
༡ ལམ་བར་དུ།
གོམ་འགྲོས་ཀྱི་ཀློང་དུ་མུན་ནག་སླེབས་ཀྱང
སྐར་མ་སྨིན་དྲུག་གི་ངོས་ལས་མ་ཡུམ་མངོན་ཡང
ཐག་རིང་གི ནམ་མཁའ་དེར
དབྱར་སྤྲིན་གྱི་མཛེས་པ་མངོན་ཕྱིར
ངའི་གོམ་འགྲོས་སང་ཉིན་ལ་གཏད
ངའི་མིག་ཟུང་ནམ་མཁའ་ལ་འཁོར
ཆུ་ཐིགས་ལྟ་བུའི་སྐར་མའི་ཚོགས
ངའི་བྲང་གཞུང་ལས་སུ་ཞིག་ལ་ཕུལ་བའི་ལེགས་སྐྱེས་བཞིན
བརྩེ་ཞེན་གྱི་རླངས་པ་འཁོལ་ས་རུ
མིག་གི་ཁོང་གསེང་ནས་ཕྱིར་བརྡོལ་མ་བྱུང
ས་གཞིའི་ངོས་སུ་འཚེར་བའི་སྐར་མ
གཙང་བོའི་རླབས་ཀྱིས་ཁྱེར་བའི་ཟིལ་ཐིགས་བཞིན
ལུང་པ་གང་ཞིག་ཏུ ཤོག་ངོས་ག་ཙམ་དུ
བདེན་པར་སྨྲ་བའི་མི་རུ་གྲུབ
༢༠༠༦།༢།༢ཉིན།

༢ སྣེ་ལེན་ཁང་གི་ཙི་ཙི།
སྐུ་ངོ་ཚང་གི་གཅེས་ནོར་དེ་ཙི་ཙི་ཞིག་རེད
གསར་འབྱོར་སྤྲང་ཕྲུག་ཚོར
སྡེར་ཤུལ་ཞིག་བྱིན་པ
ཡིད་ཆད་དང་འགྱོད་གདུང་གི་ལམ་བྲོ་རེད
ཉིན་མོར རྐུན་མ་རྒྱག་པར་མཁས་པའི་ཙི་ཙི་གཞུང་ལས་ཁང་ན་ཡོད
འབྲས་དཀར་ལྟ་བུའི་ང་དང་ཁོས
བོད་ཀྱི་མི་གཤིས་བཙོག་པ་ལ་ཟེར་དགོས་བྱུང
མཚན་མོ་ཙག་ཙིག་གི་སྒྲ་གཟན་དེ་ཡིས
ཐང་ཆད་དང་སྐྱོ་ངལ་ཀློང་གི་མི་བུ་ཚོ་གཉིད་ལས་དཀྲོགས
དོན་དངོས་སུ་ཁོའི་མིང་ལ་ཅི་ཟེར་དགོས་སམ
༢༠༠༦།༢།༡༦ཉིན།

༣ པོ་ཏཱ་ལའི་བྱུང་བ་བརྗོད་པ།
མཛེས་མའི་མིག་ཟུང་གི་ནང་རོལ་ནས
འོད་ཅིག་མཆེད་དེ་སྔོན་པོར་གྱུར
མཐའ་ཡས་པའི་བྲང་གཞུང་གི་བརྩེ་བའི་མྱོས་བུམ
གངས་རི་ཞིག་དང དེ་ལས་དྭངས་གཙང་གི་ཆུ་བོ་བརྡོལ
ནོར་དང་ལུག་གི་རྩི་ཤིང
སྦྲ་ནག་ཟུར་འདུག་གི་རྡོག་པོས་མནན་ནས་ཡུན་རིང་སོང
པོ་ཏཱ་ལ་ཞེས་པའི་རི་བོ་ཞིག་བྱིན་རླབས་ཀྱི་ཁ་ལུད་ལྟར་ཐོན་ཏེ
སྤང་ལྗོངས་ཀྱི་དཀྱིལ་ལ་འཛུགས་བསྐྲུན་ཞེས་པ་གཅིག་པུར་བཀོད
༢༠༠༦།༢།༡༧ཉིན།

༤ སེམས་འགྱུ།
ངའི་སྣང་བའི་མཚོ་ཁར་རྒྱུ་བའི་ངང་མོ
ལྗང་མདོག་གི་རྩྭ་ཐང་ལས་འོངས་པའི་སྤྲིན་དཀར་ཞིག
ཉི་ཟེར་གྱི་ལྕགས་སྒྲོག་འོག་གི་རྔུལ་ཆུ་བརྡོལ་དུས་ཀྱང
བསིལ་གཡབ་ལྟ་བུའི་གཤོག་སྒྲོ་ལེབ་མོ
ངས འཁྲུལ་སྣང་དང་རྨི་ལམ་གྱི་ལྗོངས་སུ་བསུས
ངའི་སྐྱོ་སྣང་གི་མཚོ་མོར་མངོན་པའི་བུ་མོ
མཐོ་སྒང་གི་ལ་གཞས་སུ་གནས་པའི་སེམས་དོན་ཞིག
བསིལ་རླུང་གི་བདེ་སྣང་འོག་ཏུ་མིག་ཟུང་དེབ་སྟེང་དུ་འཛུགས་དུས་ཀྱང
བོད་ཡུལ་གྱི་ཁངས་སྐྱོན་ལྟ་བུའི་བརྗེད་དཀའ་བའི་ཟིན་ཐོ་ཞིག
ངས མི་ཚེ་དང་འཚོ་བའི་ཁྲོད་དུ་ག་ལེར་བཞག
༢༠༠༦།༤།༡༧ཉིན།

