གྲྭ་ཤག (ཞར་བཀོད་དྲུག)

379

 

    རྩོམ་པ་པོ།   ཐོ་ཡོར།     

 

གག.jpg

    གྲྭ་ཤག

 

ཆུ་ཐིགས་ཤིག་གྲྭ་ཤག་གི་གནམ་གཅལ་ནས།

ཁ་འདོན་ཟད་པོའི་འདབས་ཁར་ལྷུང་བའི་སྐད་ཅིག་མ་ཞེ་ལ་བསྒོམ་ནས།

གྲྭ་ཤག་གི་སྡེབས་ངོས་སུ་བྲིས་པའི་རྟེན་འབྲེལ་གྱི་རི་མོའི་ནང་དུ་འཛུལ་ལ་ཁད་ཅིག་བྱས།

ཆོས་རྣམ་བདག་མེད་ཀྱི་གཡང་དུ་གཟར་ནས།

མིག་གི་ཡུལ་དུ་གཟུགས་མཛེས་པ།

སྣ་ཡི་ཡུལ་དུ་དྲི་ཞིམ་པ།

རྣ་བའི་ཡུལ་དུ་སྒྲ་སྙན་པ་སོགས།

གྲྭ་ཤག་གི་སྒེའུ་ཁུང་ཁར།

ཡིད་ཀྱིས་ཞེན་པ་མེད་པར་བཤམས།

གྲྭ་ཤག་ནང་གི་སྤྲོས་པ་མེད་པར་བཞག་པའི་ཡོ་བྱད་དག

སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་ཁུག་མར་བཅུག་ཆོག

གྲྭ་ཤག་གི་སྒོར་བུད་པ་ན་རྒྱང་ལ་འཐེན་པའི་ལམ་ཕྲན་གཉིས་མཐོང་ཐུབ།

གྲྭ་ཤག་གི་ཕྱི་རོལ་ནི་སེམས་ཀྱི་ཕྱི་རོལ་ཡིན།

ཙི་གུ་དེ་གྲྭ་བའི་ལྷུང་བཟེད་ཁ་ནས་ནར་སོན།

བྱིའུ་དེ་གྲྭ་ཤག་གི་བྱ་སྐྱིབས་བར་ནས་རྒས།

མུན་ནག་ཏུ་གྲྭ་ཤག་གི་སྒེའུ་ཁུང་ནང་དུ།

མཆོད་མེའི་ཁར་འཁྱིལ་བའི་བྱམས་བརྩེའི་འོད་ཟེར་མཐོང་ཐུབ།

མ་གྱུར་སེམས་ཅད་ཐམས་ཅད་ཀྱི་བདེ་སྡུག་མཐོང་ཐུབ།

གྲྭ་ཤག་གི་ནང་དུ་ལོག་པ་ནི་སེམས་ཀྱི་ནང་དུ་ལོག་པ་ཡིན།

                                                             2016.4.9.ཉིན་བཅོས།

 

                                     སྙིང་བོ།

 

ས་སྲོས་ནི།

བུད་སོང་བའི་མི།

མི་རྟག་པ་བསུབ་ཤུལ་གྱི།

སྙིང་རྗེའི་རྩ་བ་འདམ་ལ་ཟུགས།

ཁ་སང་གི་གསང་བའི་གཟིག་དེ་བཞིན།

སྐོམ་པའི་དོན་དུ་མེ་ལོང་ལ་ཉིན་མཚན་དུ་ལྟ།

ཆུ་ནང་གི་སྐྱེ་བོའི་རྣམས་ཀྱི་རྐང་པ་མེ་ཡིས་འཚིག

མེ་ཏོག་ནི་རླུང་གི་ནང་ནས་བཞད་རྗེས།

མེ་མདའི་མཆུ་ནི་ལྗོན་ཤིང་ངོ་།

གངས་ནི་བ་སོའི་ཕོ་བྲང་།

སྟོན་ཁ་སླེབས་རྗེས་སུ།

ང་ནི་ཁྱོད་ཡིན།

                   2016.4.13

 

 དཔྱིད་ཀ་འདིའི་ནམ་མཁའ་སྟོང་བར་ལུས།

                                                                   འདས་པོ་རྡུང་ལེན་པ་བདུད་བྷེ་ལ།

 

