མཚོ་སྔོན་པོ་མེས་པོའི་བླ་མཚོ་རེད། (ཞར་བཀོད་བཞི།)

254

 

རྩོམ་པ་པོ།   བོང་སྟག་ལྷག་ག    

 

                  མཚོ་སྔོན་པོ་མེས་པོའི་བླ་མཚོ་རེད།

 

མཚོ་མོ་ལ་ཡོད་པ་ནི་རླབས་སྒྲ་ཁོ་ན་ཡིན་པ་འདྲ

ཆུ་བྱ་ངང་བའི་སྒྲ་འཛིན་གྱིས་མ་ཟིན་པའི་རླབས་སྒྲ་འདིས

ལན་རེར་ངའི་སེམས་སུ་སྤྲོ་སྐྱིད་བསྐྱིལ་ནས་འོང

ལན་རེར་ངའི་སེམས་སུ་དངངས་སྐྲག་བསྐྱལ་ནས་འོང

ཞོགས་པ་དང་ཉིན་གུང   ས་སྲོས   ཡང་ན་རྨི་ལམ

ངས་མཚོ་མོའི་རླབས་སྒྲ་ལ་ག་ལེར་ཉན་ཆོག

ངས་མཚོ་མོའི་ཁ་དོག་དང་བརྩེ་བ་ག་ལེར་བཞེས་ཆོག 

མཚོ་ཁ་ལ་གཞིས་བཅས་པའི་ཉིན་ཞག་འདི་ཚོར

ངས་མཚོ་མོ་དང་མཉམ་དུ་འཚོ་བ་རོལ་ནས་བསྡད

ངས་མིག་ཟུང་འབྱེད་དུས་མཚོ་མོ་མཐོང་ཡོང

ངས་མིག་ཟུང་བཙུམ་ན་ཡང་མཚོ་མོ་མཐོང་ཐུབ

ལན་རེར་ངའི་ནང་སེམས་ཧྲིལ་བོ་སུན་སྣང་གིས་བཟུང་ཡང

མཚོ་མོའི་རླབས་སྒྲ་ཁོ་ན་ལ་ང་རང་སུན་སྣང་སྤུ་ཙམ་ཡང་མི་སྐྱེ

རྒྱུ་མཚན་རླབས་སྒྲ་ཁོ་ན་ཧ་ཅང་རྣམ་དག་ཡིན་ཡིན་ངེས

ཧ་ཅང་དྭངས་གཙང་ཡིན་ངེས

མེས་པོའི་རྣ་ལམ་དུ་འཇགས་པ་ཇི་བཞིན

དུས་ད་ལྟའང་ཧ་ཅང་སྙན་ཞིང་འཇེབས་པ་ཞིག་ཡིན་ངེས

ལན་རེར་ངས་མཚོ་མོ་ལག་མཐིལ་ལ་བཟུང་ནས་འདང་བརྒྱབས་པ་ཡིན

ལན་རེར་ངས་མཚོ་མོ་ཡ་ཆུང་ལ་བཟུང་ནས་འདང་བརྒྱབས་པ་ཡིན

མཚོ་མོའི་མཐའ་འཁོར་ན་ཁྱུ་ཞིག་ལ་མི་ལོང་བའི་ནོར་ལུག་ཧ་ཅང་མང

རྒྱུན་ཆད་མེད་པའི་རྒྱང་རིང་གི་འགྲུལ་བ་དེ་ལས་ཀྱང་མང

མང་ཉུང་གི་གྲངས་ཀ་དེ་ཁོ་ནས་ཀྱང

ང་རང་མཚོ་མོའི་རླབས་སྒྲ་དང་དབྱེར་མེད་དུ་སིམ་ན་འདོད

མཚོ་སྔོན་པོ་ནི་གས་ཆག་མ་ཤོར་བའི་མེ་ལོང་ཞིག་ཡིན་པ་ངས་ཡུན་རིང་བོར་མ་རྟོགས

ད་དུང་མཚོ་སྔོན་པོ་ལ་ཁ་དོག་བཞི་ཡོད་པའང་དེ་རིང་རྟོགས་པ་ཡིན

ཁ་དོག་དེ་དག་ནི་དཀར་བོ་དང་ནག་པོ

ལྗང་གུ་དང་སྔོན་པོ་བཅས་རེད

དཀར་བོ་དེའི་ཚབ་བྱེད་ལ་ངས་ཕ་ཡུལ་གྱི་ལུག་ཁྱུ་དང་སྤྲིན་དཀར་ལས་མ་རྙེད

ནག་པོ་དེའི་ཚབ་བྱེད་ལ་ངས་ཕ་ཡུལ་གྱི་སྦྲ་ནག་དང་ནོར་ཁྱུ་འཇོག་འོས་སྙམ

ལྗང་གུ་ནི་ཕ་ཡུལ་གྱི་དབྱར་ཟླ་དྲུག་པའི་རྩྭ་ཐང་གི་གཞོང་བ་ཡིན

སྔོན་པོ་ནི་ངའི་ཕ་ཡུལ་གྱི་དྭངས་གཙང་གི་ནམ་མཁའ་འོ

མཚོ་སྔོན་པོ

མཚོ་སྔོན་པོ་ནི་མེས་པོའི་བླ་མཚོ་རེད

གྲོགས་པོའི་པར་མིག་ཏུ་ལྷུང་དུས་མཚོ་སྔོན་པོ་ཧ་ཅང་ཆུང

བདག་གི་མིག་མདུན་དུ་མངོན་ཚེ་མཚོ་སྔོན་པོ་ཧ་ཅང་ཆེ

                                                         2016/4/29 མཚོ་སྔོན་པོའི་ཁ་ནས་བྲིས་སོ།།

 

          ང་རང་ཐག་རིང་ཐག་རིང་ཞིག་ལ་འགྲོ་ན་འདོད། 

 

