ཙོང་ཁ་ཚེ་བརྟན་རྒྱལ་གྱིས་འབྲས་ལྗོངས་ནས་བྲིས་པའི་སྙན་ངག་ཁག་བཞི།

293

IMG_6796.JPG

                                    སྤྲིན་པ།

 

ཁྱོད་ནི་ང་ལ་མི་དབང་པས།

ང་ནི་ངུ་འབོད་ཅིག་ལ་དུང་།

ངས་ཁྱོད་ནང་བཞིན་རང་དབང་ལ་རེ་བ་བཅོལ།

ང་ནི་གཞན་དབང་གིས་འཚོ་བ་ནས།

རྨི་ལམ་ནི་ཡ་ང་ཞིང་།

མི་ཚེ་ནི་འཐབ་རྩོད་ཅིག་ལ་བསྲེས།

དྲན་གདུང་ལ་གོ་རིམ་དགོས་པ་ལྟར།

སྡུག་བསྔལ་འབའ་ཞིག་ལ་མ་གཟུར།

རླུང་འཚུབ་ལྡང་པ་ཙམ་གྱིས།

མི་ཡུལ་རྨེག་མེད་དུ་ག་ལ་འགྲོ།

མཛེས་སྡུག་གི་སྤྲིན་པ།

ང་ལ་ཅི་ཡང་མེད་མ་བསམ།

རླུང་ནི་ཉམ་ང་རུང་།

ལོ་ཟླ་དང་ལོ་ཟླར་འཐིམས་པའི་རྣམ་ཤེས་བཙལ་ཚེ།

ང་ནི་ལམ་བར་ནས་ངུད་མོ་ཤོར་ཞིང་།

ང་ཡང་མིག་ཆུ་རུ་འཁྲུལ་ནས།

ཁྱོད་ལ་གང་ཞིག་གླེང་སྙམ།

ཁྱོད་ང་དང་གྱེས།

གྱེས་སོང་བ་ཕྱེད་ཀ་མ་རེད།

གྱེས་སོང་བ་ནི་ཧྲིལ་བོ་སྟེ།

ཉིན་མོ་ཞིག་ལ་རྙེད་ན།

ང་མཚན་མོ་ཞིག་ལ་མི་འགྲོ།

སྤྲིན་པ་ཡ་སྤྲིན་པ།

ཡང་ཡང་ཁྱོད་ཉིད་མཐོང་འདོད་དུས།

ཁྱོད་གཟུར་ནས་མ་བཞུད།

ང་ནམ་ཡང་ཁུ་སིམ་སིམ།

                 2007/7/15—21འབྲས་ལྗོངས་ར་ལང་།
IMG_6812.JPG

          འབྲས་ལྗོངས་ཀྱི་ཁ་བ་འབབ་ཐེངས་དེར།

 

  འབྲས་ལྗོངས་ཀྱི་ཁ་བ་འབབ་ཐེངས་དེར།

   ངས་མར་མེ་རྐོང་བོ་གང་སྒྲོན་རྒྱུ་བརྗེད།

   ང་བྱེའུ་ཞིག་གི་སྐྱེ་བ་བླངས་ཏེ།

   ང་ཕ་ཡུལ་ལ་ཉུལ་འདོད།

   རི་ཆུ་སྟོང་ཕྲག་གི་བར་ཐག་ལས།

   ང་འབྲས་ལྗོངས་ལས་མ་ཐོན།

   ང་ངུས་བ་ཡིན།

   ངུས་བའི་མིག་ཆུ་ཁ་བ་བཞིན་ཆགས་པས།

   དགུན་ལྗོངས་འདིའི་ཁ་བ།

   ངའི་ཕ་ཡུལ་གྱི་ཁ་བ་དང་མི་འདྲ།

  འབྲས་ལྗོངས་ཀྱི་ཁ་བ་འབབ་ཐེངས་དེར།

  ངས་ཁ་བཏགས་ཤིག་རླུང་ལ་བསྐུར་རྒྱུ་བརྗེད།

  ང་སྤྲིན་པ་ཞིག་ཏུ་འགྱུར་ཏེ།

  ང་ཕ་ཡུལ་ལ་བཞུར་འདོད།

  དྲན་གདུང་ཁྲི་ཕྲག་གི་མཐའ་མཇུག་ལས།

  ང་བགད་པ་ཡིན།

  བགད་པའི་འཛུམ་མདངས་ཁ་བ་ལྟར་མཁྲེགས་པས།

  དགུན་ལྗོངས་འདིའི་ཁ་བ།

  ངའི་ཕ་ཡུལ་གྱི་ཁ་བ་དང་མི་འདྲ།

                                   2008/2—3/18  འབྲས་ལྗོངས་ར་ལང་།
IMG_6911.JPG

       གངས་རིའི་རྩེ་མོའི་ཡུལ་ན།    

                                               —-འབྲས་ལྗོངས་ཀྱི་རྒྱལ་མོ་ཡེ་ཤེས་སྒྲོལ་མ་དྲན་སྟངས་ཤིག

 

