ཉི་ནུབ་ལ་བྲིས་པ། (ཞར་བཀོད་གཉིས།)

305

 

རྩོམ་པ་པོ།   བཙན་ཞགས།  

 

  ཉི་ནུབ་ལ་བྲིས་པ།    

 

སྣང་བའི་སྲིབ་ཁ་སྒྲོག་པའི་འོད་ཀྱི་རྡེའུ་སེར་པོ།།

ཁྱོད་ཀྱི་རྗེས་ཤུལ་དེད་ན་གྲིབ་མའི་ལག་པ་རིང་བ།།

ནུབ་རིའི་སྤྲིན་པ་ཁ་སེར་མཚན་མོའི་སྔོན་འགྲོ་ཡིན་ན།།

རུམ་ཁར་འཛུལ་བའི་མུན་པ་གློ་བའི་དྲོད་ལ་གླན་ཆོག།

གྲིབ་རིས་ནག་པོའི་འོག་ནས་འཇིག་རྟེན་སྒོམ་ལ་བསྡད་དེ།།

ཞོགས་པའི་འཛུམ་ཞལ་བར་དུ་རྨི་ལམ་ག་ཚོད་རྨི་དགོས།།

རེ་བའི་དབྱིངས་ལ་མཆོང་ནས་ཚོར་བའི་མེ་ཏོག་གད་ན།།

ལྷིང་འཇགས་མེ་རུ་སྒྲོན་པའི་མཚན་མོ་ཐོལ་གྱི་བརྒལ་ཆོག།

རང་ངོ་རང་ལ་འཁོར་ནས་ཚོར་བ་ནང་ལ་བཀུག་ན།།

ཚོར་བའི་ཁ་ཚར་རབ་རིབ་མཚན་མོའི་ཟས་སུ་བྱས་ཏེ།།

དྲན་པའི་སྣང་བ་གཉོམ་པོ་མེ་རུ་འབར་ཚུལ་དྲན་ན།།

ཁ་ལག་ཕྱི་ནང་བར་ནས་སྙན་ཚིག་སིལ་མ་ཟགས་འགྲོ།།

རི་བོ་ཕར་ལ་མ་སོང་གྲིབ་མ་ཚུར་ཚུར་བཅར་བས།།

ར་སྐོར་གྲང་བས་བཟུང་སྟེ་ཁེར་སྣང་རླུང་ཁར་ཡན་ན།།

རྒྱང་རིང་འཕྲིན་པ་ཞིག་ལ་གཤོག་པ་བཏགས་ན་འདོད་དེ།།

སྐྱོ་གཞས་ལྷོད་མོ་ཞིག་ལ་རྣ་བ་གླན་ནས་བྲིས་ཡོད།།

ཁ་ཐག་སེམས་པས་བཞག་ན་བར་ཐག་ཚུར་ལ་མི་ཡོང་།།

ལས་དབང་ཐོད་ལས་གཡུག་ན་གོར་མོ་རྡོ་དང་འདྲ་བ།།

ལམ་བུ་ཁ་ཁར་སོང་ན་མཐུན་པའི་ལག་རྡང་ཆད་འགྲོ།།

ཚོར་བ་སེམས་སུ་སྦས་ན་སེམས་རྩ་སྨུག་པས་བཟུང་འགྲོ།།

བྱ་བརྒྱ་ཚང་ལ་ལོག་དུས་འུར་ཅག་རྣ་བས་མི་ཁོག།

ང་ཡི་སྒེའུ་ཁུང་ངོས་སུ་འབུ་སྦྲང་ཟིལ་སྒྲ་དེ་ལས།།

ལྷིང་འཇགས་རྨི་ལམ་ཞིང་ལ་འུར་སྒྲ་གཏོང་མཁན་མེད་ན།།

མཚན་སྨག་འདི་ཡི་ཕག་ནས་ཡིག་འབྲི་ག་ཚོད་འབྲི་ངེས།།

                                                   2016/7/5

           འཁོར་བའི་ང་ལ།

 

