།
དེ་འཚོལ་བར་བདེ་སྐྱིད་དང་སྡུག་བསྔལ་གཉིས་ཀ་འཁུར་ཐུབ་དགོས་སོ།།
ཁ་བྱང་གི་སྐྱོར་མ།
གཅིག སྣ་ཐིག་གི་སྣེ་མོ།
རི་རབ་དང་གཙང་པོ་བསྲུངས་པའི་གངས་ཀྱི་གཤོག་པ།
གནམ་སའི་བར་ཐག་ལ་བྲེས་པའི་འོད་ཀྱི་རྨུ་ཐག
གདོད་མ་ནས་གྲུབ་ཅིང་རྙེད་པའི་རི་མོ། རི་མོའི་ནང་གི་ནོར་བུ།
སེམས་སུ་རྨ་ཁ་གཙགས་ཤིང་སྙིང་རུས་རྡོ་ཡིས་བཅགས་ནས་བུད་སོང་བ་ཞིག
གངས་རིའི་པང་ལ་བཏབ། གཙང་པོའི་སྙིང་ལ་བསྙལ།
ཉི་ཟླ་གཉིས་ཀྱི་འོད་ལ་གཤར་ནས་བལྟས་ཚེ་འོ་མའི་མེ་ཏོག་འཁྲུངས་ཡོང་།
འཛམ་གླིང་སྒང་ལ་འཕྲོས་ཡོང་། བབ་ཆགས་ཀྱི་དྲི་བྲོ་ཞིང་ལྷིང་འཇགས་ཀྱི་མངར་འཁྱེར་ཡོང་།
དེ་ནི་ཁྱེད་ཡིན་ངེས། འབྲོག་མོ། ཡང་ན་བོད་མོ། ཐ་སྙད་ཀྱི་ཡིད་བརྙན།
གཉིས། ཁ་རླངས་ཀྱི་དྲོད་ཁོལ།
རྩྭ་མགོར་ཆགས་པའི་ཟིལ་བ་དྭངས་མོ།
ཉི་འོད་ཀྱིས་དཀྲོལ་མ་ཐུབ་པར་ལྷོད་བག་གིས་བཟི་དུས།
ཁྱེད་ཀྱིས་ཡིད་འོང་གི་ཁ་རླངས་བརྒྱབ་ནས་བསྲོས།
ཁྱེད་ཀྱིས་མཛེས་སྡུག་གི་ལག་པ་བསྲིངས་ནས་དཀྲོལ།
པགས་སྩག་གི་འདབ་མ་བརླན་ཤིག་ཤིག སྒྱེ་མོ་དྲུད་དེ་ཨོང་བ་འཐུ་བའི་འབྲོག་མོ།
ང་ཐོག་མར་ཁྱེད་ལ་འཕྲད་བྱུང་།
སྐད་ཆ་ཅི་ཡང་མ་བཤད་ནའང་། ཁྱེད་དང་འུ་གཉིས་ལ་འདྲ་ས་ཞིག་ཡོད་པ་ཚོར་བྱུང་།
དེ་ནས། ངས་ཁྱེད་སྙན་ངག་ཏུ་བཅུག
ཁྱེད་ཀྱི་སྒྱེ་མོའང་སྙན་ངག་ཏུ་བཅུག
སྐྱ་རེངས་སྐྱ་མདའ་མ་བཀྱགས་གོང་།
ཞལ་དང་ལག་པ་གཙང་མར་བཀྲུས་ནས་ནོར་རྡང་དུ་སོང་ཡོད་ངེས།
སྒྲོལ་མ་འདོན་ཞོར་དང་འབྲི་མོ་བཞོ་ཞོར་བྱས་ཡོད་ངེས།
སྐབས་སྐབས་སུ་གློ་བུར་བའི་ལ་གཞས་གསལ་ལ་མི་གསལ་བ་ཞིག་ཀྱང་བླངས་ཡོད་ངེས
ཁྱེད་ལ་འཕྲད་དུས་ཐོག་མར་འདི་དག་དྲན་འོངས།
འབྲོག་མོ། ཞོགས་པ་སྔ་མོ་ཞིག་ཡིན་ནའང་།
ཁྱེད་ཀྱིས་ལས་ཀ་ལས་ནས་ཡུན་རིང་འགོར་སོང་བ་སྨིན་མར་འགོས་པའི་ཟིལ་བས་བཤད་བྱུང་།
འོན་ཀྱང་། ཁྱེད་འཛུམ་ཙམ་བྱེད་པ་ལས་ཁ་གྲགས་མ་བྱུང་།
སྒང་མཐོན་པོ་དག་གི་རྩེ་ནས་བཞུར་འོངས་པའི་ལ་གཞས།
ཁྱེད་ཀྱི་མཁུར་ཚོས་ལས་ཀྱང་དམར་པོའི་ཞོགས་པར་གྲགས་འོངས།
