ཨ་དོན་ཉིས་བུ་ལ་བྲིས་པའི་སྙན་ངག་རིང་མོ་ཞིག

281

༥.jpg

       བུ་ལ་བྲིས་པའི་སྙན་ངག

 

བུ་ཆུང་ལགས།

ངའི་འཁྲིས་ནས་སྡོད་དང་།

བདག་གིས་ཁྱོད་ལ་ཤ་ཚིལ་འདྲེས་མའི་སྨྲ་བརྗོད་ཀྱི་རུས་ཁུ་བླུད་དགོས།

བདག་གིས་ཁྱོད་ལ་ཞག་ཁུ་འཁྱིལ་བའི་བོད་སྐད་ཀྱི་མར་ལོ་སྟེར་དགོས།

ཨ་ཕ་ང་ས་མཐར་ལྡོམ་ཡོང་བའི་གཏམ་རྒྱུད་ཀྱི་བརྩེ་བ་དེ་ཡང་འཆད་དགོས།

བུ་ཆུང་ལགས།

པང་ནས་ཙོག་དང་།

ངས་ཁྱོད་ལ་ཡུལ་ཡར་ཀླུང་ནས་འཁྲུངས་པའི་མེས་པོའི་ནས་རྩམ་གྱི་ངད་ཁ་སྟེར་དགོས།

ངས་ཁྱོད་ལ་འབྲོག་པའི་སྒྱེད་རྩ་ནས་མཆེད་པའི་ཨ་མྱེའི་གནའ་གཏམ་དང་ལྷ་སྒྲུང་གི་ངོ་མཚར་གླེང་དགོས།

བུ་ཆུང་ལགས།

ང་ལ་འཁྱུད་ཤོག

ངས་ཁྱོད་ལ་འབྲོག་རྒན་ཚིལ་དྲེགས་ཅན་ཚོའི་གསེར་གྱི་རང་ཚུགས་འཁྲིད་དགོས།

ངས་ཁྱོད་ལ་བོད་པ་ཁྲེལ་གཞུང་ཅན་ཚོའི་གཞན་ཕན་གྱི་སྙིང་སྟོབས་ཨེ་འབྱོར་བལྟ་དགོས།

བུ་ཆུང་ལགས།

རིག་པ་སྒྲིམས།

ངས་ཁྱོད་ལ་ཤ་གསེང་བྱམས་བརྩེས་ཚོས་པའི་བོད་མིའི་ལྷག་བསམ་གྱི་དུང་ཟླ་སྟོན་དགོས་ལ།

བྱང་ཁོག་སྟོང་འདང་གིས་ཁེངས་པའི་གངས་ཅན་པའི་རྨི་ལམ་གྱི་སོས་ཀ་འཛུགས་དགོས།

བུ་ཆུང་ལགས།

འཛུམ་ཆུང་གྲོལ་དང་།

ངས་ཁྱོད་ལ་མེས་པོ་ཚོའི་ཀ་ཡིག་གི་གླེགས་ཐག་བཞིག་ཅིང་།

རྗེ་བོ་ཚོའི་གསུང་རབ་ཀྱི་འདོན་པ་གྱེར་དགོས།

ངས་ཁྱོད་ལ་གཤོག་པ་བཞིན་རྒྱངས་པའི་བོད་ཡིག་གི་ན་རོ་འབྲི་དགོས་ལ།

ས་ཆེན་གྱི་བརྟན་བརླིང་ཁུར་བའི་གནའ་མྱི་ཚོའི་རང་ཚུགས་མགར་དགོས།

བུ་ཆུང་ལགས།

ཨ་ཕའི་གློ་ནས་སྡོད།

ངས་ཁྱོད་ལ་རང་གཤིས་གངས་ལ་འཁུ་བའི་ཡ་རབས་སྤྱོད་བཟང་གི་མི་རབས་ཤིག་ངོ་ཤེས་སུ་འཇུག་དགོས་ལ།