འཁོར་བས་ང་ལ་ཕྱུགས་ཀྱི་ར་ཅོ་བཏགས་ནས།།

རྒྱབ་ནས་དེད་དེ་འགྲོ་ན་གཡང་ལ་བརྩི་ཞིང་།།

སྔོན་ནས་ཀེར་དེ་འདུག་ན་གདོན་ལ་བརྩི་རེད།།

ང་ནི་ང་ལ་གསལ་བའི་མེ་ལོང་ཡིན་ནམ།།

འཁོར་བས་ང་ལ་ཞེན་ཆགས་རི་མོ་བྲིས་ནས།།

འདོད་པའི་ཁ་ཆུས་བཀྲབ་ཏེ་ཡར་ལ་མཆོད་ཅིང་།།

དུང་བའི་མིག་ཀོང་འདར་ནས་ཕར་ལ་སྟོན་ན།།

ང་ནི་ང་ལ་ཡོད་པའི་སྒལ་ཚིགས་ཡིན་ནམ།།

འཁོར་བའི་ང་ལ་བཙན་གྱི་རི་དར་འདོགས་ཤིང་།།

སྔོན་ལ་རྒྱུགས་ན་བསྟོད་པའི་གནམ་ལ་ཕྱར་རེད།།

རྗེས་ལ་ལྷག་ན་སྨད་པའི་ཐལ་རྡུལ་གཏོར་རེད།།

ང་ནི་ང་ལ་འཚམ་པའི་བར་མར་སླེབས་སམ།།

འཁོར་བས་ང་ལ་རྫུན་མའི་འཇིག་རྟེན་སྟོན་ལ།།

གཡོ་སྒྱུའི་ཁུག་པར་འཛུལ་ན་འཛུམ་གྱིས་བསུ་ལ།།

བདེན་པའི་རྒྱབ་ལ་ཙོག་ན་སུན་སྣང་གཏོང་བ།།

ང་ནི་ང་ལ་འོས་པའི་ཁེར་ལམ་སྙེག་གམ།།

འཁོར་བའི་ང་ལ་ཨག་སར་མར་ལོ་སྟེར་ནས།།

འུར་ཀྱིས་གང་སར་འདྲོག་ན་དེ་གར་ཁྲིད་ཅིང་།།

ཅུང་ཙམ་བརྟན་པོར་སྡོད་ལ་ཚིག་མདའ་གཏོང་བ།།

ང་ནི་ང་ལ་གོམས་པའི་ལམ་དེ་རྙེད་དམ།།

འཁོར་བའི་ང་ལ་ངོ་ལྤགས་དགུ་རྩེགས་བཀོན་དེ།།

མཁས་པའི་གསུང་ལ་སྐྱོན་གྱི་ཞྭ་མོ་སྐོན་ཟེར།།

བླུན་པོའི་མགོ་ལ་བསྟོད་པའི་གདུགས་དཀར་ཕུབ་ཟེར།།

ང་ནི་ང་ལ་དབང་མིན་སུ་ཡིས་ཤོད་འང་།།

འཁོར་བའི་ང་ལ་འུར་གྱི་གཤོག་པ་འདོགས་ལ།།

ཕྱོགས་ཞེན་དབྱིངས་ལ་འཕུར་ན་བསྟོད་དེ་ཡོང་ལ།།

ཆགས་སྡང་གྱོད་ལ་སོང་ན་དཔའ་ལ་བརྩི་ན།།

ང་ནི་ང་ལ་བབ་པའི་ལམ་དེར་འགྲེང་ངམ།།

འཁོར་བས་ང་ལ་རྨོངས་པའི་ཞྭ་མོ་བསྐོན་ནས།།

སྡུག་བསྔལ་མེ་རུ་མཆེད་པའི་ཁྲིས་སུ་དེད་དེ།།

གནས་ལུགས་གཤའ་མའི་པང་ནས་ཕྱིར་ལ་འཕེན་ན།།

ང་ནི་ང་ལ་སད་པའི་རྟོགས་པར་གྲོལ་ལམ།།

                                             2016/7/          

         གྲོལ་རྩོམ།

 

མི་ནི་རྨོངས་པའི་གར་ལ་སོང་།།

འཁོར་བ་རྟོག་པས་ཁབ་དུ་བསུས།།

སྡུག་བསྔལ་དག་ནི་ཐོད་ལ་ལེན།།

སྣང་བ་དཀར་ལ་མུན་པ་ནག།

གནས་ལུགས་ཉིད་དོ་རྙེད་པ་ནི།།

གྲོལ་བའི་གཤོག་པ་རྐྱོངས་བར་སྨྲ།།

ནམ་མཁའ་སྟོང་བ་ཚུགས་སུ་འགྲེང་།།

འཇའ་རིས་འཁྱུག་པའི་པ་ཏྲ་བསླས།།

སྣང་ཙམ་སྣང་ཙམ་ཡལ་བ་དེས།།

འགྲོ་བའི་སྐྱེ་འཆི་འགྲེལ་ལོ་སྐད།།

དེ་ཡི་ཚོར་བའི་ཤུན་པ་མཛེས།།

ཚུར་ཚུར་གཅར་ནས་མེ་རུ་འབར།།

རླུང་བུ་བསིལ་བསིལ་གང་ལ་གཡོ།།

ཕྱི་ནང་ཡོངས་སུ་ཉུལ་བའི་མཐར།།

རི་བོ་བཏེགས་ཤིང་ཆུ་བོ་ཁྲིད།།

སྲིད་པའི་མེ་ལོང་གོར་གོར་ནས།།

རྨི་ལམ་མུན་པའི་དབྱིངས་སུ་བོར།།

ཞེན་པའི་སྤར་ཁ་ལྷོད་ཅིང་ལྷོད།།

མཛུབ་མོས་གདོང་ལ་རི་མོ་བྲིས།།

རི་མོ་བསེད་ཅིང་མདུད་པ་དེས།།

སྨུག་བུན་ཀློང་དུ་ཕར་ཕར་འདས།།

དེ་ལྟར་བཞུད་པའི་ལམ་འཁྲིས་སུ།།

ལྷོད་ཅིང་ལྷོད་པའི་གོམ་འགྲོས་དེས།།

གང་ལ་ཁྲིད་ཅིང་གང་དུ་གསོད།།

གྲིབ་མ་ཁྲིད་དེ་གཡང་ལ་མཆོང་།།

ཟུག་ཚོར་འབར་བའི་འོབས་ལ་འོ།།

གཏད་མེད་ཟིན་མེད་ཁྲིར་འཛེགས་ཏེ།།

སྣ་ཚོགས་རོལ་བའི་གར་སྟབས་སུ།།

སྟོང་བའི་ཕྱག་རྒྱ་རབ་འཇིགས་པ།།

གཞི་མེད་སད་པའི་མཁའ་ལས་གྲོལ།།

འཁྲུལ་བའི་རྟ་ཕོར་བཅིབས་པ་ན།།

སྐད་ཅིག་གློག་གི་འགྱུར་བ་བསུས།།

ལོང་བས་བཟོས་པའི་མེ་ཏོག་གིས།།

མཛེས་དགུའི་འཇའ་རིས་ཕུབ་པ་ན།།

དེ་རུ་ཟགས་པའི་རྣམ་རྟོགས་རྡུལ།།

ང་ཡི་ཕྱི་ནང་ཀུན་ནས་འབབ།།

                                      2016/7/2

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།