ཞོགས་པ་སྔ་མོ་ཟེར་དུས། ཁྱེད་ཀྱིས་ད་ནི་ཉིན་གུང་ལོན་སོང་ཟེར།
འབྲོག་མོ། འུ་གཉིས་ཀྱི་ཞོགས་པའི་བར་ཐག་ཀྱང་རིང་བ་ལ།
ཁྱེད་ཀྱིས་འོ་བརྒྱལ་མྱངས་སོང་། མིག་ཟུང་དུ་དཀའ་ལས་བབས་མེད་པ་དེ་མཚར་རོ།
ཁྱེད་ཀྱི་རྐང་རྗེས་སུ་བལྟས་ནས་ངས་ཅི་ཡང་ཞུ་མ་ནུས།
རྐང་བ་ཤེད་ཀྱིས་བླངས་ནས་མེ་ཏོག་མི་གཅོད་པའི་ཁྱེད།
ཁྱེད་ཀྱི་སྟངས་སྟབས་ལ་ཅེར་ནས་ངས་ཁ་རླངས་ཀྱང་རྒྱགས་མ་ཕོད།
ལག་པ་རྒྱང་ལ་གཡུག་ནས་འབུང་མ་མི་དཀྲོགས་པའི་ཁྱེད།
ངང་ཆུང་གི་འབྲོག་མོ། སེམས་ཆུང་ངང་ཕྱི་མིག་ཀྱང་མེད་པར་བུད་སོང་།
རྒྱབ་གཟུགས་སུ་ང་དང་སྤང་ལྗོངས་གཅུད་ནས་སོང་། ལྷིང་འཇགས་ཀྱང་བཅུས་ནས་སོང་།
འབྲོག་མོ། གོམ་པ་དལ་གྱིས་བླངས་ནས་སོང་། པགས་སྩག་གི་གོང་ཁ་ང་ལ་བཞག་ནས་སོང་།
གོང་བའི་གསེང་གི་ཁ་རླངས་ང་ལ་བཞག་ནས་སོང་། ཁ་རླངས་ཀྱི་དྲོད་ཁོལ་གྱིས་ང་རུམ་ནས་བསྡད།
ངས་ཁྱེད་ཧ་ཅང་དྲོ་ཞེས་བཤད་དུས། ཁྱེད་ཀྱིས་གོ་ཡོད་ཚོད་མ་རེད།
འུ་གཉིས་ཐུག་དུས། ཁྱེད་ཀྱི་ལག་པར་འོ་དྲི་ཐི་ལི་ལི།
འོ་དྲིས་ནམ་མཁའ་བཀབ་ནས་ལག་བརྡ་ཞིག་བྱས་ནས་བུད་སོང་།
འུ་གཉིས་ཐུག་དུས། ཁྱེད་ཀྱི་ཁ་རླངས་ལ་རྩམ་དྲི་ཀྱི་ལི་ལི།
རྩམ་དྲིས་སྤང་ཐང་གཡོགས་ནས་ཁོང་དགོད་ཅིག་བྱས་ནས་བུད་སོང་།
འུ་གཉིས་ཐུག་དུས། ཁྱེད་ཀྱིས་མཁུར་ཚོས་ལན་བུས་གབ་ཡོད།
མགོ་བོ་སྒུར་ནས་ངོ་གདོང་གོང་བའི་གསེང་ལ་སྦེད། ལག་པའི་ནང་དུ་འུར་ཆ་ཡང་ཡང་བཤར།
མིག་ཟུང་ཀེམ་ཀེམ་གྱིས་གདོང་ལ་མི་ལྟ། འགྲོ་ཁར་ཕྱི་མིག་ཟད་པོ་དག་ཀྱང་མི་འཇོག
སྐད་མགོ་མཐོན་པོའི་ངང་ནས་ཨ་ལན་མི་སྤྲོད། དྲི་ཚིག་མང་པོ་བཞག་ནས་ཀྱང་མི་འགྲོ།
ཁ་རོག་གེར་ཡོང་ནས་ཁ་རོག་གེར་བུད་འགྲོ།
འོན་ཀྱང་། ཁྱེད་ཀྱི་རྐང་རྗེས་ཀྱི་གསེབ་ཏུ་རྒྱང་རིང་བྲིས་ཡོད།
འོན་ཀྱང་། ཁྱེད་ཀྱི་གྲིབ་གཟུགས་ཀྱི་ཀློང་དུ་མ་འོངས་བཏེགས་ཡོད།
གནམ་སའི་དྲོད་ཁོལ་གྱིས་འཚོས་པའི་བུ་མོ།
རླུང་གི་གདུག་རྩུབ་ཀྱིས་མགར་བའི་བུ་མོ།
ཁྱེད་ལ་འཕྲད་དུས།
ཁྱེད་ཀྱིས་གཞན་གྱི་ཕ་མིང་དང་ཆོ་ལོ་མི་འདྲི།
ཁྱེད་ཀྱིས་རང་གི་རུས་མིང་དང་སྐྱེ་ཁུངས་ཀྱང་མི་གཤུར།
