བདའ་ཚང་སྙེམས་གྲོལ་གྱིས་གསར་དུ་བྲིས་པའི་བཅད་རྩོམ་རིང་མོ་ཞིག

377

13451115_1103288889728610_318330999_n.jpg
                                   
                                                 __རྒྱན་ལ་མ་བཅིངས་པར་གོ་བདེར་བྱས་པའི་གཏམ།

 

ཚེ་འདི་ནི་ཀྱིག་རྩེ་བཤིབས་པ་བཞིན།།

འགྲིགས་མོ་ཞིག་སྒྲིག་དབང་ག་ལ་ཡོད།།

ལས་སྐྱིད་སྡུག་སྔ་དྲོ་ཕྱི་དྲོ་ཡི།།

གནམ་སྔོན་པོ་ཐང་དང་རུབ་པ་བཞིན།།

ལག་ཚོད་ཀྱིས་ཐིག་པ་ག་ལ་འབྱུང་།།

མི་ང་ནི་ཕོ་ལོ་བཅོ་ལྔའི་ཐོག།

ཕ་བླ་མ་འགྲན་གྱི་དོ་མེད་པ།།

རྗེ་བུདྷའི་མཚན་གྱི་ཞབས་དྲུང་དུ།།

སྐྲ་བྲེགས་ཤིང་ལུས་ཀྱི་གོས་མདོག་བསྒྱུར།།

མིང་བརྗེས་ཤིང་བསླབ་པའི་ཁྲིམས་ཀྱང་མནོས།།

ཆེས་ཞིབ་ཏུ་བརྟགས་ན་ཅི་ཆ་མོད།།

འཕྲལ་མ་བརྟགས་སྣང་བའི་འཆར་ལུགས་སུ།།

སེམས་ངེས་འབྱུང་ཐོལ་ཙམ་སྐྱེས་བྱུང་སྙམ།།

དགོན་འདི་ཡི་ཐུན་མོང་ཐུན་མིན་གྱི།།

ཆོས་བཅའ་ཁ་ཕྱག་ལེན་ཚུན་ཆད་ལ།།

རང་ཚོད་ཀྱིས་སྦྱངས་པ་ཅུང་བྱས་ཙང་།།

འདོན་དབྱངས་རྟར་འབྲོག་པ་གླུ་བཞིན་བྱང་།།

ཆོས་ཆོ་ག་སྣ་ཚོགས་བློ་ལ་གཤགས།།

བསེ་བསྡུས་དང་རྭ་བསྡུས་ནས་བརྩིས་ཏེ།།

གཞུང་སྣ་ཁ་མང་པོར་བཤེས་གཉེན་དྲུང་།།

ཅུང་ཞིབ་མོ་དར་ཚག་གི་ལུགས་སུ།།

ད་ལྟ་ལ་ཐུག་བར་ཤ་ཐང་དུ།།

རྡོ་རུས་བཞིན་ཟེར་ན་མི་ཤེས་མོད།།

ཅུང་ཟད་ཙམ་འབད་པ་བདེན་པ་ཡིན།།

ཚུལ་དེ་ཡི་འབྲས་རྟགས་ཅུང་ཟད་རེ།།

སྐབས་ལན་རེར་འདི་དང་འདི་འདྲ་འོ།།

ཞེས་སྙམ་པའི་བློ་ཡང་སྐྱེས་པར་བྱེད།།

རང་དགོན་གྱི་གྲྭ་བ་རྒན་རབས་པ།།

དཔལ་དབྱངས་ཅན་གཉེན་པའི་ལང་ཚོ་ལས།།

བརྡ་སུམ་རྟགས་རྩ་འགྲེལ་ཡང་འགྲེལ་གྱི།།