མེ་ཏོག་ཁྲི་འབུམ་གྱི་བསུང་ཞིམ་ལྡིང་བའི་དབྱར་ཁ་དྭངས་མོ་ཞིག་སེམས་ལ་འཇོག་དགོས།

རྩྭ་ཐང་གི་པང་ན་ལྡེམ་མེར་འཕྱོ་བའི་སྤྲིན་དཀར་དང་ལུག་ཁྱུ་འཚོ་བར་མངགས་དགོས།

བུ་ཆུང་ལགས།

རྣམ་ཤེས་གཏོད།

ངས་ཁྱོད་ལ་དཔེ་ཆ་དང་རི་མོའི་གསེང་ནས།

ཉི་མ་ལྷ་ས་ཞེས་པའི་ཐག་རིང་གི་གྲོང་ཁྱེར་ཁེར་རྐྱང་དེ་སྟོན་དགོས་ལ།

བརྙན་པར་དང་ཐང་གའི་ངོས་ནས།

བོད་མི་རིགས་ཀྱི་དཔའ་མཛངས་ཀྱིས་བཞེངས་པའི་པོ་ཏཱ་ལའི་རྡོ་གཅལ་གྱི་ཚ་དྲོད་མྱོང་དུ་འཇུག་དགོས།

སུམ་གཉིས་ས་ལ་དབང་བསྒྱུར་བྱས་མྱོངས་པའི་བཙན་པོའི་མི་རབས་ཤིག་གི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་ཡུན་གྱིས་འཆད་དགོས།

བུ་ཆུང་ལགས།

ཁ་ལ་ཉོན།

ངས་ཁྱོད་ལ་ལོ་རྒན་མང་བོའི་ཡར་སྔོན་ནས་བྱུང་བའི་མི་རིགས་ཤིག་གི་ཆག་འཇིག་གི་ཤོག་དྲིལ་ཀློག་འདོན་བྱ་དགོས་ལ།

དཔའ་མཛངས་དང་ཤེས་རབ་ཀྱིས་བཞེངས་པའི་མེས་པོའི་ཕོ་བྲང་གི་རྒྱ་ཕིབས་རྨས་མ་གན་རིག་ཏུ་འཇུག་དགོས།

ཕོ་བྲང་དེའི་ནང་གི་ཆོས་སྒམ་དང་མཆོད་ཁྲི་སྟོང་བ་དག་གི་བྱུང་རབས་ཀྱི་ལེའུ་དག་རེ་རེ་བཞིན་བསྒྱུར་དགོས།

བུ་ཆུང་ལགས།

རྣ་བ་ཉོན།

ངས་ཁྱོད་ལ་ཙག་ཁ་ནས་ཕྱིད་པའི་ཡབ་མེས་ཀྱི་ངོ་གདོང་སྨུག་ནག་ཅིག་ལ་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱ་དགོས་ལ།

གྲང་ངར་གྱི་ཁྲོད་ནས་ཙག་ལ་འཁངས་སོང་བའི་རྣམ་ཤེས་ཀྱི་དབྱངས་རྟ་འཁྱག་པ་ཞིག་ངག་ལ་འཁྲོལ་བཞིན་རྩེད་རོགས་བྱ་དགོས།

༡༠

བུ་ཆུང་ལགས།

ཡིད་ལ་ཟུངས།

ཨ་ཕ་ང་གཟུགས་པོ་འཁྲུད་པར་མི་དགའ་བའི་འབྲོག་པ་འབྲོག་ནག་ཅིག་ནས་ལག་ཆགས་ཡོང་བ་ཤེས་དགོས་ལ།

མེ་འོད་དང་དུ་བ་འཐིབས་པའི་མགོ་སྦྲ་རོག་རོག་ཅིག་ནས་དངངས་ཀྱིས་སད་ཡོང་བ་ཡང་རྟོགས་དགོས།