ཁྱིམ་གཞི་སྟོང་བ་དང་རྡོ་གཅལ་དུ་ལྷུང་བའི་ཆང་གི་དམ་བེ་དེ།

འཚོ་བའི་ངལ་དུབ་དང་ལྷན་དུ་བསྲེ་ཐབས་མི་འདུག་པས།

མཚམས་རེར་སྡུག་བསྔལ་གྱི་སྐྱེད་ཚལ་འདི་བཞགས་ནས་འགྲོ་འདོད་ཅི་ལ་མེད།

འཆི་བའི་ཡོལ་རས་འདི་ཡར་འཐེན་པ་ནི།

བསླུ་བྲིད་ཀྱི་རྨ་ཁར་མཐའ་མཇུག་གི་མཚན་མོ་བསྐྱལ་བ་ཡིད་སྲིད།

མཚན་མོ་དེར་ཁྱེད་རང་དུས་ཚོད་ཀྱི་མདའ་རྩེ་ནས་ཤོར་སོང་།

དཔྱིད་ཀ་འདིའི་ནམ་མཁའ་སྟོང་བར་ལུས།

འོན་ཀྱང་།  འདུ་འབྲལ་གྱི་སྙིང་བོ་ནི།

དཔྱིད་ཀ་འདིའི་ཁ་གཏད་དུ་དུས་གཏན་དུ་ལུས་སོང་།

(འདུ་འབྲལ་སྙིང་བོ་མེད་པར་རྟོགས་པའི་གླུ)

ནོར་འཁྲུལ་ངོས་ལེན་ཞུ་སྤྱད་བྱས་ན་ཆོག་གམ།

མ་གཞིར་ཚེ་ཕྱི་མའི་ཡུལ་ལ་རྐང་རྗེན་དུ་འགྲོ་བ་ནི།

རྨི་ལམ་གྱི་མདུད་པ་དཀྲོལ་སྟངས་ཤིག་རེད།

དཔྱིད་ཀ་འདིའི་ནམ་མཁའ་སྟོང་བར་ལུས།

                                            2016.2.29.ཉིན་གསེར་ཐང་ནས།

 

    ཅི་བྱ་གཏོལ་མེད་དུ་གྱུར་བ།

 

ཆག་འཇིག་གི་རྡུལ་ཤིན་ཏུ་ལྕི་བའི་གྲིབ་མ།

མེ་དམར་བོའི་ནང་དུ་ཟེའུ་འབྲུ་ལྟར་བཞད།

སྨིག་རྒྱུའི་གྲམ་རྡོས་བརྡར་ནས་བསུབ་པའི་ལག་པ།

འདོད་སྲེད་ཀྱི་རྒྱ་མཚོའི་ཕང་བ་ནས་ཕྱིར་སླེབས་ཐབས་བྲལ།

                                          2016.1.22.ཉིན་ཕུག་འུ་ནས་བྲིས།
                                           2016.2. 2.ཉིན་ཕུག་འུ་ནསབཅོས།

 མཚན་སྨག་དང་རྩིག་པ་དཀར་པོ།

 

མཚན་སྨག་ནི་རྩིག་པ་དཀར་པོ་ཞིག་རེད།

རྩིག་པ་དཀར་པོ་དེས་འདོད་སྲེད་ཀྱི་མཆར་གཞི།

ལ་གཞས་བཞིན་འཐེན་ནུས།

དམིགས་མེད་དུ་འཁྱམ་པའི་ལ་གཞས།

མཚན་མོའི་མིག་ཟུང་དུ་གྲང་འདར་བྱས་ཀྱང་།

རྩིག་པ་དཀར་པོ་དེ་ལ་དམ་དུ་འཁྱུད།

དོན་དེ་སུས་ཀྱང་འགྲེལ་ཐབས་མེད།

མཚན་མོ་འོད་ཆེམ་ཆེམ་གྱིས་གསལ་ཡོང་བ།

སུ་ལའང་གདེང་ཚོད་མེད་པས།

སྣང་ཡུལ་གྱི་རྩིག་པ་དཀར་པོ་འདི།

མེ་ལོང་གི་རྒྱབ་ལ་བཞག་ཏེ།

དགུན་གྱི་མཚེར་སར་ལུས་པའི་ལ་གཞས་སླར་ཡང་འཐེན།

མཚན་མོར་ཁྱིམ་དུ་ལོག་པ།

སྔར་བཞིན་འཁྱག་སིབ་སིབ།

                           2016.2.27

དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན།

 