སྐོར་སྣ་མིན་སྣ་ཚོགས་སྦྱངས་པ་དང་།།

དུས་ད་ལྟ་ད་དུང་མི་བརྗེད་པ།།

དཔལ་ནག་མོ་ཁོལ་ཞེས་གྲགས་པ་ཡིས།།

བརྩམས་སྐད་པའི་སྤྲིན་གྱི་ཕོ་ཉ་སོགས།།

གསོན་ཉམས་དང་བཅས་ཏེ་འཁྲིད་པ་རྣམས།།

ཡིད་དྭངས་པའི་ངོས་སུ་ལྷམ་ཞིང་ལྷམ།།

སྐབས་དེ་ཤེད་ཅིག་ནས་རིམ་གྱིས་སུ།།

ཚིག་གང་བྲིས་གཞན་གྱིས་སྙན་ཞེས་སྨྲ།།

དོན་རང་གིས་མྱངས་ཀྱང་འཇེབས་པ་འདྲ།།

རྐྱེན་དེ་ཡི་དབང་གིས་ཚིག་དུམ་གྱི།།

འཕལ་སྣ་ཚོགས་སྤྲད་ནས་རྩོམ་བརྒྱབ་ཅིང་།།

བར་ལམ་གྱི་སྣང་བ་ཅི་ཞིག་ལ།།

སྙན་ངག་པ་ཞེས་པར་སྒྲོ་ཡང་བཏགས།།

གང་ལྟར་ཡང་དེ་ལྟ་དེ་ལྟར་དུ།།

ཚིག་སྡེབ་སྦྱོར་སྒྲིག་ལ་རྩལ་ཞིག་ཐོན།།

དོན་གོ་བའི་ཟུར་ཡང་འགའ་རེ་སྐྱེས།།

དེ་དྲན་ན་ད་ལྟའི་མགོ་བོ་ཡང་།།

ང་རྒྱལ་དང་བཅས་ཏེ་ཁྱོགས་སམ་སྙམ།།

ཆུང་གཞོན་གྱི་ནང་མོར་ཡོད་དུས་སུ།།

ཕོ་ཚོད་ཀྱང་ཅུང་ཟད་ཆེ་རབས་ཡོད།།

ཚིག་བཙན་པོ་འགའ་རེ་བྲིས་པ་ཡིས།།

གཞན་འགའ་རེའི་སྙིང་ཁམས་དཀྲུགས་པའང་ཡོད།།

སོས་དལ་དུས་དཔེ་ཆ་སྣ་ཚོགས་བཀླགས།།

ནང་སྒོས་སུ་ཆབ་ཤོག་མང་པོ་ཞིག།

བཀླགས་བཀླགས་པས་དཔེ་ཆའི་རྒྱབ་ཤོག་ཐེད།།

ཚིག་དམ་དུམ་ཡིད་ལ་གཤགས་ཙམ་མིན།།

ཚིག་དོན་རྣམས་རས་ལ་སྣུམ་བཞིན་དུ།།

དུས་ད་དུང་ཤོག་ངོར་ཕབ་དགོས་ཚེ།།

མི་གུས་ཆུང་ལག་པ་བསྐུམས་མི་དགོས།།

དཔལ་བླ་བྲང་བཀྲ་ཤིས་འཁྱིལ་བ་རུ།།

མགོན་བཤེས་གཉེན་དུ་མའི་ཞབས་རྡུལ་ལས།།

གྲོགས་དྭངས་མའི་ལྷན་དུ་སྒྲ་དང་རྩིས།།

བརྡ་སུམ་རྟགས་དག་གསུམ་གཅེས་པར་སྦྱངས།།

དུས་ད་ཚོད་རྩོམ་ཡིག་ཐུང་ཐུང་རེ།།

འབྲི་ནུས་པ་དེ་ཡང་དེ་ཡི་དྲིན།།

གྲོགས་བློ་ཁ་མཐུན་པ་མང་པོར་འཕྲད།།

སྐྱིད་ཀ་ར་སིལ་གྱི་སྡེར་ཁ་བསྒྲིགས།།