ཨ་ཕ་ང་རྟ་འདོ་བའི་གོང་ནས་ཆར་ཤ་བཞིན་འཚར་ལོངས་བྱུང་ཞིང་།

གཡག་རོག་པོའི་རྒྱབ་ནས་ཇག་པ་བཞིན་འགྲུལ་བཞུད་བྱས་མྱོང་པའི་འབྲོག་པ་ཞིག་ཡིན་པ་རྟོགས་དགོས་ལ།

སྐྱ་རེངས་དང་མཚམས་སྤྲིན་གྱི་གྲིབ་གཟུགས་གྱོན་ནས།

ཕྱུགས་ཟོག་གི་རྦ་རླབས་རྫ་ནས་ཕབ་པའི་འུར་ཆ་སྐོར་མཁན་ཞིག་ཡིན་པ་ཡང་ཤེས་དགོས།

༡༡

བུ་ཆུང་ལགས།

སེམས་པས་སོམས།

ཁ་བ་ཅན་ཞེས་པའི་གནམ་མཐའ་ཞིག་ན།

ཁུ་བོ་དཔའ་སྙིང་ཅན་ཚོས་མིག་ཟུང་གཏིང་དུ་ལྷུང་ལྷུང་ལ་ཉིན་མཚན་མེད་པར་ཁྱོད་ལ་ལྟས་ཡོད།

སྐ་ཆུ་ཁ་ཞེསས་པའི་འབྲོག་ཁུལ་ཞིག་ན་ཨ་ཕྱི་བགྲེས་སོང་ཞིག་གི་སེམས་པ་དྲོད་ཀྱིས་བརྟས་བརྟས་ལ་ཁྱོད་ཀྱི་ཁ་ངོ་མཐོང་བར་རེ་སྒུག་བྱས་ཡོད།

ད་དུང་བེའུ་ཁྱུ་དང་ལུག་ཚེར་མོས་ཀྱང་སྤང་ཐང་དང་ཆུ་འགྲམ་དག་ན་ཁྱེད་ལ་སྒུག་ཡོད།

ཁྱོད་རང་། ཁྱེད་ཀྱིས་དུས་རྒྱུན་དུ་བཤད་པའི་”རྟ་ལ་སྒ་སྟད་ནས་འཁྱེར་དགོས་”ཞེས་པའི་སྒ་སྲབ་སུམ་འཛོམས་ཀྱི་རྟ་གོང་ནས་འབྲོག་པའི་དབྱར་ས་ལ་ཐེངས་ཅིག་འགྲོ་དགོས།

ངས་ཁྱེད་ལ་ཨ་མ་ལོ་ལོན་ཞེས་ཡང་ཡང་བཤད་དུ་བཅུག་པའི་ཨ་ཕྱི་བགྲེས་སོང་དེའི་པང་ནས་མཛུམ་ཆུང་དམུལ་དམུལ་ངང་ཐེངས་གཅིག་བགོད་དགོས།

༡༢

བུ་ཆུང་ལགས།

རྣམ་ཤེས་གཏོད།

གངས་རི་དང་རྩྭ་ཐང་གི་རྒྱ་ཁྱོན་ཡངས་བོ་ཨ་ཕ་ངའི་བློ་གཤོག་ཡིན་པ་བཞིན།

ནམ་མཁའ་དང་ཆུ་ཆེན་གྱི་ཧྲག་བར་ཡངས་པོ་ཁྱོད་ཀྱི་ཞི་ཁྲོ་རབ་འབྱམས་ཀྱི་ཚོར་བ་སྐྱུག་ས་ཡིན་དགོས།