མཇུག་བསྒྲིལ་བའི་གཏམ་རྒྱུད་བཤད་ན།

ངའི་མགོ་ཐོག་ལ་ཁ་བ་ནག་པོ་བབས་ནས།

འབྲས་ལྗོངས་ལ་སླེབས་འདྲ།

འཕུར་ཟིན་པའམ་འཕུར་ནས་ཡུན་རུང་འགོར་བའི་བྱེའུ་ཚོགས།

སླར་ཡང་ངའི་མིག་ཟུང་ལ་འཛུལ་ནས།

ལྕུག་ལྕུག་གིས་འདར་ཚུལ།

སྐྱོ་སྣང་ལ་རན་འདུག་ན།

ང་ལ་ཕྱིར་དྲན་མ་གནང་།

བློ་གཏད་མེད་པའི་མཇུག་འབྲས།

སྐྱབས་གནས་མེད་པའི་སྐལ་བ།

(ངས་པུས་མོ་བཙུགས་ནས་མིག་ཆུ་ཐང་ལ་ལྷུང་རུང་།

བུད་སོང་བ་ནམ་མཁའི་སྐར་མ་འདྲ།)

ངའི་སྲས་མོ།

ཁྱེད་ཀྱི་རྒྱལ་མོ།

སུ་ཡིན་ན་ཡིན།

ཡང་ཡང་མཇལ་འདོད་སེམས་ལ་ཆགས་ཀྱང་།

མཆོད་བརྗོད་ཅིག་མེད་དུས།

ཡིག་འབྲུ་རེ་རེ་མཉམ་དུ་བཏུས།

ཏིག་ཏ་ལྟ་བུ།

ཨ་གར་ལྟ་བུ།

ང་ལ་མ་ཐོབ།

ངའི་ངུ་འབོད་ཅི་ཡིན་གང་ཡིན།

གནའ་དུས་ཀྱི་ནམ་མཁའ།

ནམ་ཡང་སྔོན་པོ་ཡིན་ནམ།

གཏའ་མ་འདྲ་བའི་ལས་དབང་།

དྲན་མྱོང་བ་དང་དྲན་ནས་བོར་ཚེ།

ང་ཉེས་ཅན་རེད།

རྨི་ལམ་མ་རྨིས་པའི་སྔོན་ཏུ།

དེབ་ཐེར་གཅིག་མིན་གཉིས་མིན་ཁ་ཕྱེས།

ང་འབྲས་ལྗོངས་ལ་ཐེངས་བཞིར་གྱེས་ཟིན།

བསམ་བློ་ཕར་འགྲོ་ཚུར་འོང་མེད་དུས།

ངས་རང་ཉིད་ལ་ཅོ་འདྲི་བྱེད་འདོད།

འབྲས་ལྗོངས་ན་སུ་ཡོད།

དྲན་དང་དྲན་བཞིན་མགོ་བོ་འཐོམས།

                                                   2014/11/—28
                                                    2015/1/10བཅོས།
IMG_6819.JPG

                  རྗེས་སུ།       

                                              བླ་མ་ཀརྨ་གཞན་ཕན་འབྱུང་གནས་ལ་བསྔོ་རྟེན་དུ།

 

རྗེས་སུ།

ཕྱིར་འདང་ནི།

ནགས་ཚལ།

རྗེས་སུ།

མེ་ཏོག་ནི།

ཁ་བ།

རྗེས་སུ།

སྤྲིན་པ་ནི།

རྒྱང་བཞུད།

རྗེས་སུ།

སྨུག་པ་ནི།

འབྲས་ལྗོངས།

རྗེས་སུ།

མཁའ་འགྲོ་ནི།

ཁེར་རྐྱང་།

རྗེས་སུ།

ལས་དབང་ནི།

ཟློས་གར།

རྗེས་སུ།

ཁྱེད་ནི།

ཆས་སོང་།

རྗེས་སུ།

ང་ནི།

ལྷག་སོང་།

རྗེས་སུ།

རྗེས་སུ།

                 2013/11/འབྲས་ལྗོངས་མེ་གནམ་རི་ཁྲོད།
                      2016/5/3–10བཅོས།

 

  རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།