ཐག་རིང་ནི་ཆུང་དུས་སུ་ཉི་མ་ལྷ་ས་ལྟ་བུ་ཞིག་ལ་ཟེར

ཐག་རིང་ནི་ཆུང་དུས་སུ་སྟོད་རྒྱ་གར་དང་སྨད་རྒྱ་ནག་ལྟ་བུ་ཞིག་ལ་ཟེར

ཐག་རིང་ནི་ཆུང་དུས་སུ་སོང་ནས་ཚར་རྒྱུ་མེད་ཅིང་སོང་རྗེས་ཕྱིར་ཡོང་མེད་པ་ཞིག་ལ་ཟེར

ཨ་མས་བཟོས་པའི་ཚ་རུའི་སྟོད་ཐུང་དང་གོན་པ་རྙིང་བ་འགའ་སྡུད་གསོག་བརྒྱབ་རྗེས

མཐོ་འབྲིང་སྐབས་ཀྱི་རྩོམ་ཡིག་འབྲི་དེབ་དག་དང་

ཉེ་ལམ་ཉོས་ཤིང་ཁ་ཕྱེ་མ་ཐུབ་པའི་དཔེ་ཆ་དེ་དག་འཁྱེར་ཏེ

ང་རང་ཐག་རིང་ཐག་རིང་ཞིག་ལ་འགྲོ་ན་འདོད

ཐག་རིང་དེ་ནས་ཁྱོད་ལ་རྒྱང་བལྟ་བྱ་འདོད

ཐག་རིང་དེ་ནས་ཁྱོད་ཀྱི་འཕྲིན་ཡིག་ལ་སྒུག་འདོད

ཐག་རིང་དེ་ནས་ཚེ་མཇུག་གི་འཚོ་བ་བསྐྱལ་ན་འདོད

གྲོགས་པོ་ངོ་ཤེས་འགའ་ལ་བདེ་མོ་བཞག་ཅིང

གྲོགས་པོ་ངོ་ཤེས་འགའ་ལ་ཁ་རོག་གེར་གསང་སྟེ

ང་རང་ཐག་རིང་ཐག་རིང་ཞིག་ལ་འགྲོ་ན་འདོད

ཆད་སྣང་སྟེར་བའི་ཡིག་འབྲུ་གསུམ་ཕ་ཡུལ་ནས་འཇོག་དགོས

དེ་ནི་འཁོར་བ་དང་ཕུགས་བསམ རིགས་ཞེན་གསུམ་པོ་ཡིན

ད་ནི་ང་ལ་སེམས་ཁུར་ཅི་ཡང་མི་འདུག

ང་རང་བསམ་མེད་ཀྱི་བྱིས་པ་ཞིག་དང་འདྲ་བར་འགྲོ་ན་འདོད

ཐག་རིང་ནི་རྒྱང་རིང་དང་མི་འདྲ་བར

ཐག་རིང་ན་སྙན་ངག་དང་རྨི་ལམ་གང་ཡང་མེད་ཀྱང་སྲིད

ནམ་ཞིག་ང་རང་ཐག་རིང་གི་གནས་དེ་ལ་འབྱོར་ཚེ

ངས་ཁྱོད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྐྱབས་མཇུག་ཞུ་ངེས

ལོག་ཕེབས་ཞེས་པའི་གླུ་དབྱངས་ལ་ཉན་བཞིན

ངས་ཐག་རིང་ལ་བསམ་གཞིག་བཏང   སྨོན་འདུན་ཞུས

ཐག་རིང་ནི་གོར་གོར་ཞིག་རེད། ཐག་རིང་ནི་གྲུ་བཞི་ཞིག་རེད

