མི་རྣམས་གཙང་བོ་ལྟར་འགྲུལ་བཞུད་ལ་ཕྱོགས་ཡོད་
གཙང་བོ་ལྟ་བུའི་འགྲུལ་བཞུད།
འཇིག་རྟེན་གྱི་གླིང་རེ་རེ་བཞིན་
སེམས་ལ་གཤོག་པ་ཐོགས་ནས་
འཕུར་འདོད་ཀྱི་ཕུགས་འདུན་
མི་རེ་རེར་སྔ་མོ་ནས་ཡོད་
མི་ནི་
སེམས་ལ་གཤོག་པ་ཐོགས་པའི་བྱ་ཞིག་ཡིན་
ལོ་དང་ཟླ་བ་ཀུན་ལ་
གླིང་རི་གླིང་ཕྲན་བསྐོར་ནས་
འཛམ་གླིང་གི་དགའ་སྐྱོ་རེ་རེ་བཞིན་
ཉིན་རེའི་ལས་བྱ་ལྟར་སེམས་ལ་འབྲི་བཞིན་ཡོད་
རང་དབང་མེད་པའི་མི་རྣམས་
སེམས་ལ་གཤོག་པ་ཐོགས་ནས་
སེམས་ཀྱི་རྒྱལ་ཁམས་ཉུལ་བཞིན་ཡོད་
རང་ལ་རྒྱང་ཐག་རིང་བས་
རང་དབང་དང་བདེ་སྐྱིད་ཀྱི་ཕྱོགས་སུ་
འཕུར་ནས་འགྲོ་བཞིན་ཡོད་
གཙང་བོ་ལྟ་བུའི་འགྲུལ་བཞུད་ཀྱི་ལམ་སྣེ་
དམག་འཁྲུགས་དང་འཇབ་རྒོལ་ལ་ཟུག་ཡོད་
རང་མལ་ཤོར་བའི་མི་སེར་དག་ལའང་
གཤོག་པ་མེད་པ་ག་ལ་ཡིན་
རེ་ཞིག་གཤོག་པར་གས་ཆག་ཤོར་བ་ཙམ་ཡིན་
2016.1.1ལ།
ཕ་ཡུལ་ནས་ཕ་ཡུལ་དྲན་པ།
རྨི་ལམ་དང་འཇའ་ཚོན་ལྟ་བུའི་མཛེས་པ་
ཕ་ཡུལ་གྱི་ཁ་སང་དང་འདས་སོང་གི་གཏམ་རྒྱུད་རེད་
ཁྱེད་ཀྱིས་རྒྱང་རིང་ནས་ཕ་ཡུལ་དྲན་པ་ནང་བཞིན་
ངས་ཕ་ཡུལ་ནས་ཕ་ཡུལ་དྲན་
ཕ་ཡུལ་གྱི་ཁ་སང་དང་ད་ལྟ་
མ་འོངས་པ་ལྷག་ཏུ་དྲན་
ཕ་ཡུལ་གྱི་རི་ཚོགས་དག་གིས་
སུ་ཞིག་ལ་མྱ་ངན་ཞུ་བ་དང་འདྲ་བར་
སྨྲ་བ་མེད་པར་ལོ་ཟླ་མང་པོ་འདས་
ལོ་ཟླ་དེ་དག་ལ་
སྨུག་པས་རི་རྒྱབ་གནོན་ཞིང་
དྲན་གདུང་གིས་སེམས་ལྗོངས་བསྲེགས་
ཁྱེད་ཀྱིས་རྒྱང་རིང་ནས་ཕ་ཡུལ་དྲན་པ་ནང་བཞིན་
ངས་ཕ་ཡུལ་ནས་ཕ་ཡུལ་དྲན་
ཕ་ཡུལ་གྱི་ཁ་སང་དང་ད་ལྟ་
མ་འོངས་པ་ལྷག་ཏུ་དྲན་
2015.12.27མཚན་མོར།
ཞོགས་པ་ཞིག་ལ་མཚན་གྱི་རྨི་ལམ་དྲན་པ།