༥ སྟོང་ཉིད་ཀྱི་འགྲེལ་བ།
ཆེས་མཇུག་མཐའི་ཚེ་སྲོག་གི་སྐད་ཅིག་མའི་དུས་སུའང
ཁྱོད་ཀྱིས་ཆང་ཕོར་དབྱིངས་སུ་བཀྱགས་ཏེ
མི་ཚེའི་སྤྲོ་སྐྱིད་མཚོན་པའི་ཆང་གཞས་ཁ་ཤས་ཀྱིས
སུ་ཞིག་གི་སྙིང་ཁོང་ལ་ཟུག་གཟེར་སློང་འདོད་དམ
མིག་ཟུང་གི་ཤུན་ལྤགས་ཡུན་གྱིས་བཀབ་སྟེ
འཇིག་རྟེན་གྱི་མཐའ་ཡས་པའི་རྩྭ་ཐང་དང་གྱེས་ཕྱག་ཕུལ་དུས་ཀྱང
ཁྱོད་རང་སྔར་བཞིན་ར་བཟི་བ་ཞིག་སྟེ
བུད་མེད་ཀྱི་ངན་ཉེས་བགྲང་བར་ད་དུང་སུན་སྣང་མེད་ཟེར་འདོད་དམ
༢༠༠༦།༥།༤ཉིན།
༦ འཆི་ཁའི་མིག་ཆུ།
ནག་པང་ངོས་སུ
སྐྱོ་སྣང་གི་རླུང་བུ་ཤུར་མོར་ལྡང་ཞིང
ས་སྨྱུག་དཀར་པོའི་རྩེ་ལས
མི་རབས་གཅིག་གི་མིག་ཆུ་ཡང་ཡང་བརྡོལ
ཚེ་སྲོག་གི་འཕྱོ་ཤུགས་མེད་པའི་གསལ་བྱེད་སུམ་ཅུ
རྒས་འཁོགས་ཀྱི་ལག་ཟུང་ལས་ཚེ་ལོ་ཤོར་ཅིང
མིག་ཟུང་གི་འོད་མདངས་ངོགས་སུ
རེ་སྨོན་གྱི་སྐྱབས་ཞུ་ཙམ་ལས་ཅི་ཡང་མེད
གནས་འདི་ན
རེ་ཆད་དང་སྐྱོ་སྣང་གི་འགྲོས་སུ་འཁོར་བ
བོད་ཀྱི་དེབ་ཐེར་གཉོར་བའི་གླེན་པ་ཁག་ཅིག་རེད་ཨང
༢༠༠༦།༩།༢༤ ཉིན།

༧ ཕ་ཡུལ་དྲན་པ།
དེ་རིང ངའི་སྣང་བ་ཕ་ཡུལ་ན་རྒྱུ
ཨ་མའི་ཁྱིམ་ལས་ཙག་ཙིག་གི་གོམ་སྒྲ་དང་ལྷན་དུ
ཕྱི་དྲོའི་མཚམས་སྤྲིན་ལ་རྒྱང་བལྟས་བྱས
དེ་རིང ངའི་དྲན་གདུང་ཕ་ཡུལ་ལ་ཤོར
སྒེའུ་ཁུང་ཕྱི་རོལ་གྱི་ལྗོན་པའི་ཡལ་ག
ཨ་མས་བུ་ཆུང་འབོད་པའི་ཕྱག་བརྡ་དང་འདྲ
དེ་རིང ངའི་ལུས་སེམས་གཉིས་ཕ་ཡུལ་ལ་དུངས་ཏེ
རྔུལ་ཆུ་ཁྲོམ་ཁྲོམ་གྱི་ཁོར་ཡུག་འདིར་སུན་སྣང་བསྟེན་ཅིང
སྣང་བ་རབ་རིབ་ཀྱིས་མི་ཚོགས་ཀྱི་གྲུ་ཟུར་བཙལ
དེ་རིང ངའི་འདུན་མ་ཡོད་ཚད་ཕ་ཡུལ་དང་འདྲ་བས
ཧི་མ་ལའི་རི་རྩེ་ལས་ཕྱིར་མིག་ཡང་ཡང་ཤོར
༨ ཆང་འཐུང་རྗེས།
སྐར་འོད་རབ་རིབ་ཀྱི་ཁྲོད་དུ
སྣང་བ་ཟ་ཟིའི་གླུ་སྐད་མཐོན་པོར་གྱེར་ཞིང
གཏམ་བཤད་གོ་རིམ་མེད་པ་ཞིག་གིས་རང་བཀུར་ཆེན་པོ་བྱས
རྫ་ཆུ་བསིལ་མའི་ཤག་སྒྲ་ཚོར་ཞིང
སྐོམ་པའི་གདུང་བའི་མཆུ་འདབ་ཀྱིས་ཡང་ཡང་རེ་སྙེག་བྱས
མཐོན་པོའི་རི་ལས་མཆེད་པའི་བསིལ་རླུང་གིས་ལུས་པོ་བཀྲུས་ཤིང
སྨྲ་བ་རྡབ་རྡིབ་ངང་མལ་སར་སྙེགས་ཤིང་གཉིད་ལ་ཞུགས
ཞོགས་པར མགོ་བོ་ས་གཞིས་མནན་པའི་སྡུག་སྣང་དང་མཉམ་དུ
ཤེལ་དུམ་སྟོང་བ་རང་དང་མཉམ་པོར་བཞག
(རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།)