འབྲོང་གཡག་དང་རྟ་མཆོག་གི་དགུ་ཚིགས་རིང་མོ་ཨ་ཕ་ངའི་དྲག་རྩལ་སྦྱོང་ས་ཡིན་པ་བཞིན།

དགེ་རྒན་དང་སློབ་ཁང་གི་གཡུལ་ས་འཇམ་པོ་ཁྱེད་ཀྱི་ཤེས་རིག་གི་མེ་ཏོག་འདེབས་ས་ཡིན་དགོས།

༡༣

བུ་ཆུང་ལགས།

གསལ་བོར་ཉོན།

ཨ་རིའི་ཚན་རིག་དང་དཔལ་ཡོན་གྱི་རླབས་རྒྱུན་དྲག་པོའི་གདོང་ཐུག་བར་ནས།

རང་ཉིད་ཀྱི་བསམ་བློའི་སྒལ་ཚིགས་བཀན་དགོས།

ཨ་རིའི་གསར་གཏོད་དང་རྙོག་འཛིང་གི་འགྲན་རྩོད་ཐུ་མོའི་རྔུལ་ཆུའི་ཁྲོད་ནས།

རང་ཉིད་ཀྱི་མི་ཚེའི་འོད་སྣང་དེ་འཚོལ་དགོས།

ཨ་རིའི་རྒྱལ་ཁོངས་ནས་འཛམ་གླིང་ཡོངས་ལ་བལྟ་བའི་ཤེས་རིག་གི་རྒྱང་མཐོང་ཞིག་རང་གིས་རང་ལ་བསྐྲུན་དགོས།

བུ་ཆུང་ལགས།

ཨ་རི་ན་འུ་གཉིས་ལ་བོད་སྐད་བོད་ཡིག་སྦྱོང་སའི་སློབ་གྲྭ་གྲ་དག་ཅིག་མེད་ནའང་།

ངས་ཁྱེད་ལ་བོད་སྐད་བཤད་ཅིང་བོད་ཡིག་འཁྲིད་ཆོག

གསལ་བྱེད་སུམ་ཅུའི་རྩེད་རྡོ་སྒྲིག་ཆོག

༡༤

བུ་ཆུང་ལགས།

ཨ་ཕའི་རེ་བཞག་དང་བཅོལ་གདམ་གྱི་སྨོན་འདུན་ཀློང་ནས་བོད་པའི་ལས་དབང་གི་སྐྱིད་སྡུག་སེམས་ལ་ངེས་དགོས།

ཨ་མའི་གཅེས་སྐྱོང་དང་ཤེས་རབ་ཀྱི་གསོན་ཤུགས་ཁྲོད་ནས་ཞི་བའི་སེམས་དང་སྤོབས་པའི་གདེང་ལ་རྨིང་གཞི་འཇོག་དགོས།

༡༥

བུ་ཆུང་ལགས།

གཡུ་ལོའི་རྒྱ་མཚོ་འཁྱིལ་བའི་ཐག་རིང་ཐག་རིང་གི་གངས་འདབས་ཤིག་ན།

ཉི་མའི་གུར་ལ་འཛོམས་ཤིང་།

གྱད་རྡོས་གནམ་ས་སྒུལ་བའི་རང་གཤིས་ཅན་གྱི་འབྲོག་མི་ཐར་ཐོར་ཞིག་ཡོད།

དེ་ནི་ཨ་ཕ་ངའི་རུས་མིང་རྣོ་ལྕགས་ལྟར་མགར་ས་ཡིན།

ཁྱོད་ཀྱི་རྣམ་ཤེས་ཀྱི་ཕྱེད་པ་ཡང་དེ་ནས་རེད།

རི་ཚོགས་ཀྱི་ལྟེངས་ཀ་རྡོལ་བའི་འཛམ་གླིང་གི་ཡང་རྩེ་ཞིག་ན།

འཕྲུལ་ཆས་ཀྱི་སྐད་སྒྲ་དང་རྫས་དུད་ཀྱི་རླངས་པས་མ་བཙོས་པའི་ཡུལ་ལྗོངས་ཧྲེང་ཧྲེང་ཞིག་ཡོད།