འོན་ཀྱང་། ཁྱེད་ཀྱི་སྐད་ཆའི་ཁ་དོག་ལ་འབྲོང་རྒོད་ཀྱི་རྣམ་ཤེས་འཐོགས་ཡོད།
འོན་ཀྱང་། ཁྱེད་ཀྱི་གོས་ཚར་གྱི་གོང་ཁ་ན་གཡང་འབྲིའི་ཚེ་སྲོག་འཁྱིལ་ཡོད།
འུ་གཉིས་ལན་ཚིགས་ཐུག་ནས་དེ་མུར་གྱེས།
ཡང་ན་འུ་གཉིས་གཏན་དུ་གྱེས་མ་མྱོངས།
འོ་མགོ་ལྷ་ལ་མཆོད་ཤེས་ཤིང་འོ་གཞུག་བེའུ་ལའང་སྐྱུར་ཤེས་པའི་ཁྱེད།
ཚིག་མགོ་ཨ་ཡིས་དྲངས་ཤིང་ཚིག་རྔ་ཡ་ཡིས་སྡུད་པའི་ཁྱེད།
སྐད་ཆ་མང་པོ་མེད་ལ་སྐད་ཆ་ལྷག་མའང་མེད་པའི་ཁྱེད།
མདོར་དེད་ན་བརྡ་སྤྲོད་ཀྱི་མེ་ལྕེ་ཞིག་སྟེ། འབྲོག་མོ། ཡང་ན་བོད་མོ། ཐ་སྙད་ཀྱི་ཡིད་བརྙན།
འུ་གཉིས་ཐུག་དུས། ཁྱེད་ཀྱིས་སྒྱེ་མོ་དྲུད་ནས་ཨོང་བ་འཐུ་བའི་སྒང་ཡིན།
མིག་ཟུང་ཀེམ་ཀེམ་གྱིས་གཡས་ལ་བལྟ་ཞིང་གཡོན་ལ་ཅེར།
སྐེད་པ་ལྡེམ་ལྡེམ་གྱིས་ཕར་ལ་འགྲོ་ཞིང་ཚུར་ལ་ཡོང་།
ག་ལེར་ག་ལེར་ལྕི་བ་ཁ་ལོ་བསྒོར་ནས་ལྟ།
ག་ལེར་ག་ལེར་ཨོང་བ་སྒྱེ་མོར་བཅུག་ནས་འཐུ།
ལྕི་འོག་ནས་ས་འབུ་ནག་རིང་དག་གིས་གཅུ་སྐོར་བྱེད་དུས།
བཛྲ་ས་ཏྭ་དང་མ་ཎིའི་དབྱངས་རྟར་གཅུད་དེ། ཕྱིར་ཁ་མལ་དུའང་འཇོག
ཡང་། ཨོང་བ་ཡང་མོར་སྦྲུགས་ཏེ་ས་འབུ་ནག་རིང་དག་རེ་རེ་བཞིན་ལྷུང་རྗེས།
སླར་ཡང་ཨོང་བའི་སྣེ་མོ་ཞིག་བཅད་ནས་ཕྱིར་ས་འབུ་ནག་རིང་ལ་སྤྲོད་ངེས།
ཁྱེད་ཀྱིས་ཞིབ་ཚགས་ཀྱི་ངང་ནས་ཞི་དུལ་གྱིས་ཨོང་བ་འཐུ།
ཁྱེད་ཀྱི་ཞི་དུལ་གྱི་ཁྲོད་ནས་ཞི་འཇམ་གྱི་མཛེས་པ་མངོན།
འབྲོག་མོ། ཁྱེད་ཀྱིས་ད་དུང་ཨོང་བ་འཐུ་དགོས།
འབྲོག་མོ། ཁྱེད་ཀྱིས་ད་དུང་ས་འབུ་ནག་རིང་ལ་དག་ལ་སེམས་ཆུང་གི་དྲོད་ཁོལ་སྟེར་དགོས།
ལུག་ཁྱུ་དེད་དེ་རི་སྒང་ལ་ཐོན་དུས་ཤིག་ལའང་། ང་ཁྱེད་ལ་འཕྲད་བྱུང་།
རྔུལ་ཆུ་སྐྲ་འདབས་སུ་ཀྲིག་ཀྲིག་བྱེད་ནའང་དབུགས་ལེན་པའི་སྒྲ་འང་ཡང་མོར་བྱེད།
ངོ་གདོང་དུ་བབས་པའི་སྐྲ་ལོ་ཕར་ལ་འདེད་ཙམ་བྱས། ལུག་ཁྱུར་ཡང་ཡང་ལྟ།
ལ་གཞས་སྙན་དྭངས་ངེ་བ་རེ་ལེན། འུར་ཆ་གཟི་ཐག་ཆོད་པ་རེ་འཕེན།
ལུག་ཁྱུ་གང་ལ་འཁོར་ན། གོམ་ཁ་དེ་རུ་ཕྱོགས་ནས་འགྲོ།
རི་སྒང་གི་མཐོ་ས་དང་ལ་ལུང་གི་གཟར་ས་དེད་ནས་འགྲོ།
