སྒྲོག་གུ། (ཞར་བཀོད་དྲུག)

477

 

    རྩོམ་པ་པོ།   སྣང་ངུ།  

 

mmmm.jpg

                  སྒྲོག་གུ།

 

ཡོལ་བ་རླུང་གི་འགུལ་དུས་སྒེའུ་ཁུང་ཕྱེས།།

མར་མེ་འོད་ཆེམ་འཕྲོས་ཚེ་མེ་ལྕེབས་ལྡིང་།།

སྤྱན་ཆབ་གདོང་དུ་འབབ་ཅིང་མིག་ཟུང་བརླན།།

རང་ཡུལ་འཇམ་ཐང་ཡིན་པ་ཁོ་ན་མཐོང་།།

རྒྱང་རིང་ས་མཐའི་སྣང་བ་སྤྲིན་ལ་འདྲེས།།

དྲན་གདུང་ཡུ་མོ་ཁེར་འགྲོ་ཕར་ལ་བསྐྱོད།།

ངལ་དུབ་རྔུལ་ཆུའི་མདངས་ལ་འོད་སྣང་འཚེར།།

ཕར་རི་ཕྱུག་མོ་མཛེས་སྡུག་རབ་ཏུ་སྒེག།

ནམ་མཁར་མེ་ལོང་སྔོན་མོ་ལག་པའི་རག།

ལྕེ་ཡི་ཁྲག་ཐིགས་དམར་པོ་ས་ལ་འཐིམ།།

ལུ་གུ་དཀར་ཆུང་འཚོ་རྩིས་རབ་ཏུ་བྱས།།

འཛིན་མའི་གཞུང་ལ་ཆུ་བོ་དལ་ཞིང་རྒྱུ།།

ཕྱིར་མིག་གདོང་གི་མིག་རུལ་མཁར་རུ་ཕྱོགས།།

གངས་ཀྱི་འདབ་མ་མེ་ཏོག་ལས་ལ་འཁྲུངས།།

རི་ལམ་སྨུག་པ་ལ་ཁའི་འོད་ལ་གཞའ།།

སེམས་ཀྱི་དྲན་པ་སྐྱིད་ཆུའི་གཞུང་ལ་འདྲེས།།

                                          015. 11.  23. 

               བག་ཆགས། 

 