རབ་རིབ་ཀྱི་མེ་ལོང་དུ་གཉིད་ལ་མ་ཤོར་བའི་གོང་དུ 

ཁྱོད་ཀྱིས་བཤད་འདོད་པ་དག་གྱང་ཆག་འདིའི་ནང་ནས

ས་རུབ་རག་བར་འཚོ་དགོས་བྱུང་ན།

ཆགས་འཇིག་གི་རི་མོ་དག་རང་བཞིན་གྱིས་མ་དག་པའི་སྔོན་དུ།

མི་ཚེའི་ངལ་དུབ་རྡོ་འཁྱག་སྟེང་དུ།

མཆིལ་ཞགས་ལྟར་འཕེན་ཐུབ་སོང་ན།

མི་ཚེ་ཟེར་བ་སྨྲ་བསམ་བརྗོད་འདས་ཀྱི་སྙན་ངག་ཅིག་ཏུ་མ་ནུབ་པའི་དུས་སུ།

སྙིང་བོ་མེད་པའི་བསྐྱར་ཟློས་ཀྱི་ལག་པ་ལྟ་བུའི་ཉི་ནུབ།

གཟི་མིག་དགུ་བ་ཞིག་ཏུ་གྱུར་ན།

ཁྱོད་ཀྱིས་ཉིན་དཀར་དཀར་ལ།

ཁ་ཆེམས་ཀྱི་སྐད་ཆའི་རྟ་ཕོ་དེ་རི་ལ་གཏོང་མ་ཐུབ་པའི་སྐབས་སུ།

འཇིག་རྟེན་འདིར་རྐང་པ་ཀླན་སའི།

ས་ལག་མཐིལ་ཙམ་ཡང་མི་རྙེད་པའི་དབང་དུ་གྱུར་སོང་ན།

སྙན་ངག་ཟེར་བའི་ཐ་སྙད་གཅེར་བུ་དག་ལྕགས་ཀྱི་ཚེར་མར་མ་གྱུར་སྔོན་ནས།

སྡུག་ཡས་ཀྱི་ཆུ་འཁྱག་ཐབ་གང་ཉིན་དང་མཚན་ལ་བསྐོལ་ཀྱང་མ་ཁོལ་ན།

མིག་མདུན་གྱི་རྒྱུག་ཆུ་དེ་མདང་ནུབ་མཚན་གང་ལ།

བསྲན་པའི་གཅིན་པ་དེ་ཡིན་པར་ཞེ་ལ་བསྒོམ་ནས།

འཚོ་བའི་མདུན་ནས་མདང་ནུབ་མཚན་གུང།

སྒོ་ཁར་འགྲོ་མ་ནུས་པ་ལྟར་ལམ་མཐོ་གང་ལའང་འགྲོ་མི་ཐུབ།

                                                            2016.4.8

 བོར་སྟོར།

 

ཁ་སང་སྲང་ནས་རྙེད་པའི་སྐེ་དཀྲིས་དེ།

གསར་བུ་ཞིག་གི་ཨམ་ཕྲག་ནས།

རང་ཉིད་ལྟར་བོང་སོང་བ་ཡིན་ནམ།

བུ་མོ་ཞིག་གི་མིག་གོང་ནས།

ལང་ཚོ་ལྟར་བོར་སོང་བ་ཡིན།

ཕར་ལ་བལྟས་ན་རྒས་པོ་དང་།

བྱིས་པ་ཞིག་གིས་མིན་པ་འདྲ།

སྐེ་དཀྲིས་དེ་ལག་ཏུ་བཟུང་ནས།

བསམ་བློ་ཅི་ལྟར་བཏང་ཡང་།

བདག་པོ་དྲན་ཡུལ་ཏུ་མི་འདུག

ཁ་སང་སྲང་ནས་རྙེད་པའི་སྐེ་དཀྲིས་དེ

སྐེ་ལ་དཀྲིས་ནས་སྒོ་ཁར་་བུད།

ཡང་སྙིང་སྐེ་དཀྲིས་འདི།

ཁྱོད་ཀྱི་ཡིན་ནམ་ང་ཡི་ཡིན་སྙམ་ནས་མདུན་དུ་འགྲོ་མ་སྤོབས།

གལ་ཏེ་ངའི་ཡིན་ན།

ང་ལ་དེ་སྔོན་ཅི་ཞིག་བོར་སོང་བའི།

སྣང་བ་མེད་པ་ཅི་ཡིན་ནམ།

ཡིན་ན་ཡང་།

སྲང་ལམ་འདི་བོར་སྟོར་བྱུང་སའི་གནས་ཤིག་རེད་སྙམ།

དེའི་རྗེས་སུ།  ནམ་ལངས་སོང་བ་འདྲ།

                             2016.3.28

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།