མིག་ཐག་ཡོད་ས་དང་རྩྭ་ཆུ་མནོག་སར་གཟས་ནས་འགྲོ།
འགྲོ་ཞོར་དུ་འུར་ཆའི་ཆ་རེ་དཀྲི་སྲིད། འུར་ཆས་སྤྲིན་དཀར་དང་ལུག་ཁྱུ་མཉམ་དུ་བསྡུས་འགྲོ།
ལྷན་ཅིག་ང་ཡི་སེམས་པའང་བསྡུས་འགྲོ། འུར་ཆ་རུམ་ལ་བསྡུས་རྗེས་སླར་ཡང་ལ་གཞས་ལེན།
ལ་གཞས་ཀྱིས་ནམ་མཁའ་དང་ས་གཞི་ཡང་མོར་བཀྲུ། ལྷན་ཅིག་ང་ཡི་ཡ་ཆུང་ཡང་བཀྲུས་འགྲོ།
གྲིབ་སོ་རི་ནས་གུག་དུས། ལུག་ཁྱུ་རི་ལ་བཀྲམས་ཡོང་།
གྲིབ་རྟིང་གཞོང་ལ་ལྷུང་དུས། འབྲི་མོ་རྡང་ལ་འཁོད་ཡོད།
ཁྱེད་གཅིག་པུས་ཉིན་མཚན་གཉིས་ཀ་འཚོས།
ཁྱེད་གཅིག་པུས་གནམ་ས་གཉིས་ཀ་བསྲུངས།
ཐབ་ཚང་གི་མེ་ལྕེ་ལམ་ལམ་འབར་ཏེ། མཁུར་ཚོས་ཀྱི་ཁ་གཏད་དུ་ལངས།
གཡས་ཀྱི་ཕ་ལོར་ཆང་འདྲེན། གཡོན་གྱི་མ་ལོར་ཇ་འདྲེན།
མཚན་མོའི་ཀློང་གི་གར་སྟབས་ཡིད་འོང་།
ལྷིང་འཇགས་ཀྱི་འབྲོག་ཐང་གི་བརྙན་རིས་གསོན་པོ།
གཡས་ལ་གར་སྟབས་ཤིག་ཤིག མོ་ལས་ཆེ་འཚགས་ཆུང་འཚགས།
གཡོན་ལ་འཛུམ་རིས་ལམ་ལམ། ཕ་མ་མིང་སྲིང་སྤྲོ་སྤྲོ།
མེ་ལྕེ་ལས་ཀྱང་དམར་པོའི་མཚམས་སྤྲིན་གྱི་ངོ་གདོང་། མཁུར་ཚོས་ཀྱི་ངོས་ན་སྣུམ་ཞག་འཁྱིལ་བའི་འབྲོག་མོ།
འཇའ་རིས་ཀྱིས་རི་མོ་གཙགས་པ་བཞིན་མཛེས་ཨང་། འོ་མའི་མར་ལོ་ལས་ཀྱང་ཞིམ་ཨང་།
ཧྲག་བར་དང་ཁ་ཚུབ་ལས་ཤོར་འོངས་པའི་ཙག་དང་ཆར་བ།
ཨ་ཕའི་ངོ་གདོང་དུ་ལྷུང་མི་དགོས་པ་ཁྱེད་ཀྱིས་ཡིན།
ཨ་མའི་ལག་མགོ་རུ་འབབ་མི་དགོས་པ་འང་ཁྱེད་ཀྱིས་ཡིན།
འབྲོག་མོ། འབྲོག་མོ། འབྲོག་མོ།
ང་རྒྱལ་ལ་བཀལ་བའི་སྦྲ་ཕུར་ཆོན་གསུམ།
གནམ་གྱི་ཁ་རྒྱན་དུ་ལངས་ནས་འདུག་པ་ཁྱེད་ཀྱིས་ཡིན།
དྭངས་གཙང་ལ་འཁྱུད་པའི་མར་རྩམ་ཞོ་གསུམ།
ས་གཞིའི་སྙིང་རུས་སུ་འཁྱིལ་ནས་འདུག་ཐུབ་པའང་ཁྱེད་ཀྱིས་ཡིན།
ཐབ་ཚང་གི་མེ་ལྕེ་ལས་ཀྱང་དྲོ་བའི་འབྲོག་མོ།
ཉིན་ལ་རི་རབ་དང་གཙང་པོ་བསྲོ།
མཚན་ལ་ཕ་མ་དང་མིང་སྲིང་བསྲོ།
ལུག་ཁྱུ་འབའ་སྐད་དིར་རེ་རི་ལ་ཞོགས་དུས།
ཁྱེད་ཀྱི་པགས་སྩགས་འདབ་ཁ་འགྱོ་ལོ་ལོ་བསླེབས་ཡོང་།
ནོར་ཁྱུ་ངུར་རིང་ངུར་ཐུང་གིས་གཞོང་ལ་ཞོགས་དུས།
ཁྱེད་ཀྱི་དགོ་དགོའི་འཇོ་དབྱངས་ལྷང་ལྷང་ངང་ཐོན་ཡོང་།