སྡུག་འཁུར་བ་སྐམ་པོ་མཉམ་དུ་འཆོས།།

ད་ཤི་ཡང་བརྗེད་ཀྱིས་མི་འདྲུད་པ།།

གྲོགས་ཁོང་ཅག་འཛམ་བུ་ཆུ་གསེར་བཞིན།།

རྗེ་རྒྱལ་བ་བློ་བཟང་གྲགས་པ་ཡི།།

གསུང་ལམ་རིམ་ཆེ་འབྲིང་ཆུང་གསུམ་ལ།།

བློ་ཡང་དང་ཡང་དུ་སྦྱོང་ཁུལ་བྱས།།

དེ་བཞིན་དུ་འཇམ་དབྱངས་བཞད་པ་སོགས།།

བོད་དུས་རབས་སྔ་ཕྱིའི་མཁས་པའི་གསུང་།།

སྣ་མང་པོར་གོམས་པ་ཡང་ཡང་བསྐྱེད།།

ཚུལ་དེ་ལྟའི་ངང་གིས་ལོ་མང་འདས།།

དུས་ད་ཚོད་རང་གི་སེམས་ཁམས་དང་།།

རྐྱེན་ཕྲན་བུའི་ཚོགས་ཀྱིས་བསྐུལ་བྱས་ཏེ།།

སྡེ་ངུར་སྨིག་འཕྱུར་བའི་མཚོ་ཀློང་ནས།།

རང་གཅིག་པུ་མར་ལས་སྤུ་བཞིན་དུ།།

ཕྱིར་གྲོང་བའི་སྡེ་ལ་འབུད་དགོས་བྱུང་།།

ཞིང་རབ་འབྱམས་རྒྱལ་བ་མ་ལུས་པ།།

ཤ་རློན་པའི་གཟུགས་སུ་གྲུབ་པ་ཡི།།

མགོན་བཤེས་གཉེན་རྣམས་ཀྱི་ཐུགས་དཀྲུགས་པ།།

ཕྱིས་མི་དམིགས་སྟོང་བའི་དབྱིངས་སུ་འཆག།

ཕྱི་ཚུལ་འཆོས་གོས་ཀྱིས་གཡོགས་པ་མེད།།

ནང་འདོད་སྲེད་དུག་ཆུས་བརྫིས་པ་མེད།།

ལུས་དལ་ཞིང་ངག་ཀྱང་འཇམ་པ་ཡི།།

གྲོགས་ཚུལ་ལྡན་རྣམས་ཀྱི་རེ་བཅག་པ།།

དུས་ད་རེས་ཡང་ཡང་འཆག་པར་བྱེད།།

ཆུང་ལོ་གཅིག་སྟེང་ནས་ད་ལྟའི་བར།།

ཉིན་འགྲོ་དུས་མཚན་ལ་ཉལ་དུས་ཀྱང་།།

ངའི་དོན་དུ་སེམས་ཚེགས་བྱས་པ་ཡི།།

ཕ་དྲིན་པོ་ཆེ་ལ་ཡང་ཡང་དུ།།

བུ་སྙིང་རུལ་ཁོ་བོས་བཤགས་པ་ཞུ།།

ཆུང་བྱིས་དུས་ཤ་ཡི་དྲོད་ལ་གླན།།

ལག་ཆགས་དུས་གཞུག་ནས་སེམས་ཀྱིས་བལྟ།།

མ་དྲིན་མོ་ཆེ་ཡང་སེམས་ཚེགས་ལ།།

ཅི་གཏད་དང་གང་གཏད་ཡོད་དོ་ཅོག།

བུས་ས་ལ་བཙུགས་ནས་འཆག་པར་བྱེད།།

རྒྱུད་འདོད་སྲེད་དུག་གིས་ཡང་ཡང་བརླབས།།

གོས་ངུར་སྨིག་འོག་གི་སྤྱང་ཀིར་གྱུར།།

