རྩོམ་པ་པོ། བཙན་མི།
སྒྱུ་མ།
ཀླད་པའི་ནང་གི་ཁྲག་རྩ་འདར་ཙམ་གྱིས
ཐང་ཆེན་གྱི་དཀྱིལ་དུ མི་གཉིས་རྐང་རྒྱུག་འཐེན
གཅིག་ཤོས་རྡོ་བ་ཆུང་ངུ་ཞིག་གི་ཐོག་ནས
ས་ལ་འགྱེལ་ཞིང་དམྱལ་ཁམས་སུ་ལྷུང
དེ་མར་གཅིག་ཤོས་ཀྱང་ཆུ་ཐིགས་ཤིག་ཏུ་གྱུར་ཞིང
འོད་ཟེར་གྱི་ནང་ནས་སྡིག་པ་རྭ་ཙ་འགའ་འོང་རྗེས
ཆུ་དཀྱིལ་གྱི་མེ་ཏོག་ལྗང་ཁུ་དག་ཀྱང
བར་སྣང་དུ་སྐྱེ་ཞིང་སླར མེ་ནང་དུ་འཐིམ་སོང་།
2016。5。 18。
ཚོར་བ།
རྨི་ལམ་ལས་སྟོང་བའི་འཁྲུལ་སྣང་གི་འོག་ཏུ
སྐར་མ་རབ་རིབ་ཀྱིས་འཆར་ཞིང
སྒྱུ་མ་བའི་སྔགས་རྫས་ཀྱིས་སྤྲུལ་ཁྲ་ཁྲ་ཞིག་བཟོས
སྤྲུལ་དེ་ཞོགས་པ་ནས་ས་སྲོད་ཀྱི་བར་དུ་རྒྱུ་དུས
སྡུག་བསྔལ་སྒྱེ་གང་མགོ་ཐོག་ནས་མར་ལྷུང་ཞིང
རི་མོ་རེ་རེས་རྫུ་འཕྲུལ་རེ་རེ་བསྟན་པས
མི་རྣམས་ཀྱི་སྙིང་ཁ་ནས་ཚུར་ལ་འཁོར་བའི
ཞེ་སྡང་གི་མེ་ལོང་ངོས་སུ
སྡིག་པའི་བཟློས་གར་དམར་པོ་ཞིག་འཁྲབ་ཅིང
དམྱལ་ཟངས་ནང་གི་སེམས་ཅན་དག་མེ་ལ་འབར
2016. 5. 21.
སེམས།
བཙའ་ཡིས་ཟིན་པའི་ལག་པ་ཞིག་གིས
མེ་ཏོག་རྐང་གཅིག་བཏེགས་ཤིང
བྱང་མཚམས་ནས་ལྷོ་མཚམས་སུ་བསླེབས་འོང
སྐར་མ་དག་ཁུང་འདར་ཡང་ཡང་རྒྱབ་རྗེས
ནམ་མཁའི་མིག་ཆུ་མཚོ་ངོགས་སུ་ལྷུང་ཞིང
བདག་གི་མཁར་སྒོ་རུ
གསེར་གྱིས་ཉོ་མི་ཐུབ་པའི
ལོ་ངོ་སྟོང་གི་རུས་པ་རྙིང་བ་ཞིག་བཞག་འདུག
ང་རང་དེ་མར་ངུས་རྗེས ཁྱོད་ཀྱི་ངུ་སྐད་ཀྱང་ཐོས་འོང་།
2016. 5. 19.
གངས།
ལོ་རྒྱུས་མང་བོའི་གསེབ་ནས་སྡུག་བསྔལ་བཀླགས་དུས
དོ་ཚིགས་ཀྱི་ཆར་བ་དང་རྩྭ་ལྗང་སྐམ་འགྲོ
ཉི་འོད་ཀྱིས་གསོས་པའི་འདབ་རོལ་གྱི་མེ་ཏོག
དེབ་ཐེར་གྱི་ཡིག་འབྲུ་རེ་རེར་འཐིམ་སྟེ་རང་ཤི་རྒྱག
མི་རབས་མང་བོར་བརྩིགས་པའི
གནའ་བོའི་རྡོ་རིང་དཀར་པོ
ཤེལ་གྱི་གངས དུར་སའི་གངས མྱ་ངམ་གྱི་གངས
2016. 5. 18
ང་།
སྟོང་བ་མང་བོའི་རོ་སྒམ་དུ་སྐྱེས་པའི་མེ་ཏོག་བཙའ་བོ་ང
རྒྱུན་པར་ཚེས་འོང་བའི་དབྱར་ཁར་འཕྲད་ཚེ
ཆར་བ་དང་བུང་བ་ཛ་ལང་དུ་གྱུར་ཏེ་སྙིང་ཁར་ཞེ་སྡང་སྤུང་འོང
2016。 5。 10。
ལྕགས་ཐག་དྲུད་པའི་ཁྱི་རྒན།
ཁྱི་རྒན་དེ་ཁྱོད་དང་འདྲ་བོ་འདུག
ལྕགས་ཐག་དྲུད་ནས་སྔ་མ་གཡུག་ན་དེ་བས་ཀྱང་འདྲ།
ཁྱོད་ཀྱིས་མངོན་སུམ་དུ་འབ་ཀྱིན་མེད་ནའང་།
ལྕེ་སྟེང་གི་ཐ་སྙད་རེ་རེ།
ཞེ་འཁོན་ཅི་ཞིག་གི་མནར་འདྲའི་མགོ་བོ་དཀྲོག་དཀྲོག་བྱེད།
གལ་ཏེ་རྒྱུ་འབྲས་ཀྱིས་རལ་གྲི་མ་བཟུང་ཚེ།
ཁྱོད་ཀྱིས་ནམ་ཡང་ལྕགས་ཐག་དྲུད་ནས་བརྒྱུག་ངེས།
2016. 3. 13
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།