ཁྱེད་ཡོད་དུས། ལུག་ཁྱུ་རི་ལ་ལྷིང་འཇགས་སེ་བཀྲམས།
ཁྱེད་ཡོད་དུས། ནོར་ཁྱུ་ན་ནས་དལ་གོ་ལེར་འདུག
ཙག་དང་རླུང་གིས་བྲིས་པའི་མུན་པའི་དོང་།
ལག་པའི་ཕྱི་ནང་ལ་སྒང་གཤོང་དུ་བབས་པས།
མཚན་ལ་རྨི་ལམ་དུའང་ཁྲག་དང་མིག་ཆུ་བབས་ནའང་།
ཁྱེད་ཀྱིས་སུ་ལའང་འཁང་ར་བྱེད་མི་སྲིད། ཉི་ཤར་རེ་རེར་ཁྱེད་སྔར་བཞིན་སྔ་མོར་ལངས་ངེས།
ཉི་ཤར་རེ་རེ་ཁྱེད་ཀྱིས་སྔར་བཞིན་འཛུམ་མདངས་དང་དྲོད་ཁོལ་གྱིས་བསུ་ངེས།
“འབྲི་མར་སེར་པོ་ཟེར་ན། སེར་པོ་གསེར་གྱིས་མ་རེད།
འབྲི་འོ་དཀར་པོ་ཟེར་ན། དཀར་པོ་དངུལ་གྱིས་མ་རེད།
ཨ་ཅེ་འབྲོག་མོ་ཟེར་ན། སུ་དང་གང་གིས་མ་རེད།
རླུང་དང་ལོ་ཟླ་ལན་སོང་། ལས་དང་བསམ་པ་ལན་སོང་།
འབྲོག་མོ་གང་ལ་བུད་སོང་། རྐང་རྗེས་གང་དུ་བོར་སོང་།”
ཐབ་ཚང་གི་མེ་ལྕེ་དམར་པོ་གཟིམས་སོང་། མེ་ལྕེའི་མཁུར་ཚོས་ཀྱང་བོར་སོང་།
མེ་ལྕེ་ལམ་ལམ་གྱི་ཐབ་མགོ་ནས། དྲོད་ཁོལ་དང་བརྩེ་བ་འཁྱགས་སོང་།
ང་ཡི་འབྲོག་མོ། གློ་བུར་དུ་མིག་ལ་འཁྱུད་ནས་བོར་སོང་། ཨེ་བདེན། བོད་ཀྱི་བུ་མོ། ཐ་སྙད་ཀྱི་ཡིད་བརྙན།
གསུམ། ཐུག་འཕྲད་ཀྱི་འཁྱགས་ཤ།
ཐུག་འཕྲད་ཀྱི་རྫ་བུམ་ལས་བདུད་རྩི་ཁོ་ན་བཞུར་ཡོང་བ་མ་ཡིན་ཏེ།
ཁྲག་དང་རྣག་གི་འདྲེས་སྦྱོར་ཡང་བཞུར་ཡོང་བ་རེད།
དཔེར་ན། ཁྱེད་ལ་འཕྲད་པ་ལྟ་བུ། ང་ཡི་འབྲོག་མོ།
མུན་ནག་གི་མཚན་མོ་ལ་སྐྲག་དགོས་པ་མ་ཡིན་ཏེ།
ཉིན་མོ་དཀར་དཀར་ལ་མྱིག་བར་ནས་བོར་འགྲོ་བ་དག་ལ་ཅི་བྱ།
དཔེར་ན། གངས་རི་དང་སྤང་རི། གཙང་པོ་དང་སྦྲ་ནག
ཡང་ན། ཁྱེད། ཐ་སྙད་ཀྱི་ཡིད་བརྙན།
ལོ་དང་ཟླ་བའི་སྣེ་ལ་ཐ་གུ་ཞིག་བཏགས་ནས་ཁྱེད་སྣེ་མོ་དེ་རུ་བཀལ།
ང་ལམ་ལ་ཆས་དགོས་བྱུང་བས་མཇུག་མཐའི་གདམས་གསེས་དེ་ལྟར་བྱས།
ཕྱིར་ཡོང་དུས། ཐག་པ་དུག་སྦྲུལ་ཁྲ་ཁྲ་ཞིག་ཏུ་གྱུར་ནས་ང་ཉེ་སར་གཅར་ཐུབ་མ་བྱུང་།
ཁྱེད་ཀྱང་དུག་སྦྲུལ་གྱི་སྣེ་མོའི་སྣེ་མོ་ཞིག་ཏུ་བུད་སོང་བ་འདྲ། ཨ་ཅི་བྱ།
ངས་གློ་བུར་དུ་ཁྱེད་མེད་པ་ཤེས་དུས། སྐད་ཆ་བཤད་ས་ཞིག་བོར་སོང་བ་ཤེས་སོང་།