                                                       ༢༠༡༦/༢/༢༦ མཚན་མོར།         

 

   ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་རེད།

 

ཆུང་དུས་ཀྱི་རྒྱལ་ཁམས་བདག་མེད་དེ་ཕ་ཡུལ་རེད

ཆེ་དུས་ཀྱི་ཕོར་བ་ཆུང་ཆུང་དེ་ཡང་ཕ་ཡུལ་རེད

ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་རེད

རྒས་རྒྱུ་མེད་པའི་ཕ་ཡུལ་རེད

ཕ་ཡུལ་གྱི་ནམ་ཟླ་འཁྱགས་ལ་ལོ་ཟླ་ཡང་འཁྱགས

ཕ་ཡུལ་གྱི་བྲག་ཐེམ་དང་སྤང་རྩྭ་ཡང་དེ་བཞིན་འཁྱགས

དར་དང་རྡོ་བ་བཞིན་འཁྱགས

འོན་ཀྱང་ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་རེད

འཁྱགས་རོམ་གྱི་ནང་ནས་ཁ་ལག་བསྲོས་ན

ནང་སེམས་དྲོས་ཐུབ་པ་དེ་ཕ་ཡུལ་རེད

ཕ་ཡུལ་གྱི་མྱི་ཁ་རླུང་བུ་བཞིན་རྒྱུ་བ་བདེན

ཕ་ཡུལ་གྱི་ཕྲག་པ་ཁུང་བུ་བཞིན་དོག་པ་ཡང་བདེན

ངས་ཨུ་ཚུགས་དང་ཁེར་ཧྲེང་གིས་མགོ་བོ་གཡུགས་ཀྱང

ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་རེད

ཁྱེད་དང་ངའི་ཡ་ཆུང་རེད དྲན་པ་རེད

དོན་ལྔ་སྣོད་དྲུག་རེད

རྡོག་ཁྲེས་རྒྱབ་ཁང་ཁུར་ནས་ལེ་དབར་བརྒྱ་ཕྲག་ཙམ་བསྐྱོད་དུས

ཡང་ཡང་སེམས་པར་ཐོགས་པ་དེ་ཕ་ཡུལ་རེད

ས་སྤར་མོ་གང་ཡིན་ཡང་ཕ་མ་སྤུན་མཆེད་ལྟ་བུའི་བརྩེ་འདང་ཆགས་ཡོད་ས་དེ་ཕ་ཡུལ་རེད

ཕ་ཡུལ་ནི་ནམ་ཡང་ཕ་ཡུལ་རེད

                                    2016/5/7 མཚན་མོར།   

 

   འཇིག་རྟེན་ན་ཀུ་རེ་མིན་པའི་རྨི་ལམ་ག་ཚོད་ཡོད།

 

