སྒེའུ་ཁུང་ཆུང་ཆུང།
ལོ་ངོ་མང་བོ་ཞིག་ཆུ་ལ་བསྐུར་བའི་ཀོ་གྲུ་དང་འདྲ་བར
ང་དང་རྒྱང་ཐག་རིང་ནས་རིང་དུ་གྱུར་ན་ཡང
ངས་བརྗེད་དུ་མེད་པ་ནི་འདི་དག་ཁོ་ན་སྟེ
འོད་ཀྱི་གཤོག་པ་མཁའ་ལ་བརྐྱངས་པའི་ནངས་སྔ་མོ
གསལ་ལ་མི་གསལ་བའི་ངའི་རྡོག་སྣེ་ཡི་གཤིན་ས
ནས་འབྲུ་རྡོག་གཅིག་གི་ལང་ཚོ་སྔོན་པོ
ངས་ཇི་ལྟར་བཙལ་རུང
ང་དང་རྒྱང་ཐག་རིང་བའི་ངའི་སེམས་ཀྱི་སྒེའུ་ཁུང་ཆུང་ཆུང
2016.7.7
མེ་ལོང་།
___ཁ་ཡ་ན་ཟླ་དག་ལ་ཕུལ་བ།
མེ་ལོང་དེ་ལ་ཁ་རླངས་བཏབ་སྟེ
བྱི་དོར་ཡང་ཡང་བྱེད་པའི་ལོ་ཟླ་དག
རླུང་ལ་བཅིབས་པའི་སྤྲིན་པ་བཞིན
ཆུ་ལ་ལྕེབ་པའི་རྩྭ་ཉག་བཞིན
སུ་ཁོ་ནས་ཡང་ཡང་དྲན་ནམ
རྒྱང་རིང་ལ་ཕྱོགས་པའི་ལམ་བར་ན
ཁ་དང་ངོ་ལ་འདྲ་བའི་མེ་ལོང་རེ་རེ
སེམས་དང་བསམ་པར་འདྲ་བའི་མེ་ལོང་རེ་རེ
བདག་གིས་ཁྱོད་ལ་འཁྲུལ་ཨང
བདག་གི་མེ་ལོང
མཚོ་ལ་བསྐྱིལ་ན་མཚོ་སྙིང་ཡིན་འོས་པའི་ཁྱོད་རང
སྤང་ལ་བཙུགས་ན་སྤང་གི་མེ་ཏོག་ཡིན་འོས་པའི་ཁྱོད་རང
བདག་གིས་བྱི་དོར་ཡང་ཡང་བྱེད་འདོད་པ་འདི
བདག་གི་དྲན་པ་ཁོ་ན་ལན་ནམ
2016.7.1
དེ་ནས། དེ་ནས།
དེ་ནས་མུན་ཡོངས་སུ་རུབ་ངེས
ཨ་ཕོ་ལམ་པ་ཁོས་མཚན་ལམ་འགྲིམ་ངེས
མཚན་ལམ་ནས་ངོ་ཤེས་ལ་མི་ཤེས་པ་ཁ་ཤས་ལ་འཕྲད་ངེས
ཁོས་རང་གི་གོམ་སྟམས་ལ་གོ་བ་གཞན་ཞིག་ལེན་ངེས
གོ་བ་གང་ཞིག་མི་ཚེ་ཟེར་བའི་མཚན་ཉིད་ལ་བགྲང་ངེས
མཚན་ཉིད་གང་ལ་མཚན་གཞིས་སྐ་རགས་བཅིང་ངེས
སྐ་རགས་དམ་པོར་ལམ་གྱི་རྒྱན་ཆ་འདགས་ངེས
2016.7.6
གཙང་བོ་ཞིག་གི་ཚུར་རོལ།
___མདུན་ཕྱོགས་ན་ཙོག་པའི་བུ་མོ་ཞིག་ལ།
གཙང་བོ་དེ་ཧ་ཅང་གཏིང་ཟབ།
གཏིང་ཟབ་དྲགས་པས།
བདག་གིས་ལྷོག་ལྷོག་གི་འཕར་སྒྲ་ཁོ་ན་ཐོས།
ཆལ་ཆིལ་གྱི་རླབས་ཕྲེང་ཡོད་ཚད།
སླར་ཡང་ལྷིང་འཇགས་ཀྱི་གནས་ལ་འཐིམ།
ལྷིང་འཇགས་ཁོ་ན།
བདག་གིས་སུ་ལ་ཉན་པའི་གཙང་བོ་ཞིག
ཤག་ཤག་གི་སྣང་བ་ནག་པོ།
ཁྱོད་ཀྱི་སྒལ་གཞུང་གི་སྐྲ་ལོ་དེའོ།།
གྱེས་བྲལ་ལས་བཞད་པའི་མེ་ཏོག་ཆ་གཅིག
བདག་གིས་ཡིག་ཤུབས་ལ་བཅུག་པའི་སེམས་པ་ཉིད།
གཙང་བོ་རང་རྒྱང་ནས་རྒྱང་དུ་བཞུར།
བདག་ཁོ་ན་གཙང་བོའི་ཚུར་རོལ་དུ་འགྲེང་།
2016.6.10
