ཨོ་ལོའི་བྱིས་པ། (ཞར་བཀོད་བཞི།)

302

 

  རྩོམ་པ་པོ།   རྔོག་རིའི་རྟུལ་ཕོད།    
ང.jpg

               ཨོ་ལོའི་བྱིས་པ།

 

མྱི་ཚོགས་མང་པོ་མང་པོ་ལམ་གྱི་གཞུང་ནས་བཞུར་ཞིང་།།

ལོ་མ་སེར་པོ་ཆུང་ཆུང་ལམ་གྱི་ཟུར་ནས་འགྱེལ་དུས།།

ང་ནི་ལྭ་རིང་མནབ་པའི་ཨོ་ལོའི་བྱིས་པ་སྙིང་རྗེ།།

སུས་ཀྱང་ཡར་ལ་བཏེག་ནས་རྣ་བའི་སྐྱུ་མོ་བཅག་ཀྱང་།།

སྙིང་གི་ཐད་དུ་སྦྱར་ནས་གློ་བའི་མཆུ་ཏོ་ཚད་རུང་།།

རས་ནི་ཁོ་ཚོའི་མདུན་གྱི་སྣང་བའི་ཕྱི་ཚུལ་འབྲི་ས།།

ནམ་ཡང་སེམས་གཏམ་ནང་གི་ལྷ་ཡི་རྒྱས་སྲས་མིན་པས།།

འདྲེ་མོའི་མེ་ཐབ་ཀློང་གི་ཁྲག་གི་རལ་བ་དམར་པོས།།

ང་ཉིད་བསྲེག་པར་བྱས་ཀྱང་ཞེན་པ་སུ་ལ་ཐོགས་འགྲོ།།

                                                                       2016/5/19

                         སྨྲ་བཅད།

 

     མེ་ལོང་ནང་གི་ཉི་མ་རུབ་ཟིན་པས།།

     སྨིན་མའི་ཁ་དོག་ཨེན་ཙམ་སྐྱ་བོར་ཆགས།།

     གཙང་བོའི་འགྲམ་གྱི་སྟོན་སྡོང་ཆེན་པོ་རུ།།

     ཟླ་བའི་འོག་གི་སྙིང་གཏམ་གླེང་བར་སྒུག།

     སྲོད་རླུང་འཇམ་པོས་རྣ་བ་འདྲད་ཀྱིན་དུ།།

     ལན་བུའི་ནང་གི་སྤོས་ཆུའི་དྲི་བསུང་འཐུ།།

     ལག་པའི་སྟེང་གི་ལོ་མ་ལེན་འདོད་ཀྱིས།།

     ཁོ་མོའི་ལུས་ཀྱི་སྙིང་ཤར་སེན་བཏོགས་བགྱིས།།

     མཚན་མོའི་གློག་འོད་ལམ་གྱི་འགྲམ་ན་སྡུག།

     ཁྲ་འབུ་གཤོག་ཐོགས་རེ་འགའ་འཕུར་ལྡིང་གིས།།

     སྟོན་སྡོང་འོག་གི་དྲན་པ་སྒུལ་བཞིན་དུ།།

     མགྲིན་པའི་གཏིང་གི་ལབ་གླེང་སྐུགས་པར་མཆིས།།

     བརླ་ཤའི་སྟེང་གི་སོར་མོའི་གར་མཁན་མ།།

     སྒྱུ་མའི་ལྟབས་ཀྱིས་སྙིང་གི་མེ་ཏོག་བཀླག།

     ཟླ་བའི་བསིལ་འོད་ག་ལེར་སྤྲོས་པའི་ངང་།།

     སྨྲ་བཅད་མི་ཡི་ཞལ་པགས་བསུལ་བར་བྱས།།

                                                                         2015/5/19

              གོད་ཆགས་འཐུ་བའི་བུ་མོ།

 

 གོད་ཆགས་འཐུ་བའི་གཞོན་ནུ་མ་ཞིག་གཙང་བོའི་ཕར་ཁ་ཚུར་ཁ་ནས།།

 རྒྱ་སེ་དམར་པོའི་ལོ་མ་བཏོག་ཞོར་ཟམ་པའི་སྟེང་དུ་ཞུགས་ཙ་ན།།

 རྨི་ལམ་ནང་གི་ཟམ་པ་ཆད་ནས་རྡོ་དང་ས་ནི་ཟགས་པར་གྱུར།།

 སྙིམ་པའི་ཐང་གི་རྒྱ་སེ་ཡང་ནི་མཚོ་མོའི་གཏིང་ལ་འབྱིང་བར་བྱས།།

 ལན་བུ་རློན་པ་མིག་གིས་བལྡག་ཅིང་གཙང་བོའི་གཞུང་ན་འཕག་ཚག་གིས།།

 ཕ་རིའི་ཐང་གི་ཨ་ཕར་བོས་ཀྱང་ཨ་ཕའི་རྣ་བ་འོན་འདུག་ཅིང་།།

 ཚུ་རིའི་ཐང་གི་ཨ་མར་བལྟས་ཀྱང་ཨ་མའི་སྤྱན་ཡང་ལོངས་འདུག་པས།།

 ནད་ཀྱིས་ཐེབས་པའི་རྨས་མ་ཁེར་འགྲོ་སྡུག་བསྔལ་ཡུལ་གྱི་ཐང་གཤུང་དུ།།

 སྔོན་གྱི་དྲན་ཤིང་མངར་མོ་འཐུ་ཞིང་རྗེས་ཀྱི་དྲན་པ་སྐྱུར་བོར་ཞེད་དེ།།

 ལོ་མའི་སྟེང་གི་སེར་ཐིགས་ཧྲལ་བོ་སྙིང་གི་ཟླ་བོར་དམུགས་པའི་ངང་།།

 ཐག་པ་ཐོགས་པའི་ཡག་གར་འཛེགས་ནས་རང་ཤི་རྒྱག་པར་སྣང་བ་མོས།།

                                                                                               (2016/5/17)