 མཚན་དགོང་ལྷིང་འཇགས་ཤིག་ལོངས་སུ་སྤྱོད་དུས།།

མཚན་དགོང་ཟླ་བ་ཞིག་དབྱིངས་སུ་འཆར་བྱུང་།།

མཚན་དགོང་རྨི་ལམ་ལ་སྟོང་གསུམ་འཁོར་དུས།།

མཚན་དགོང་ས་གཞི་འདི་ཅི་འདྲའི་མཚར་བ།།

གླུ་དབྱངས་ལྷོད་པོ་ཞིག་ཕར་ནས་རོལ་ཏེ།།

པར་རིས་མང་མང་ཞིག་ཚུར་ནས་ལྟས་ཏེ།།

ཁ་ལྕེ་དམར་དམར་ཅིག་འགུལ་ཙམ་བྱས་དུས།།

དོ་ནུབ་མི་ཚེ་འདི་ཅི་འདྲའི་མཚར་བ།།

མཚན་ལྗོངས་ཡག་པོ་ཞིག་ཡོད་པར་མ་མཆིས།།

ལྷིང་འཇགས་སྣང་བརྙན་ཞིག་ཡོད་པ་མ་ཚོར།།

རྒུན་ཆང་མངར་མོ་འདིས་བཟི་ཁ་མིན་ན།།

འཇམ་མཉེན་གདོང་པགས་ཀྱི་བྲོ་བ་ལོས་ཡིན།།

ན་གཞོན་སྐྱེ་འབྲས་ཤིག་དོ་ནུབ་མི་འདུག།

འཆོར་སྒེག་སྨན་ཆུང་ཞིག་དོ་ནུབ་མ་མཆིས།།

ཡང་སྙིང་བརྩེ་བ་ཡི་ཚ་ས་ཞིག་ཏུ།།

ན་ཟུག་ཁྲི་སྟོང་ཞིག་ངང་གིས་སྐྱེ་བྱུང་།།

རང་སེམས་གཙང་མ་འདི་ག་ཤེད་ཅིག་ལ།།

ཕོང་མེད་འགྱོད་མེད་ཀྱི་ངང་གིས་སྟེར་འདོད།།

སྐྱེས་དམན་འཆོར་ཙོག་གི་ལས་ཤིག་ཡིན་ཡང་།།

ཨ་ལོང་དགུ་སྒྲིལ་གྱིས་མདུད་པ་བརྒྱབ་ཡོད།།

ལས་དབང་བཙན་བཙན་ཞིག་དགོས་སྐལ་བྱས་དུས།།

དམ་བཅའ་དངང་སྐྲག་ཅིག་འཇོག་དོན་མི་འདུག།

འཇིགས་འཇིགས་དོག་དོག་གི་འཚོ་བ་རེ་གཉིས།།

རོལ་འདོད་བསམ་བློ་ཞིག་ཡེ་ནས་མི་འདུག།

                                                      2015.6.28རྫ་ཆུ་ཁ་བ་རུ།

ཁོ་མོ་བུད་སོང་། མིག་འབྲས་ལུས་ཡོད།

 

སེམས་པའི་རི་གྲོང་ཉུག་ཉུག་བྱས་དུས།།

ནེམ་མོ་ཞིག་གི་འཇམ་ཤ་མཐོང་བྱུང་།།

ལུང་ཚིག་མེད་པའི་སྐད་ཆ་མོག་མོག།

སྐད་ཅིག་སྐད་ཅིག་ངག་ཏུ་འཁྲུངས་བྱུང་།།

རིང་དུ་མ་གནས་ཉེ་རུ་བཅུག་འདོད།།

རག་ཏུ་མ་ཕོད་ཕར་ལ་གཡུག་འདོད།།

སུ་ལ་མེད་པའི་གཞས་ཤིག་གཏོང་འདོད།།

ཡོད་ཚད་གསང་བའི་དྲོད་ཅིག་ཉར་ཡོད།།

བསིལ་རླུང་ཞིག་གི་བག་ཏུ་མ་རོལ།།

སྒེའུ་ཁུང་ཞིག་གི་ཁྲོད་ནས་མ་འགྱེལ།།

ཡར་ལ་མ་ལྟས་མར་ལ་མ་བལྟས།།

ཏན་ཏན་བར་མ་དོ་ཡིས་འཚོལ་ལོ།།

མཛེས་སོང་མ་ཟེར་ཙོག་སོང་མ་ཟེར།།

གཞོན་རབས་མ་གླེང་དར་རབས་མ་གླེང་།།

ཆེ་སོང་མ་གསུང་ཆུང་སོང་མ་གསུང་།།

འདི་ནི་སེམས་ཀྱི་དམར་ས་ཡིན་ནོ།།

ཐང་གཞུང་མེ་ལོང་དངུལ་དཀར་མཐོང་དུས།།

ལུག་ཆུང་འབའ་འབའ་ཙེ་རེར་གྲག་བྱུང་།།

ལག་བརྡ་མ་མཐོང་དུས་ཀྱི་མཐའ་མར།།

གྲིབ་མ་ཞིག་གི་མིག་འབྲས་ལུས་ཡོད།།

                                         015 6 15

          ས་སྲོད་ཀྱི་སྙན་ངག                      

 