གཅིག་པུས་གཅིག་པུར་ལབ་པ།
ཁྱོད་འདི་ཅི་རེད
དོང་ཁའི་འོད་ཉག་ཟེར་བ་ཞིག་ལ་སྙེག་ནས
ཚོད་ཚོད་ལ་ཚོར་བ་མེ་རུ་སྒྲོན
ཚོད་ཚོད་ལ་མགོ་བོ་རུམ་ལ་བཏུམ
ཁྱོད་འདི་ཅི་རེད
ཕྱི་རོལ་ལ་བལྟས་ནས
ཚོད་ཚོད་ལ་དགོད་ཁ་ལྷང་ལྷང་དུ་ཤོར
ཚོད་ཚོད་ལ་མིག་ཆུ་ལོང་ལོང་དུ་བཞུར
2016.6.30
ཚོད་ཚོད་ལ་སྒོར་བུད་ན་འདོད་ཐལ།
ཞོགས་པ་ཞིག་དང་འདྲ་བའི་ས་སྲོད་ལ
བདག་གཅིག་པུས་གཙང་བོ་ཞིག་དྲན
གཤོག་པ་ཐོགས་འོས་པའི་སེམས་པར
སྡུག་གི་བྲག་ཐེམ་སྐྱ་བོ་ཞིག་འབུས
བྱ་གླག་ཡིན་འོས་པའི་ཁྱོད་རང་གང་ལ་འཕུར
ཕྱི་རོལ་ནི་འཐབ་ར་ཞིག་དང་འདྲ་ཡང
ཚོད་ཚོད་ལ་སྒོར་བུད་ན་འདོད་ཐལ
རལ་གྲི་བཙའ་ཆགས་མ་ཞིག་གི་འགྲོགས་རོགས་ཀྱིས
ས་ཆེན་པོའི་བྲང་གཞུང་གཤག་འདོད་པ་འདི་ཡང
བདག་གིས་སུ་ལ་མ་བཤད་པའི་གསང་བ་ཡིན
མིག་ཆུ་བསྐམས་པའི་ལོ་ཟླ་དག
གྲམ་ཆུ་བསྐམས་པའི་གྲམ་གཞུང་ཞིག་དང་འདྲ་བར
རྡོ་བ་དག་ལང་ལོང་དུ་འཛིང་བས
རྡོག་སྣེ་རྡོ་ལ་མི་ཐོགས་པའི་ངེས་པ་གང་ན་ཡོད་ཨང
བདག་གིས་ཁྱོད་རང་དྲན་བྱུང བདག་གི་གཙང་བོ
ལྷུང་ལྷུང་དུ་འབབ་འོས་ཤིང
ལྷོག་ལྷོག་ཏུ་གདུ་འོས་པའི
བདག་གི་དྲན་པ་སྒོར་སྒོར
བདག་གིས་ཁྱོད་རང་གང་ནས་བོར་ཨང
2016.6.22
སྒེའུ་ཁུང་ལས་མཐོང་བ་དག
སྒེའུ་ཁུང་ལས་སྨན་ཁང་ཞེས་བྲིས་པའི་ཡིག་འབྲུ་གཉིས་མཐོང
ཡིག་འབྲུ་གཉིས་པོར་འོད་ཀྱི་གཤོག་པ་བཏགས་ཏེ
ཀེམ་ཀེམ་དུ་གཡོ་བའི་ནམ་མཁར་སྤུར་དུས
ས་དོག་མོ་ཡང་རུས་པ་སྤར་མོ་གང་དུ་གྲུབ
ཆང་གི་བཟི་ཁ་དང་འདྲ་བའི་མཁའ་དབུགས་སུ
མི་ཚོགས་ཀྱི་རླབས་ཕྲེང་འཕྱོ་ཞིང་ཐོར
སྐབས་སྐབས་སུ
ཀི་སྒྲ་དང་འདྲ་བའི་སེམས་ཚོར་དག
སྒེའུ་ཁུང་ལ་འཚང་ཞིང་སྒེའུ་ཁུང་ལ་འཛུལ
ཡན་ལག་བཏགས་པའི་སྲང་ལམ་དུ
རྐང་རྗེས་ཀྱི་རི་མོར་མེ་ཏོག་བཞད
མེ་ཏོག་ཁྲ་ཆིལ་ལེར་ཕྱོགས་ཕྱོགས་སུ་རེ་བ་བཏབ
རེ་བ་ལ་བུ་ཕྲུག་འཁྲུངས
བུ་ཆུང་སླར་ཡང་གཉིད་ལ་ཤོར
མུན་ཡོངས་སུ་རུབ་སོང
སྒེའུ་ཁུང་ལ་རླུང་བུས་ཀྱང་འཇབ་རྒོལ་ཐེབས
ཕྱི་རོལ་ནི་རྫིང་བུ་ཆེན་པོ་ཞིག་སྟེ
ཁྱོད་རང་རྒྱ་རུ་འཚང་བའི་ཉ་མོ་ཞིག་གོ
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།