དོན་དེ་ཕྱིར་ང་ཡིས་རང་ཉིད་ཀྱི།།

གོས་ངུར་སྨིག་སྐ་རགས་བཤིགས་པ་ལགས།།

ཕ་བླ་མའི་དྲུང་ནས་བཀའ་ཆོས་བླངས།།

ཆོས་ཆོས་སུ་མ་སོང་ང་རྒྱལ་དང་།།

ཕྲག་དོག་ལ་མེ་དང་སྣུམ་བཞིན་གྱུར།།

དོན་དེ་ཕྱིར་བཙུན་གཟུགས་ཁྱིམ་པའི་སེམས།།

འདི་འདྲ་བ་བྱས་ཀྱང་སྙིང་བོ་ཅི།།

དེ་སྙམ་བཞིན་ལམ་འདིར་གོལ་བ་ཡིན།།

ཆོས་པོ་ཏི་སྣ་ཚོགས་རི་བཞིན་བརྩིགས།།

དེའི་ཁྲོད་དུ་ཕག་ལྟར་ཉལ་བ་ལས།།

རྒྱུད་ཆོས་དང་མ་འདྲེས་ཆུ་ནང་གི།

རྡོ་བཞིན་དུ་སྐམ་པོར་ལུས་པ་ཡིས།།

ལམ་འདི་ལྟར་མི་འདེེད་ག་མེད་བྱུང་།།

དཀོར་དཀར་པོ་ཟོས་པ་ས་གཞི་ཙམ།།

དཀོར་ནག་པོ་ཟོས་པ་གྲིབ་མ་ཙམ།།

དེ་སྤྱད་ཀྱང་འཇུ་བའི་ལྟོ་མེད་པས།།

ཚུལ་འདི་ལྟར་མི་བྱེད་ཐབས་མེད་བྱུང་།།

རྗེ་བླ་མའི་མདུན་དུ་དམ་ཚིག་བླངས།།

སྡོམ་སྣ་གཅིག་བསྲུངས་པ་བཤད་རྒྱུ་མེད།།

གཞན་བསླུ་ཕྱིར་གོས་ཀྱིས་ཟློས་གར་བསྒྱུར།།

ཚུལ་དེ་དག་ཡིད་ལ་ཤར་བ་ན།།

འཕྲལ་རང་དབང་མེད་པར་ངོ་ཚ་སྟེ།།

གོས་ངུར་སྨིག་འོ་བརྒྱལ་བྱེད་པ་ལས།།

རང་གྲོང་བའི་ཁྱུ་ལ་འགྲོ་དགོས་སྙམ།།

ཕར་དགྲ་ཡི་ཕྱོགས་སུ་ཁ་ཆུ་འདེབས།།

ཚུར་གཉེན་གྱི་གཞོགས་བསྐྱོར་ཡང་ཡང་བྱས།།

ད་གང་ནས་བལྟས་ཀྱང་ཆོས་པའི་དྲི།།

ཅུང་ཙམ་ཡང་བྲོ་རྒྱུ་མེད་པ་ཡིས།།

དུས་ད་ནི་འདི་ལྟར་བྱ་འོ་སྙམ།།

ཕ་མཚན་ལྡན་བླ་མའི་ཞབས་དྲུང་དུ།།

དབང་བཞི་བོ་བླངས་ཤིང་རིམ་གཉིས་ཀྱི།།

ཉམས་ལེན་ནི་ཕ་རིའི་ལ་ལ་ཞོག།

སྡོམ་དམ་ཚིག་ཁ་གྲངས་བརྩི་མ་ཤེས།།

དེ་བསམས་ཤིང་བསམས་ཤིང་ཁོ་ཆད་དེ།།

ཆོས་པ་ཡི་སྣང་བརྙན་དོར་བ་ལགས།།

ཚེ་ཕྱི་མའི་དོན་རྣམས་ཡེ་མི་དྲན།།

ཁོང་དད་ལྡན་རྫས་ལ་བག་མེད་སྤྱོད།།