མུན་པ་ནི་སྡུག་བསྔལ་ལ་ཁ་ཕྱོགས་ནས་ཚེས་པའི་
ཡུལ་ལུང་གང་ཞིག་གི་མངའ་ཐང་རེད
རྫོགས་མེད་ཀྱི་མུན་པ་ཇི་ལྟར་བརྒལ་ཡང
ང་སྔར་བཞིན་མུན་པ་ལས་བརྒལ་མ་ཐུབ
མཚན་གྱི་རྨི་ལམ་ལས་ཁྱེད་ནི་འོད་ཟེར་ཐོགས་པའི་
འགྲུལ་བཞུད་པ་ཞིག་རེད་ཟེར
ཁྱེད་ཀྱི་འགྲུལ་བཞུད་ཀྱི་ལམ་སྣེ་ན་གངས་དང་གཙང་བོ་ཡོད་སྐད
ད་རུང་ཚེ་སྲོག་གྲངས་མེད་ཀྱི་ཉམ་ཐག་པའི་ངུ་སྐད་དང
བཙན་པོ་སུ་ཞིག་གི་དབང་འོག་ན་ལུས་པའི་
ཕ་ས་དང་ཡུལ་མི་དག་གི་ཉམ་ཆུང་བའི་འཚོ་བ་དང་བདེ་སྡུག་ཡོད
ཁྱེད་ནི་ངས་མཚན་ལ་རྨིས་པའི་རྨི་ལམ་ཞིག
ཞོགས་པ་ཞིག་ལ་སླར་ཡང་དྲན་པའི་
རྨི་ལམ་ཞིག་གི་མངའ་ཐང་
ང་ལ་འདི་ལས་ཇི་ཡང་ལྷག་མེད
ཁྱེད་ཀྱི་འགྲུལ་བཞུད་དང་ཕུགས་བསམ
ཉི་མ་དང་ཟླ་བ་བཞིན་གོ་ལའི་ཁྱོན་ལ་ཕྱོགས
འཇིག་རྟེན་ཆེ་དྲག་པའི་ཡིན་ནམ
ད་རུང་ཉི་འོད་ཀྱི་བྱམས་བརྩེ་མ་བརྒྱབ་སའི
རི་ལུང་དང་ཚེ་སྲོག་ཡོད་ངེས
སྐྱེ་འཆིའི་ལམ་ཡིག་ལྟ་བུའི་ཁྱེད་ཀྱི་བརྩེ་བ
ཞོགས་པ་ཞིག་ལ་སླར་ཡང་དྲན་པའི་མཚན་གྱི་རྨི་ལམ
རི་བོ་ཧི་མ་ལ་ཡི་རྨི་ལམ
ཡར་ཀླུང་གཙང་བོའི་རྨི་ལམ
དབུས་པས་སྐྱིད་ཆུའི་འགྲམ་ནས་རྨིས་པའི་རྨི་ལམ
ཁམས་པས་རྒྱལ་མོ་དངུལ་འགྲམ་ནས་རྨིས་པའི་རྨི་ལམ
ཨ་མདོ་བས་མཚོ་སྔོན་པོའི་གཞུང་ནས་རྨིས་པའི་རྨི་ལམ
ངས་ཞོགས་པ་ཞིག་ལ་མཚན་གྱི་རྨི་ལམ་དྲན་དོན
རྨི་ལམ་ནང་གི་མཇལ་འཛོམས་དང
འོད་ཟེར་ཐོགས་པའི་ཁྱེད་ཀྱི་འགྲུལ་བཞུད
སྲོག་གི་སྙིང་བོར་སྦྱིན་པའི་བརྩེ་བ
ཁམས་གསུམ་གྱི་འགྲོ་འོང་ལ
གནང་བའི་ཐུགས་འདུན་ཟབ་མོར
རྨི་ལམ་ལས་མཇལ་བས་ཡིན
2016.3.28ཉིན།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།