དེ་ནི་ཨ་ཕ་ངའི་ཚེ་སྲོག་གི་གསོན་ཤུགས་རྒྱས་སའི་གཞིས་ཀ་ཡིན།

ཁྱེད་ཀྱི་རུས་མིང་གི་ཆ་ཤས་ཡང་དེ་ནས་རེད།

༡༦

བུ་ཆུང་ལགས།

རི་ཁ་བ་ཅན་ནས་སྐྱེས་ཆེན་ཨེ་ཡེན་སི་ཏན་ལྟ་བུའི་ཚན་རིག་པ་གྲགས་ཅན་བྱུང་མྱོང་མེད་ནའང་།

འཛམ་གླིང་ཧྲིལ་པོ་ཞི་བདེར་བསྒྱུར་ཅིང་།

འཇིག་རྟེན་ཐམས་ཅད་བྱམས་ཀྱིས་སྐྱོང་བའི་བླ་མ་རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་ཡུལ་རི་ཁ་བ་ཅན་ཡིན།

ཡུལ་ཁ་བ་ཅན་ན། སའི་གོ་ལས་ཉི་མའི་འཇིག་རྟེན་བསྐོར་གྱིན་ཡོད་པ་གཏན་ལ་ཕབ་མཁན་གྱི་སྐྱེས་ཆེན་དྒ་ལཱ་ལོད་འདྲ་བ་ཞིག་མེད་ནའང་།

བོད་ཁུལ་མང་བོར་མུན་སེལ་གྱི་སློབ་གྲྭ་བརྒྱབ་ཅིང་།

ཀྲུང་དབྱང་གཞུང་ལ་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ་ཕུལ་ཏེ།

ཐུགས་ཀྱི་སྤོབས་པས་སྐད་ཡིག་གི་བདག་དབང་བརྩད་པའི་པཎ་ཆེན་རིན་པོ་ཆེ་ཚང་།

རི་ཁ་བ་ཅན་གྱི་ཡུལ་ནས་འཁྲུངས་པ་རེད།

སྐྱེས་ཆེན་ཁོང་ཚོ་ཡོད་པས་བོད་པ་མི་རིགས་འདི།

འཛམ་གླིང་གི་མི་གྲངས་སྟོང་ཕྱུར་མང་བོའི་སྔུན་ནས་དཔའ་ཞུམ་གྱིན་མེད་ལ་ངོ་ཡང་ནོངས་ཀྱིན་མེད་པར་མདུན་དུ་སྐྱོད་བཞིན་མཆིས།

༡༧

བུ་ཆུང་ལགས།

ད་རུང་རི་ཁ་བ་ཅན་ན། ལྷུན་སྡུག་གངས་རི་དཀར་པོའི་མུ་ཁྱུད་ཀྱི་སྐོར་ལམ་དབུས་ཀྱི་དག་ཞིང་དུ་འཐེན་ཡོད་ལ།

ཡི་གེའི་དྷརཎི་གྱེར་བའི་བོད་དང་ལྷ་མིའི་གཏམ་རྒྱུད་ཀྱི་གསང་བ་དམར་ནག་ས་ལ་གཏེར་ཅིང་ཆུ་ལ་སྦས་ཡོད།

རི་སྒང་དང་ཀླུང་ཐང་གི་འགག་སྒོ་མང་བོ་ན།

བོད་མིས་རྣམ་དཔྱོད་ཀྱི་དད་པས་བཞེངས་ཤིང་།

འཇིག་རྟེན་རྙིང་བའི་རྣམ་རྟོག་གི་འབྲས་བུས་བསྐྱེད་པའི་ལྷ་གཉན་ཀླུ་ཁྲོས་ཀྱི་རྡེའུ་འབུམ་དང་ལབ་ཙེ་སྤུངས་ཡོད།

དར་ལྕོག་གིས་གླུ་དབྱངས་ལེན་ཤེས་ཤིང་།

གཞི་བདག་གིས་དགྲ་གྲོགས་བྱེད་ནུས་པའི་མི་མ་ཡིན་གྱི་ཆོ་འཕྲུལ་སྣ་ཚོགས་ཡང་ཡུལ་དེ་ན་ཡོད།