བརྡ་སྤྲོད་ཀྱི་སྐད་ཆ་དག་ཀྱང་རྙིང་འདུག་པ་ཤེས་སོང་། འོན་ཀྱང་།
ངས་ཁྱེད་ངེས་པར་རྙེད་དགོས་པའང་ཤེས་ཡོད། འབྲོག་མོ།
སྤྲིན་པ་ངུས་ངུས་ནས་ཆར་བའང་ཚར་འདུག
གངས་རིའི་དྲན་གདུང་གི་གློ་བ་འང་ནག་པོ་རེད།
ཁྱེད་འགྲོ་ཁར། ཕྱི་མིག་ཀྱང་མ་བཞག་གམ།
འབྲོག་མོ། མིག་ལ་རྨ་ཁ་མང་པོ་འཐོགས་ནས་འགྲོ་མི་ཕོད་པ་ཞིག་མིན་ནམ།
ཁྱེད་ཇི་ལྟར་སོང་བ་ཡིན། ཁྱེད་ཅིའི་ཕྱིར་སོང་བ་ཡིན།
ཡང་ན། ཁྱེད་རང་ཉིད་ཀྱིས་ཀྱང་མ་ཤེས་པ་ཡིན་ནམ།
ཉ་མོ་དག་གཙང་པོར་ཞེ་འཁྲེང་ནས་སྐམ་རིད་ཀྱི་གཤོག་པ་རྡོ་རུ་གླན།
གཙང་པོ་ཅི་སྨྲ། གཙང་པོའི་ཀློང་གི་རྡོ་བ་ལའང་ཞེ་འདངས་དང་བརྩེ་བ་ཆགས་ཡོད་ཟེར།
དེ་ནི་ཁྱེད་ཀྱིས་ང་ལ་བཤད་མྱོངས་པའི་སྐད་ཆ་ཞིག་ཀྱང་ཡིན་པ་འདྲ། འབྲོག་མོ།
ཞེན་ཆགས་ཀྱི་མིག་ཟུང་ད་དུང་གངས་རིར་འཁོར་ནས་ཡོད་དམ།
ཞེ་འདངས་ཀྱི་འོ་མ་ད་དུང་སྤང་ལ་འཁྱིལ་ནས་ཡོད་དམ།
དྲོད་ལམ་ལམ་གྱི་བརྩེ་བ་མཐའ་དག་ཕ་ཡུལ་དུ་བསྙེས་ནས་ཡོད་དམ།
གློ་བུར་དུ་འཁྱུག་ནས་འབབ་པའི་སྤྲིན་པ་དག་དང་འདྲ་བར།
ཁྱེད་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་དུས། ངས་ཐ་ན་ཁྱེད་ཡོད་མྱོང་བའི་བདེན་དཔངས་ཤིག་ཀྱང་མ་རྙེད།
ཁྱེད་ཀྱི་མགོ་རྐང་ལག་དང་བར་སྐེད་པ་གང་ནའང་རྟགས་གསལ་པོ་ཞིག་ཡོད་པའང་མ་དྲན།
ངས་རང་ཉིད་ཀྱིས་ཐོག་མར་མཐོང་བའི་འཛུམ་མདངས་ཙམ་ལ་བློས་བསླང་བྱས།
འཛུམ་མདངས་ཀྱི་མེ་ལོང་ནས་ཁྱེད་ཁ་ཚང་ཞིག་རྙེད་པར་རེ་སྒུག་བྱས།
ལམ་གྱི་གཡས་གཡོན་ནས་གློ་བུར་དུ་འཇུར་ཡོང་བར་སྒུག
ལམ་གྱི་མགོ་རྔ་ནས་གར་སྟབས་ཀྱིས་མངོན་ཡོང་བར་སྒུག
ལམ་དང་ལམ་གྱི་སྣེ་ན་བདག་པོ་ཆ་མེད་དག་གིས་རང་གི་བུ་མོ་ཁྲིད་ནས་འགྲོ་བཞིན་འདུག
ལམ་དང་ལམ་གྱི་འགྲམ་ན་བུ་མོ་ཆ་མེད་དག་གིས་རང་གི་འཛུམ་མདངས་འཁྲུད་ཀྱིན་འདུག
ལམ་སྣ་མ་སྣ་ཚོགས་ན་བུ་མོ་ཆ་མ་ཆོ་རིགས་འདུག
ངས་དེ་དག་རེ་རེ་ཁྱེད་ཨེ་ཡིན་གྱིས་བལྟས།
བུ་མོ་ཚོས་སྐྱ་ཐག་ཆོད་པའི་ངོ་གདོང་ཅེར་ནས་འདུག
“ཁྱེད་ཀྱིས་ཨོང་བ་འཐུ་མྱོང་ངམ། ཁྱེད་ཀྱིས་མེ་ཁ་གསོ་ཤེས་སམ”