རྫུན་འདྲ་འདྲ་འགྲིག་འགྲིག་བསྒྲིགས་བྱས་ཏེ།།

མི་གཞན་པའི་སྔུན་དུ་ཡ་མཚན་བཅོས།།

ཆོས་བདུད་རྩིའི་ཀློང་དུ་ཉལ་ན་ཡང་།།

ཆོས་བདུད་རྩིའི་དྲི་ཙམ་མ་བྲོ་བས།།

ཞེ་རང་ལ་ཁྲེལ་བཞིན་འདི་ལྟར་བྱས།།

རྒྱུ་འབྱོར་བ་ཆུ་ཡི་ཆུ་བུར་བཞིན།།

ལུས་ལང་ཚོ་སྟོན་མཐའི་མེ་ཏོག་འདྲ།།

ཚེ་འདི་ནི་སྣུམ་ཟད་མར་མེ་ལྟར།།

ཞེས་སོགས་ཀྱི་དཔེ་ནི་སྙིང་རྗེ་རྣམས།།

བསྒྲིགས་ཡོང་སྟེ་ཡང་ཡང་སྨྲས་ན་ཡང་།།

དོན་རང་ལ་བསྐོར་ནས་བསམ་པ་ན།།

རྒྱུ་འབྱོར་བས་མ་ངོམས་དད་རྫས་ཟ།།

ལུས་ལང་ཚོར་ཆགས་ནས་གོས་གསར་གྱོན།།

ཚེ་འདི་ཡང་ད་དུང་རིང་སྙམ་གྱིས།།

ཉིན་ཉིན་ལ་སྒྱིག་པ་ལུག་པར་སྡོད།།

འདི་དག་ལ་བསམས་ཤིང་བསམས་ཤིང་དུ།།

སྡེ་གྲོང་མཐའ་ཉུལ་བར་ཐག་གིས་བཅད།།

ཚུལ་དེ་ལྟར་རྐྱེན་གྱིས་ཡང་ཡང་དུ།།

བསྐུལ་མ་ནི་བྱས་པ་ལ་བརྟེན་ནས།།

ད་འཇིག་རྟེན་འཁོར་བའི་གཏིང་ལ་འགྲོ།།

ཞེས་སྙམ་པའི་བློ་ཐག་བཅད་པ་ཡིན།།

ཕྱིས་སྐྱིད་སྡུག་གང་འབྱུང་ཅི་ཆ་མོད།།

སྔར་བཞིན་དུ་རྩོམ་ཡང་འབྲི་བར་སྲིད།།

དཔེ་ཆ་རྣམས་བཀླགས་ཏེ་དཔྱད་པར་ངེས།།

རྩོམ་མ་ཡིན་ཕལ་སྐད་ལྷུག་ལྷུག་གིས།།

ཅུང་བཤད་པ་འདི་ལ་གོ་རིམས་མེད།།

རྡོ་ཨུ་ཆོ་དབྱུགས་ནས་ཁྱིར་འཛིངས་འདྲའི།།

རྩོམ་འདི་ལ་མཁས་རྣམས་འཕྱ་ཡང་སྲིད།།

དེ་ཡིན་ཡང་ཐེངས་འདིར་དགོས་དབང་གིས།།

སྐད་ཟབ་མོའི་ལམ་དུ་མ་བཅུག་པར།།

ཡུལ་ཕ་མ་སོགས་ཀྱང་གོ་བ་ཡི།།

རྩོམ་འདི་ཙམ་རྒྱ་ནག་ཁུང་མེན་དུ།།

ལུས་ཆོས་གོས་འོག་ནས་རུལ་བ་ཡི།།

མིང་བདའ་ཚང་སྙེམས་གྲོལ་ཞེས་བྱ་བས།།

ཤར་མར་རམ་ཐོལ་བྱུང་དུ་བྲིས་སོ།།  

 

                         རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།