༡༨

བུ་ཆུང་ལགས།

རི་མཐོ་ས་གཙང་གི་ཞིང་བཀོད་དེ་ན།

རང་བྱུང་གི་ལྟེ་བ་ནས་ལྷུང་ལྷུང་བཞུར་བའི་གཙང་ཆབ་ཀྱི་གླུ་སྐད་བདོག་ལ།

དབྱར་གཞུང་གི་ཆུ་ཆར་ནང་ཅལ་ཅལ་རྩེན་པའི་སྦལ་ལྕོང་གི་མཆོང་ལྡིངས་ཡོད།

རྟ་ནོར་ལུག་གསུམ་གྱི་སྐར་ཚོགས་རྣམ་པར་བཀྲ་བའི་གནམ་ས་གཉི་ག་ཡང་དེ་ན་ཡོད་ལ།

མི་སེམས་ཀྱི་ལྷུམས་སུ་ངང་གིས་མ་ཚོགས་པའི་གྲོགས་དང་ཁྱིམ་མིའི་གྱེས་མཇལ་གྱི་མིག་ཆུ་དང་།

དགོད་སྒྲ་ཡི་གཡེར་བག་ཡང་ཡུལ་དེ་ན་འགི

མ་ཟད་ལས་དབང་གི་བཀའ་ཆད་ཕོག་པའི་ཡུལ་བྱོལ་དང་།

རེ་དོགས་ཀྱི་ལོ་ཟླས་བསྐྲུན་པའི་ན་ཟུག་སྐྱུར་མོ་ཡང་ཡུལ་དེ་གའི་རི་ཆུ་ལུང་གསུམ་གྱི་གློ་སྙིང་ངོས་ལ་སྐམ་ཡོད།

༡༩

 བུ་ཆུང་ལགས།

ཡ་ཁོག་ན་རྟ་རྒྱུག་ས་ཡོད་པའི་དཔའ་རྟུལ་གྱི་འབྲོག་པ་ཁོག་རྗེན་ཚོ་གངས་རྒྱབ་དེ་ན་ཡོད་ལ།

མ་ཁོག་ན་མཛོ་ངུར་ས་ཡོད་པའི་མ་སྲུ་གཡུང་མ་ཚོ་འབྲོག་ས་དེ་ན་ཡོད།

སྲིད་པའི་བ་ཆུང་བཤས་རབས་ཀྱི་སྒྲུང་གླུ་དང་།

དམ་པ་འཚང་ལ་རྒྱ་ཚུལ་གྱི་པོ་ཏི་ཡང་གཅལ་དུ་བཀྲམས་ཡོད།

དེ་ན་ད་དུང་ས་སྲོད་མང་བོའི་མུན་པ་དང་ཉི་འོད་སག་སག་ཏུ་འབབ་ཀྱིན་ཡོད་ལ།

སྒོ་ཁྱིའི་ཟུག་སྐད་དང་རྟ་ཕོའི་རྨིག་སྒྲས་དཀྲོགས་པའི་ཉི་ཟླ་སྐར་གསུམ་གྱི་འདར་ཡོམ་ཡོད།

༢༠

བུ་ཆུང་ལགས།

རི་ཁ་བ་ཅན་ཟེར་བ་དེ།

ས་ཆེན་གྱི་བྲང་བར་ན་ལྷུན་ཆགས་སེ་ཡོད་པའི་ཞི་བདེ་བག་ཕེབས་ཀྱི་བསྟི་གནས་ཤིག་ཡིན་ལ།

ལྷ་དང་མི་བུའི་ཀུན་སྤྱོད་ཀྱི་རྣམ་བཞག་བར་ལ་འཁྲུག་འཛིང་ཤོར་སླ་བའི་ཞིང་ཁམས་ཤིག་ཀྱང་ཏག་ཏག་ཡིན།

ཁ་བ་ཅན་གྱི་མི་རྣམས་ལ། རྗེ་གཉའ་ཁྲི་བཙན་པོ་གནམ་ནས་བྱོན་ཚུལ་གྱི་ངག་རྒྱུན་ལུང་བ་གང་བཤད་རྒྱུ་ཡོད་ལ།