ཁོ་ཚོས་མགྲིན་གཅིག་ཏུ་“ལོས་ཤེས་ཟེར། ”
ཁོ་ཚོས་མགྲིན་གཅིག་ཏུ་“ཅི་བྱེད་ཟེར། ”
“ཨོང་བ་འཐུ་ཤེས་པས་ཅི་བྱེད མེ་ཁ་གསོ་ཤེས་པ་ཅི་བྱེད།
ཅི་བྱེད། ཅི་བྱེད། ཅི་བྱེད།
ངས་རང་གིས་རང་ལ་འདྲི་དུས་ཀྱང་ཨ་ལན་གསལ་པོ་ཞིག་མ་རྙེད།”
ངས་ཁོ་ཚོའི་མཁུར་ཚོས་མཐོང་བྱུང་།
ཁོ་ཚོའི་མཁུར་ཚོས་ཁྱེད་དང་མི་འདྲ་བར་དཀར་པོ་རེད།
ཁ་དོག་དཀར་པོ་ཡིན་པའི་མཁུར་ཚོས་ནི་ཤོག་བུ་ཞིག་སྟེ།
ཚོན་སྣ་ཚོགས་བཟུང་པའི་གནམ་འོག་གི་སྐྱེས་པ་མང་པོས།
ལག་པ་སྔ་གཞུག་བརྩད་ནས་རང་གི་དགའ་ཕྱོགས་ལྟར་དུ་ཁ་དོག་བྲིས་ཆོག
ངས་ཁོ་ཚོར་ཁྱེད་ཚོའི་མཁུར་ཚོས་དམར་པོ་མིན་ནམ་ཞེས་དྲིས།
ཁོ་ཚོས་མགྲིན་གཅིག་ཏུ་ “ལོས་ཡིན་ཟེར།”
ཁོ་ཚོས་མགྲིན་གཅིག་ཏུ་“ཅི་བྱེད་ཟེར།”
ངས་མཁུར་ཚོས་དཀར་པོ་ལ་མཁུར་ཚོས་ཟེར་རམ་ཞེས་དྲིས།
ཁོ་ཚོས་མགྲིན་གཅིག་ཏུ་“ལོས་ཟེར་ཟེར།”
ཁོ་ཚོས་མགྲིན་གཅིག་ཏུ་ “ཅི་བྱེད་ཟེར།”
“མཁུར་ཚོས་དམར་པོ་ཡིན་ན་ཅི་བྱེད།
ཅི་བྱེད། ཅི་བྱེད། ཅི་བྱེད།
ངས་རང་གིས་རང་ལ་འདྲི་དུས་ཀྱང་ཨ་ལན་གསལ་པོ་ཞིག་མ་རྙེད།”
ཁོ་ཚོ་ཆབས་གཅིག་ཏུ་ལམ་ལ་ཆས་སོང་།
ཁོ་ཚོས་འཕྱ་དགོད་ཀྱི་མིག་མདངས་ཁྲོད་ང་བསྐྱུར་ནས་བུད་སོང་།
ངས་ཁོ་ཚོའི་རྒྱབ་གཟུགས་ཁྲོད་ནས་སྐྲ་ལོ་མཐོང་བྱུང་།
ངས་ཁོ་ཚོའི་སྐྲ་ལོའི་ཁ་དོག་ནག་པོ་མིན་པ་མཐོང་བྱུང་།
སླར་ཡང མགྲིན་གཅིག་ཏུ་ལོས་ཡིན་ཟེར་བའི་སྐད་གདངས་དྲན་བྱུང་།
ངས་ཁོ་ཚོ་འབོད་འདོད་མ་བྱུང་། ང་ཁོ་ཚོར་བཅར་མ་སོང་།
ངས་ཁོ་ཚོར་འབྲོག་མོ་ཞེས་པའི་ཐ་སྙད་ཀྱང་འདོགས་མ་ཐུབ་པར་ས་རུབ་སོང་།
ཁོ་ཚོ་རེ་རེ་བཞིན་མུན་པའི་གསེབ་ཏུ་འཛུལ་སོང་།
མུན་པའི་ཁ་དོག་ལ་བལྟས་ནས་ངས་ཁྱེད་ཀྱི་སྐྲ་ལོ་དྲན་བྱུང་།
“སྐྲ་ལོ་ནག་པོ་ཡིན་པས་ཅི་བྱེད།
ཅི་བྱེད། ཅི་བྱེད། ཅི་བྱེད།
ངས་རང་གིས་རང་ལ་འདྲི་དུས་ཀྱང་ཨ་ལན་གསལ་པོ་ཞིག་མ་རྙེད།”
ཟུར་མང་པོའི་རྨི་ལམ་ཞིག་གི་སྣེ་མོ་འབྲི་བ་ལས་ཀྱང་།
ཟུར་གཅིག་གི་སྒང་ནས་བུ་མོ་ཞིག་འཚོལ་རྒྱུ་དཀའ་བོ་འདུག
འོན་ཀྱང་། ངས་ཁྱེད་གློ་བུར་དུ་སོང་བ་ཁས་ལེན་ཐབས་མི་འདུག