སྐར་མའི་ཚོགས་དག་མ་ལུས་དབྱིངས་སུ་རུམ།།

ན་ཆུ་སྔོན་མོ་ལི་མའི་ཆུ་ལྟར་འབབ།།

ནམ་མཁའ་སྔོ་བསངས་སྟོང་བའི་ཕར་རོལ་དྲན།།

སྤྲིན་པ་དཀར་ཆུང་ཞིག་གི་གཤོག་སྣེ་དྲན།།

ས་སྲོད་ཁེར་ཧྲེང་ཞིག་གི་རྒྱབ་ཤུལ་དུ།།

རི་ཆུ་སྟོང་ཕྲག་བརྒལ་བའི་རྨིག་རྗེས་མང་།།

མཚན་སྨག་སྟུག་པོའི་ཁྲོད་ཀྱི་མར་མེ་དྲན།།

སྲོག་ལྡན་མེ་ལྕེབས་ཤིག་གི་ན་ཟུག་དྲན།།

ཚེས་ཆེན་བཅོ་ལྔའི་དུང་ཟླ་ཤར་ནས་འཛུམ།།

སྐར་ཚོགས་མཁའ་ལ་བཀྲ་བའི་མཚན་མོ་ལ།།

རླུང་བུ་བསིལ་འཇམ་ལྡིང་བའི་ངང་རྒྱུད་དྲན།།

རྨི་ལམ་ཆར་ཆུའི་སྦང་བའི་འཚོ་བ་དྲན།།

སེམས་མཐུན་གཏན་གྱི་ནོར་བུ་སྒུག་བྱུང་ངུ་།།

སྙིང་ཐུབ་ལུས་ཀྱི་ཕྱེད་ཀ་གྲང་བས་གཟེར།།

མར་མེ་རྐང་བུ་གཅིག་གི་འོད་ཁང་དྲན།།

སྒེའུ་ཁུང་ཁྲ་ལ་ཆུང་ངུའི་ཉེ་སར་དྲན།།

སྟ་གོན་སྔོན་ནས་མེད་པའི་ཁེར་ཧྲེང་བ།།

འཇོད་པ་རྗེས་ནས་སྐྱེ་བའི་ཁེར་ཧྲེང་བ།།

མེ་ལོང་དྭངས་གཙང་ཡིན་པས་སེམས་རྒྱུད་དྲན།།

དགའ་བ་ན་ཟུག་ཡིན་པས་ལས་དབང་དྲན།།

ཧ་ལོའི་མེ་ཏོག་ཅིག་གི་དྲི་བསང་དང་།།

ཚིགས་དྲུག་ལོ་མ་ཞིག་གི་ལང་ཚོ་དག།

རང་ལ་ཐོབ་པའི་སྙིང་ཆུང་ཡོད་པ་དྲན།།

སྙིང་ཆུང་ལས་སྐལ་མེད་པ་འབའ་ཞིག་དྲན།།

ནམ་མཁའི་སྐར་ཆེན་རེ་ལ་འོད་སྣང་ཞིག།

ས་ཡི་ཁང་ཁྱིམ་རེ་ལ་བདེ་སྐྱིད་ཅིག།

སྒེའུ་ཁུང་གཅིག་གི་འོད་སྣང་ཁེལ་བ་དྲན།།

ཁེར་ཧྲེང་ལོ་ཟླ་བའི་འཚོ་བ་སྐྱིད་སྣང་ཞིག།

                                                        2015.10.30རྫ་ཆུ་ཁ་བ་རུ།

རང་ཤག་ཏུ་གཅིག་པུར་གམ་བཅར་དུ་ལོག་པ།

 