དུ་བ་སྔོ་དྲངས་དྲངས་དགོང་ལ་སོང་ཙང་།

བཙན་པོའི་བང་སོ་གནམ་ལ་བཏབས་པའི་གཏམ་རྒྱུད་ཀྱི་སྲིད་པ་ཆེན་པོ་དབུ་བརྙེས་ཚུལ་ཡང་གླེང་རྒྱུ་མང་།

༢༡ བུ་ཆུང་ལགས།

དུས་སྐལ་བ་ཡག་གི་ཟླ་ཚེས་ཤིག་ལ།

ངས་ཁྱོད་གངས་རི་ལུང་པའི་འབྲོག་སྡེ་སྨུག་པོ་དེར་འཁྲིད་དགོས་ལ།

གློ་སྙེད་དང་ཐོང་ཐག་ཕྲད་པའི་རྟ་དང་གཡག་གི་གོང་ལ་བསྐྱོན་དགོས།

རྩྭ་ཐང་གི་ཕང་བ་ནས་ངས་ཁྱོད་ལ་ཚོ་ཁག་ཅིག་གི་གྱེས་འབོད་ཀྱི་འུར་ཆོམ་གོ་བར་བྱ་དགོས་ལ།

སྦྲ་ཁྱིམ་གྱི་ཕུག་པ་ནས་ངས་ཁྱོད་ལ་དུས་ཚིགས་བཞི་བོའི་དྲོ་འཁྱགས་ཀྱི་སེར་ཁ་ཚོར་དུ་འཇུག་དགོས།