མཇལ་འཛོམས་ཀྱི་ནང་ན་དགོད་སྒྲ་དང་ཕྱི་ན་མིག་ཆུ་ཡོད

སྙིང་གཏམ་གྱི་ཀློང་ན་དྲོད་ཁོལ་དང་རྗེས་ན་གྲང་ངར་ཡོད

ང་ཚོས་མི་འདོད་པ་ནི་སྡུག་བསྔལ་དང་གྱེས་བྲལ་སོགས་ཡིན་ཡང

མི་ཚེ་གཅིག་གི་དགའ་སྡུག་ཤོག་བུར་བཀོད་པའི་ཚེ

འཇིག་རྟེན་ན་ཀུ་རེ་མིན་པའི་རྨི་ལམ་ག་ཚོད་ཡོད

མཚམས་ལན་རེེར་ང་ཚོས་མདུན་ཕྱོགས་ན

གཡང་གཟར་དང་མེ་འོབས   མིག་ཆུ་སོགས་ཡོད་པ་ཤེས་བཞིན་དུ

དེའི་ནང་དུ་མཆོངས་པར་ཐེ་ཚོམ་སྤུ་ཙམ་ཡང་མི་འཛིན་པ་རེད

དེ་ནི་གཞན་ཅི་ཡང་མ་ཡིན་ཏེ

དགའ་དུང་དང་རྨི་ལམ་གྱིས་བསྐྱེད་པའི་སྤོབས་པ་རེད

རང་སེམས་སྡུག་ལ་སྦྱར་ནས་རང་སེམས་བདེན་དཔང་བྱེད་པའང་རེད

དགའ་ཟེར་བ་དེ་ནི་འཇའ་ཚོན་བཞིན་ཤར་དུས་མིག་ལ་མཛེས་ཀྱང་སེམས་ཀྱིས་རེག་མི་ཐུབ་པ་ཞིག་རེད

