འཛིན་མའི་མིག་ཆུ། (ཞར་བཀོད་གཅིག)

478

 རྩོམ་པ་པོ།  གཅན་རྨི་ལམ།   

  འཛིན་མའི་མིག་ཆུ།

 

ཁོང་གི་ཁྲག་དང་གློ་སྙིང་སོགས།།

ཕྱི་རུ་ཕྱུང་བའི་ཀུན་བཟོད་མ།།།

རྩྭ་སྔོན་ཤིང་གི་ལྷན་པ་དེས།།

དོན་ལྔ་སྣོད་དྲུག་ཅི་ལྟར་སོས།།

ལོ་གསུམ་ཅན་གྱི་བྱིས་པ་ལ།།

ཕ་མས་སྤྱོད་པའི་བྱེད་ཐབས་དེས།།

ནང་སྙིང་མེད་པའི་ས་གཞི་ལ།།

དེ་ཡིས་ཨེ་ཕན་ཞིབ་ཏུ་སོམས།།

འདས་པའི་ལོ་དང་བསྡུར་བ་ན།།

ས་ཆུའི་འཇིགས་པ་མང་ཞིང་རྩུབ།།

འདི་ལ་རང་བྱུང་གནོད་ཚེ་ཞེས།།

བསྙད་ཀྱང་ང་ཚོའི་བྱས་འབྲས་དངོས།།

བྱས་འབྲས་ཐོག་ཏུ་བབས་པ་ན།།

མིག་ཆུ་ཐོར་ཞིང་སྡུག་གིས་མནར།།

གཉེན་དང་བྲལ་བའི་མྱ་ངན་གྱིས།།

གསོན་པ་འཆི་བ་ལས་ཀྱང་སྡུག།

ང་ཚོར་ལོ་བརྒྱའི་ཚེ་ཡོད་ཀྱང་།།

ཀུན་བཟོད་མ་ཡི་ཚེ་རྫོགས་ན།།

ང་ཚོ་དེ་ཡི་གྲིབ་མ་བཞིན།།

ལྷན་གཅིག་སྟོང་བའི་དབྱིངས་སུ་འཐིམ།།

དེ་ཕྱིར་འཛིན་མའི་ཚེ་སྲོག་འདི།།

ང་ཚོས་རྣམ་ཀུན་དང་པོར་འཛིན།།

དེ་ནས་ང་ཚོ་རིམ་པ་བཞིན།།

རི་སྐྱེས་དག་ལའང་གཅེས་སྐྱོང་མཛོད།།

འདི་ལྟའི་གོམས་གཤིས་ཆགས་གྱུར་ན།།

སྣོད་བཅུད་ཚེ་རིང་བདེ་ཞིང་སྐྱིད།།

འདི་ལས་ལྷག་པའི་ལག་རྗེས་ཤིག།

ཕྱི་རབས་དག་ལ་འཇོག་ཐབས་མེད།།

འདོད་པ་ཆུང་ན་སྣོད་བཅུད་བདེ།།

ཧམ་སེམས་ཆེ་ན་སྣོད་བཅུད་འཇིག།

བུ་རབས་ཚ་རབས་སྐྱིད་འདོད་ན།།

འདོད་པ་ཆུང་ལ་གོམས་པར་གྱིས།།

འདི་ནི་ལུང་བསྟན་མ་ཡིན་ལ།།

རྫིག་པོའི་སྐད་ཆ་དེ་བས་མིན།།

ང་ཚོའི་ལུས་ལ་དཔེར་བླངས་ན།།

རྟོགས་དཀའི་གནས་ཤིག་ཡེ་མ་ཡིན།།

ཅི་བཤད་འདི་བཤད་ཆེར་མེད་པའི།།

གཅན་ཚའི་ཕོ་གསར་རྨི་ལམ་གྱིས།།

རྒྱ་ནག་རྒྱལ་ས་ཁྲང་ཨན་ནས།།

མགོ་ནག་མགོ་སེར་ཡོངས་ལ་སྤྲིངས།།

                                ༢༠༡༦/༤/༢༡ཉིན།

          གྲོགས་པོ་བཟང་པོ།

 

གྲོགས་པོ་བཟང་པོ་ཅོང་བརྡ་འདྲ།།

ཁྱེད་ཀྱི་གཉིད་དང་རྨི་ལམ་སོགས།།

ཡག་མིན་ཁ་ཡ་མི་བྱེད་པར།།

དུས་སུ་བབས་ན་དཀྲོག་པར་བྱེད།།

གྲོགས་པོ་བཟང་པོ་སྨན་དང་འདྲ།།

ཆམ་ནད་རིམས་ནད་འགོ་ནད་སོགས།།

བཅོས་སུ་ཡོད་པའི་ནད་བྱུང་ན།།

དེ་མ་ཐག་ཏུ་བསྟེན་པར་བྱེད།།

གྲོགས་པོ་བཟང་པོ་སྒྲོན་མེ་འདྲ།།

ཁྱེད་ཀྱི་མཐའ་དང་ཉེ་འཁོར་སོགས།།

མུན་པ་སྟུག་པོས་བཟུང་ཡོད་ན།།

དྭངས་གསལ་འོད་ཀྱིས་གསལ་བར་བྱེད།།

གྲོགས་པོ་བཟང་པོ་དགེ་རྒན་འདྲ།།

ཁྱེད་ཀྱི་ལུས་སེམས་གཉིས་ལ་སོགས།།

ཡོན་ཏན་བཟང་སྤྱོད་མི་འདང་སར།།

སྐྱོན་ཡོན་ཕྱེས་ནས་ཁ་སྐོང་བྱེད།།

གྲོགས་པོ་བཟང་པོ་མདོར་བསྡུས་ན།།

སྐྱོན་ལ་སྐྱོན་དུ་བགྲང་ནུས་ཤིང་།།

བཟང་པོའི་ལས་ལ་ཚིམ་མེད་དུ།།

འཇུག་པར་བྱེད་པ་གྲོགས་ཀྱི་མཆོག།།

དཔྱད་པ་ཞིབ་ཀྱིས་མ་བཏང་ན།།

གྲོགས་བཟང་མི་ངན་འཁྲུལ་བ་ཡོད།།

གཡོ་ཅན་གྲོགས་སུའང་འཁྲུལ་བ་ཡོད།།

མ་འཁྲུལ་བ་ནི་གལ་ཆེན་ཡིན།།

སྐྱོན་དང་ནོར་བ་གང་ལ་ཡང་།།

སྐྱོན་སེལ་མེད་ཅིང་མཐུན་འགྱུར་བྱེད།།

གྲོགས་པོའི་བདེ་སྡུག་མི་བསམ་པ།།

གྲོགས་ཀྱི་ཐ་སྙད་འོས་མ་ཡིན།།

བདག་ནི་ལྷག་བསམ་ཅན་ཞིག་མིན།།

ལྷག་བསམ་ཅན་གྱི་གྲོགས་དག་དང་།།

འགྲོགས་པའི་མྱོང་ཚོར་ཇི་བཞིན་ཏུ།།

ཕན་པའི་སེམས་ཀྱིས་ཡི་གེར་ཕབས།།

                          ༢༠༡༦/༥/༥ཉིན།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།