འབྲོག་ས་ནས། ངས་ཁྱོད་ལ་ཚ་སོབ་སོབ་ཀྱི་ཇ་གར་བ་ཞིག་ལྡུད་དགོས་ལ།

ཤ་ཚོན་པོ་དང་ཞོ་ཞིམ་པོ་ཡང་ཇ་ཐོག་གསུམ་ལ་སྟེར་དགོས།

༢༢

བུ་ཆུང་ལགས།

ཀ་ཁ་ག་ང་ཐོན།

ང་ཁྱོད་ལ་ཧ་ཅང་དགའ་བས།

ངའི་བྲང་གཞུང་གི་རྒྱ་མཚོའི་གཏིང་ལ་ཁྱོད་དང་ཀ་ཁ་གཉིས་མཉམ་དུ་གཏེར་ཡོད།

བརྩེ་དུང་གི་འབྲས་བུ་ཁྱོད་དང་ཀ་ཁ་གཉིས་མཉམ་དུ་གཏེར་ཡོད།

ང་ཁྱོད་ལ་ཤིན་ཏུ་གཅེས་པས། 

ངའི་སྙིང་རྩིད་ཀྱི་རྒྱ་རྫོངས་ནགས་ལ་ཁྱོད་དང་བརྩེ་བ་གཉིས་དབྱེ་བ་མེད་པར་སྙལ་ཡོད

སྙིང་རྗེ་བའི་ཁྱོད་དང་བརྩེ་བ་གཉིས་དབྱེ་བ་མེད་པར་སྙལ་ཡོད

༢༣

བུ་ཆུང་ལགས།

རིང་ཞིང་ཐུང་བའི་མི་ཚེའི་བཞུད་ལམ་འདི་ལ་ཀྱག་ཀྱོག་དང་ལ་ཐུར་མང་བོ་ཡོད།

ཕམ་ཁ་དང་རེ་ཆད་ཀྱི་ཤུགས་རིང་ཤོར་དུས་ཡོད་ལ།

འཛུམ་མདངས་དང་དྲོད་ཁོལ་གྱི་རྒྱལ་ཁ་སྤུངས་དུས་ཡོད།

བྱུང་རྒྱལ་དུ་དམོད་ཀྱང་ཚོད་ཚོད་དུ་འཛིང་ཡོང་བའི་མྱི་ཡང་མང་བོ་ཡོད།

དཀར་ནག་རེས་མོས་སུ་འཐབ་པའི་འཁོར་བ་འདི་ན།

གཏན་ནས་སངས་ཐབས་མེད་པའི་སྡུག་བསྔལ་རྐྱང་རྐྱང་ཞིག་ཡོད་མི་སྲིད་ལ།

གཞར་ཡང་འགྱུར་བ་མེད་པའི་བདེ་སྐྱིད་རྟག་བརྟན་ཞིག་ཀྱང་ཡོད་པ་མ་ཡིན།

༢༤

བུ་ཆུང་ལགས།

མི་ཡུལ་འདི་མ་གཞི་ནས་འཕྲུལ་ཆས་ཀྱི་དུག་མདའ་དང་།

འབར་མདེལ་སྡམས་ཐོ་གཅིག་གིས་གཏོར་ཐུབ་པའི་ཉེན་ཁ་ན་ཡོད་ལ།

བྱམས་བརྩེ་དང་སྙིང་རྗེ་ཅན་ཚོའི་བཀའ་སློབ་ཐེངས་གཅིག་གིས་ཞི་བདེ་བཟོ་ནུས་པའི་རེ་བའི་ས་ཆེན་ཞིག་ཀྱང་ཡིན་པ་ཡོད།

བྱམས་བརྩེ་ཁ་ནས་འཆད་ཀྱང་ཆགས་སྡང་ཁོག་ལ་སྦེད་པའི་མི་ཡུལ་འདི།

ཁྲིམས་ཀྱི་དགོངས་པ་རྟོན་ཅིང་དཔེ་ཀློག་རྒྱུན་ཤེས་མང་བའི་སྤྱི་ཚོགས་འདི།

འགྲོ་བདེ་འདུག་རྐྱང་གི་ལམ་ཁ་ཤོང་ཡངས་དེ་འདྲ་མིན་པས།

ཁྱེད་ལ་འོད་ཆེམས་ཆེམས་བྱེད་པའི་ཤེས་ཡོན་གྱི་གློ་གྲི་རྣོན་པོ་ཞིག་ཡོད་དགོས་ལ།

གཞན་དང་རང་ལ་དཔྱོད་པའི་ཚན་རིག་གི་ལྟ་གྲུབ་དྲང་མོ་ཞིག་ཡོད་དགོས།

༢༥

བུ་ཆུང་ལགས།

ཁྱེད་ལ་ཁྱེད་ཀྱི་འཚོ་བའི་ཁ་དོག་ཡོད་དགོས།

ངག་སྒྲོས་རྗེས་འབྲངས་ཀྱི་ཅལ་འདྲོགས་ཁོ་ན་མ་ཡིན་པའི་དཔྱོད་ཤེས་ཀྱི་འཚོ་བ་ཡོད་དགོས།

ཨུ་ཚུགས་མཁྲེགས་འཛིན་གྱི་རང་གཤིས་གྱོང་པོ་མ་ཡིན་པའི་གནས་ལུགས་ཀྱི་གཡར་དམ་ཡོད་དགོས།

རང་གཅེས་དང་གཞན་ཕན་གྱི་ངོས་གཉིས་ཀ་ཡོད་དགོས།

༢༦

བུ་ཆུང་ལགས།

ཁྱེད་ཀྱིས་ཀ་ཁ་ཀློག་འདོན་ཐུབ་ཅིང་།

བོད་ལ་སྲི་ཞུ་བསྒྲུབ་པའི་ལས་ཀ་ལྕོགས་སོང་ན།

ཨ་ཕ་ང་བློ་བདེ་བ་ཡིན་ལ།

བསམ་པ་ཡང་དེ་ཡིས་རྫོགས་འགྲོ་བ་ཡིན།

༧ ༡༡ སྔ་བོ་ནས་དགོང་དྲོའི་བར་གྱི་ལས་གསེང་ནས་སྦྱར།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།