དུང་ཟེར་བ་དེ་ནི་གློག་འོད་བཞིན་འཁྱུག་དུས་སེམས་པ་ན་ཡང་བློ་ཡིས་མི་ཐོངས་པ་ཞིག་རེད

འདང་ཟེར་བ་དེ་ཡང་ཆར་བ་བཞིན་འབབ་དུས་རང་བཞིན་རྟོགས་ཀྱང་རང་ཚོད་མི་ཟིན་པ་ཞིག་རེད

དེ་ཡིན་པས་ན་ང་ཚོས་རང་ཉིད་ལ་འདྲི་དགོས

འཇིག་རྟེན་ན་ཀུ་རེ་མིན་པའི་རྨི་ལམ་ག་ཚོད་ཡོད

སྐབས་ལན་རེར་ང་ཚོའི་སེམས་པ་ཧ་ཅང་ཆེ

ཆེ་བའི་སྐབས་སུ་ནམ་མཁའ་དང་ས་གཞི

འཆི་བ་དང་འདུ་བྲལ་གང་ཡིན་ཡང་ང་ཚོའི་སེམས་ནང་ལ་ཆུད

སྐབས་ལན་རེར་ང་ཚོའི་སེམས་པ་ཧ་ཅང་ཆུང

ཆུང་བའི་སྐབས་སུ་རླུང་བུ་དང་མི་ཁ

ལས་དབང་དང་སྡུག་བསྔལ་གང་ཡིན་ཡང

ང་ཚོའི་སེམས་ནང་ལ་མི་ཤོང

ཐ་ན་སྐད་ཆ་གཅིག་དང་ཟུར་མིག་ཙམ་ཡང

ང་ཚོའི་སེམས་ནང་ལ་མི་ཆུད

སེམས་པ་ནི་འདི་ལྟར་སེམས་པའི་བྲན་གཡོག་ཏུ་གྱུར་བས

ང་ཚོ་ལ་རང་སེམས་བདག་གིར་བྱེད་པའི་ཐབས་ཤེས་གང་འདྲ་ཡོད

སྐབས་ལན་རེར་ང་ཚོས་རང་གི་ཕུགས་བསམ་དང་རང་ཚུགས་ཀྱང་རྒྱང་དུ་དོར་ནས

མིག་ཆུ་ཡིད་ཚིམ་པ་ཞིག་བཏོན་རྗེས་ད་གཟོད་སེམས་པ་བདེ་ལ་འབབ་ཐུབ

གང་ལྟར་འཇིག་རྟེན་འཁོར་བའི་གཟེབ་འདི

སེམས་ཀྱི་མནར་གཅོད་མཐའ་མེད་པ་ཞིག་རེད

ང་ཚོའི་རང་གི་དད་མོས་དང་འདོད་བློ་གཉིས་རུམ་སྟེ

འཚོ་བ་དང་བརྩེ་དུང   འདུན་མ

ལ་རྒྱ་བཅས་ཀྱི་ཆེད་དུ་རྨི་ལམ་རྨི་བར་སྙིང་སྟོབས་ཀྱིས་ལོངས་དགོས

                                                  2016/5/23   མཚན་མོར་བྲིས། 

 

  ངས་བལྟས་ན་ང་ཚོར་ཕྲག་དོག་ཆེ་བ་འདིའི་དོན་རེད།

 

རྩ་བ་མ་ཚིགས་པའི་ནེམ་ལོ་མ་ཐོགས་པའི་སྡོང་བོ་དག་ནི

ནགས་ཚལ་སྟུག་པོའི་ནང་དུ་ཧ་ཅང་ཉམ་ཆུང་ཡང

ཡལ་ཀའི་སྟེང་གི་སིལ་ཏོག་རེ་འགའ་ལ་བལྟས་ནས

རང་གི་ཁྱད་ཆོས་དང་རྒྱན་ཆ་ངོམ་པར་དགའ

ངས་བལྟས་ན་ང་ཚོར་ཕྲག་དོག་ཆེ་བ་འདིའི་དོན་རེད

ལོ་རྒྱུས་མི་བརྟག་ཅིང་འབྱུང་འགྱུར་མི་དཔྱད་པའི་མི་དག་ནི

སྤྱི་ཚོགས་ཧྲིལ་བོའི་ཟུར་ནས་ཧ་ཅང་ཉམ་ཆུང་ཡང

རུས་རྒྱུད་ཀྱི་འདས་དོན་ཙམ་ལ་མགོ་བོ་སྔས་ཏེ

རང་གི་མེས་པོ་དང་མེས་པོའི་བློ་གྲོས་རྩོད་པར་དགའ

ངས་བལྟས་ན་ང་ཚོར་ཕྲག་དོག་ཆེ་བ་འདིའི་དོན་རེད

དཔེ་ཆར་མི་བལྟ་ལ་ཆ་འཕྲིན་མི་སྙེག་པའི་ང་ཚོ་ནི

འཛམ་གླིང་སྤྱི་འདིའི་སྒང་ན་ཧ་ཅང་ཉམ་ཆུང་ཡང

སྐད་ཡིག་དང་ཆོས་ལུགས་གཉིས་ལ་མགོ་འཐོམ་སྟེ

རང་གི་རྙིང་ཞེན་དང་སྒེར་དོན་མཁྲེགས་འཛིན་བྱེད་པར་དགའ

ངས་བལྟས་ན་ང་ཚོར་ཕྲག་དོག་ཆེ་བ་འདིའི་དོན་རེད

ཆེ་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་དེ་འགྱུར་རྗེས

འདོད་ཆུང་ཆོག་ཤེས་ཀྱི་སེམས་གཤིས་དེ་ནོགས་རྗེས

ངའོ་དང་བདག་ཉིད་ལ་ཤ་ཚ་བའི་མི་རབས་ཤིག་རྒྱས་ཏེ

འདི་ལྟར་འདོད་ཧམ་དང་ཚུལ་འཆོས་ཀྱི་དྲ་རྒྱར་ཚུད

ངས་བལྟས་ན་ང་ཚོར་ཕྲག་དོག་ཆེ་བ་འདིའི་དོན་རེད

                                                                                        ༢༠༡༥/༣/༣༡      

                          རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།། 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།