                  རྟོག་པའི་གསང་གཏམ།

 

   སྐར་མས་བཏགས་ཐུག་འཆའ་བའི་སྨག་གི་མེ་ལོང་ནག་པོ།།

   འུག་པ་ཚང་ནས་ཡར་བའི་འབྱུང་པོའི་ས་ལམ་སྐྱ་བོ།།

   བཏགས་ཁྱུའི་ཟུག་རྔུ་རིང་མོ་ཕ་རིའི་བྲག་ལ་ཕོགས་ཚེ།།

   སྤྱང་དམག་རི་ནས་ཐལ་བས་རེ་སྦྲའི་འཁོར་ཡུག་ཀློང་གི།།

   ཨ་ཕའི་ང་རོའི་ཟུལ་ཤུགས་ཐེངས་འགའ་རི་ལ་་འཕངས་བས།།

   རྨི་ལམ་ནང་གི་ལྷ་མོའི་ཞལ་ཚིག་ཟླ་བའི་སྒེག་ཉམས།།       

   སྣང་བའི་སྤྲིན་པར་སུམ་ནས་འོད་ཀྱི་ལོ་མའི་མགུལ་དཀྲིས།།

   མིག་གི་ཟམ་པར་ཐོགས་ཏེ་འགྲམ་པའི་སྒང་་ནས་ལད་སོང་།།

   གཏི་མུག་སྨུག་པའི་མཛའ་མོ་གམ་ལ་བཅར་འདོད་མེད་པས།།

   རྟོག་པའི་འབྱིང་གི་ཟླ་བ་ཡང་བསྐྱར་ཤར་ནས་ཚེས་སོང་།།

   ནམ་སྨད་སྣང་བའི་ཟམ་ཆེན་སྨུག་སྒྱུའི་གླིང་གི་ཕོ་བྲང་།།

   དྲི་ཟའི་རྒྱུད་དྲུག་བསྣམ་པའི་རྨི་ལམ་ཐང་གི་ལྷ་མོ།།

   སྤྲིན་གྱི་རྟ་ཕོར་བཅིབ་ནས་བདག་གི་སྔས་མགོར་བབས་པ།།

   ལག་པས་འཛིན་རྒྱུ་བྱུང་ཞིང་མཆུ་ཏོས་རག་རྒྱུ་བྱུང་ན།།

   སྐྱ་རེངས་ཤར་གྱི་སྒེག་མོ་ག་ཙམ་མཛེས་མོ་ཡིན་ཡང་།།

   སྣང་བ་ལྷ་ཡི་གཅེས་ཕྲུག་གམ་ལ་བཏུད་འདོད་མེད་ཀི།

                                                                   2016/5/16

              ཕྱིར་མིག་ཀློང་གི་མིང་སྲིང་།

 

སྨུག་པའི་མཁར་གྱང་འཐུག་སའི་གྲོང་སྡེ་གན་ནས།།

གཞས་གདངས་སྐྱོ་བས་ཟོས་པའི་གླུ་ཞིག་ཐོས་བྱུང་།།

ཤིག་ཟོམ་ལག་ནས་ཐལ་བའི་ཆོབ་སྒྲ་མིན་ཚེ།།

ཨ་ཅེ་བསོད་ནམ་མཁའ་འགྲོའི་བཞོ་དབྱངས་རེད་ལོ།།

གནའ་དུས་གཙང་བོའི་འགྲམ་གྱི་རྡོ་མཁར་ཆུང་ཆུང་།།

ད་ལོའི་ཆར་ཞོད་ཀློང་ནས་ས་ལ་ཐུམ་སོང་།།

མེ་ཏོག་སྐམ་པོ་ཞིག་གི་འདབ་མའི་སྟེང་ན།།

ཉམས་ཆུང་མིང་སྲིང་ཟུང་གི་འཛུམ་བག་དོད་འདུག།

རྫ་རིའི་ཞོལ་ལམ་འགྲིམ་པའི་རྒོད་མ་རྐྱང་ངུ་།།

རྟའུ་ཕྲུག་ཁ་དཀར་ཞིག་གི་གམ་ནས་འཚེར་བྱུང་།།

ཚེར་ཤིང་རླུང་གིས་བལྡག་པའི་ས་སྐམ་ཀློང་ནས།།

རྟ་རྫི་མིང་སྲིང་གཉིས་ཀྱི་སྲོད་གླུ་ཐོས་སམ།

ཉིན་ལུང་དྲོ་ས་ཞིག་ནས་ཆབ་རྡོ་སྒྲིལ་སྐབས།།

རྡོ་ཕྲུག་སྤོ་ལོ་འདྲ་ཟིག་གཡང་ལ་ཤོར་སོང་།།

ནོར་རྗེས་ཟླུམ་ཁུད་ནང་གི་ཟླ་བའི་བརྙན་རིས།།

ལག་པའི་འཛིན་ན་འདོད་དམ་སྙིང་གི་ཨ་ཅེ།།

དཔྱིད་ཟླའི་མེ་ལོང་ནང་གི་དབྱར་རྩའི་ཁམ་བུ།།

ཆར་བ་བབས་ས་ཞིག་ནས་རག་འཚོལ་བྱེད་སྐབས།།

སྐེད་པའི་གོང་ན་དམ་པའི་གྲོ་གཅེས་སྣུམ་པོ།།

རྩེད་ཞོར་ཟ་ན་འདོད་དམ་སེམས་ཀྱི་གཅེས་ལོ།།

                                                   2016/5/13

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།