མུ་མཐུད་དུ་བསམ་གཞིག་བྱས། མུ་མཐུད་དུ་ཁྱེད་ད་དུང་ཡོད་ཡོད་ཡིན་པའི་བདེན་ཁ་བཙལ།
ངས་སེམས་ལ་གསོག་པའི་ཐ་སྙད་མང་པོ་ཞིག་བསྔོགས་ནས།
ཁྱེད་ཀྱི་མགོ་དང་སྐྲ། རྐང་བ་དང་ལག་པ།
སོ་དང་སེན་མོ་སོགས་འབྲི་བར་སྟ་གོན་བྱ་དུས།
ཁྱེད་གློ་བུར་དུ་བར་ནས་བོར་སོང་བ་ཚོར། ཕྱིར་འཚོལ་སའི་ཁ་ཕྱོགས་ཀྱང་རྙེད་ཁག་པ་ཚོར།
ཐ་ན་སྐྱ་ཐིག་ཙམ་འབྲི་རྒྱུའང་ཧ་ཅང་དཀའ་བ་ཤེས་སོང་།
སྐར་མ་ཆག་པོ་དག་ཁང་རྩེག་གི་སྒེའུ་ཁུང་ལས་འཇུར་འོངས་ཏེ།
ཁྱེད་ཀྱི་མིག་ཟུང་དྲན་དུ་བཅུག
འོན་ཀྱང་། སྐར་མར་བལྟས་ནས་ཁྱེད་ཀྱི་མིག་ཟུང་འབྲི་ཐུབ་པ་མ་རེད།
དེའང་བརྙན་འཕྲིན་ལས་ཤོམ་འགྲོ་བ་ཡིན་ཟེར་བའི་གྲིབ་གཟུགས་འཕྱོར་བོ་དག་གིས།
ཁྱེད་ཀྱི་སྐྱ་རིས་ཀྱི་ཡང་རིས་ཙམ་ཡང་འབྲི་མི་ཐུབ་པ་ནང་བཞིན།
གློ་བུར་དུ་བུད་འགྲོ་བའི་རླུང་འཚུབ་ལྟ་བུའི་ཁྱེད།
རླུང་འཚུབ་ཀྱི་ཤུལ་དུ་འཐིབས་པའི་ས་རྡུལ་ཡང་མེད་པའི་སྐབས་སུ།
གཡའ་དྭངས་པའི་ནམ་མཁའ་ན་ཁྱེད་སྐུངས་ས་མེད་པ་ཤེས་ཡོད།
རྡུལ་དག་པའི་ས་གཞི་ན་ཁྱེད་སྦེད་ས་མེད་པའང་ཤེས་ཡོད།
ཁྱེད་གློ་བུར་དུ་བུད་སོང་བའི་སྡུག་བསྔལ་སུས་ཐེག
ཁྱེད་གློ་བུར་དུ་བུད་སོང་བའི་གཏམ་རྒྱུད་སུས་ཐེག
ཁྱེད་ངོ་མས་བུད་སོང་ངམ། མདོ་དབུས་མཐོ་སྒང་ཧྲིལ་པོ་འཛུམ་མདངས་སུ་གཅུད་ནས་བུད་སོང་ངམ།
འཇིག་རྟེན་གྱི་སྐྱ་ཡ་འཁྱགས་སིབ་བེར་བཏང་ནས་བུད་སོང་ངམ།
ཁྱེད་ངོ་མས་བུད་སོང་ངམ།
འཛམ་གླིང་སྒང་ལ་གཏམ་རྒྱུད་ཙམ་བཞག་ནས་བུད་སོང་ངམ།
ལོ་རྒྱུས་ཀྱི་ཕྱེད་ཀ་ནག་འཐིབ་བེར་བཏང་ནས་བུད་སོང་ངམ།
རྨི་ལམ་གྱི་རླབས་རྒྱུན་འཕྲོ་རིམ་འཕྲོ་ལངས་ནས་ང་གསོད་རྩིས་བྱས།
མཚན་མོ་དག་ཁྱུར་མེད་བྱས་ནས་འཇིག་རྟེན་ཉིན་དཀར་ལ་སྒྱུར་རྩིས་བྱས།
འོན་ཀྱང་། ཁྱེད་གློ་བུར་དུ་བོར་སོང་བས། ངས་ལྷིང་འཇགས་ཀྱི་མུན་ནག་བདམས་པ་ཡིན།
མུན་ནག་ཁྲོད་ཀྱི་གསང་བ་བདམས་པ་ཡིན།
གསང་བའི་གཞོང་གི་མཛེས་སྡུག་གི་སྡུག་བསྔལ་བདམས་པ་ཡིན།
(མུ་འགོད།)
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།