 ཆར་ཡན་མག་མོག་དགུན་ཁའི་བུ་ཡུག་འདྲ།།

རླུང་བུ་གང་སར་གཡུག་ན་དེ་སར་སྤུར།།

མི་ཚེའི་རྨི་ལམ་སྐད་ཅིག་མུ་རུ་ཟད།།

སྟོང་གསུམ་འཁོར་བའི་བདག་མོ་དྲན་པར་བྱ།།

འཇའ་ཚོན་རི་མོ་ནུབ་ཁའི་དགུང་ལ་ཡལ།།

སྨུག་ལམ་སྐྱ་མོ་རི་བོའི་ཕྲག་པར་འཛེགས།།

མི་ཡུལ་དག་ཞིང་ཡིན་ཡིན་འདྲ་བའི་ཚུལ།།

འཇིག་རྟེན་ས་ལམ་ཡངས་པོ་དྲན་པར་བྱ།།

གཟུགས་མང་མིག་ལ་མི་མཛའ་མགོ་བོ་ངལ།།

སྒྲ་མང་རྣ་ལ་མི་སྙན་སྣ་ཡང་ཚ།།

དྲི་མང་སྣ་ལ་མི་བཟང་ཆམ་ནད་ཕོག།

རོ་མང་ལྕེ་ལ་མི་འོས་སྐྱུག་མེར་ལོག།

རྐང་གི་རི་མོ་ལམ་གྱི་རྡོ་བ་ཕོག།

ཡ་ཐོད་སྐྲ་ལོ་བསིལ་འཇམ་རླུང་བུས་འགུལ།།

མཉེན་པའི་གཞོན་ཤ་གྲང་ལྷག་ངར་མའི་བཅོམ།།

ཚིག་འབྲུ་ཕོང་མེད་འབའ་ཞིག་གཏོར་བར་བྱ།།

                                           016.2.3.རྫ་ཆུ་ཁ་རུ་བྲིས།

                  ཕལ་བའི་མི།

 

སྐྱེས་ཡག་འཛུམ་ཞལ་གྱི་མཛེས་སྡུག་མཐོང་ཀྱང་།།

ཡིད་དབང་དྲན་ཁུང་རུ་དྲོད་ཁོལ་མ་བྱུང་།།

སྒྱུ་འཕྲུལ་ལྷ་མོ་ཡི་འཁྲིས་སུ་བཀུག་པ།།

ལས་སྨོན་ཐེངས་གཅིག་གི་ལྟས་དབང་ལོས་ཡིན།།

ལང་ཚོའི་སྐྱེས་དབྱིབས་སུ་མཚར་སྡུག་ལྡན་ཞིང་།།

དྲན་འཛིན་སྣང་ངོར་རུ་བབས་ཐུབ་མ་བྱུང་།།

དབྱངས་རྟའི་འགྱུར་ཁུགས་ཀྱི་ཡིད་དབང་སིམ་པ།།

སྐྱེས་པ་ཐེངས་གཅིག་གི་འཚོ་བ་ལོས་ཡིན།།

ནམ་ཟླ་དཔྱིད་སར་གྱི་དུས་ཚིག་ཅིག་ནས།།

བྱ་བརྒྱའི་ཐང་དཀར་གྱི་འཕུར་སྟངས་ཤིག་གིས།།

སྟོང་བའི་མཁའ་དབྱིངས་སུ་བཞུད་རིམ་ཁྲོད་ནས།།

བརྩེ་བའི་འཇུ་ཐག་ལ་གས་ཆག་ལོས་ཡིན།།

ཆུ་ཆེན་མཚོ་མོ་ལ་བཞུར་སྒྲ་ཤག་ཤག།

ཡང་པོ་རླུང་ཕོ་ལ་ངང་རྒྱུད་བསིལ་བསིལ།།

མཚན་སྨག་སྒེའུ་ཁུང་རུ་དལ་གྱི་ལྡང་བ།།

འཇིག་རྟེན་ཁྲ་ཁྲ་ཡི་རང་མདངས་ལོས་ཡིན།།

མཚན་མུན་དགུང་སྔོན་ལ་སྐར་ཚོགས་ཤིག་ཤིག།

ཡར་ཚེས་དུང་ཟླ་ཡི་འོད་མདངས་ལྷམ་ལྷམ།།

བསིལ་བའི་རང་བཞིན་གྱི་ཁོར་ཡུག་ལེགས་མོ།།

རེ་བའི་རྨི་ལམ་གྱི་ཞིང་ཁམས་ཡིན་ནམ།།

སྣ་བརྒྱ་མེ་ཏོག་གི་དྲི་བསང་ཞིག་ལ།།

ཞེ་འདྲེས་སྙིང་ཆུང་གི་སྦྲང་མ་ཟ་ཟིར།།

སྙིམ་པའི་སོ་རྩེ་ལས་སྣག་གཟུགས་ཐར་ཐོལ།།

ཕལ་བའི་མི་སེམས་ལ་བསྩལ་བ་ལོས་ཡིན།།

                                             2015.3.22

 བྲག་དམར་འདབས་སུ་ཕྱི་དྲན་བྱས་པ།

 

ཆགས་པའི་དབང་གི་ང་ནི་རླུང་པོ་བཞིན།།

ནམ་མཁའི་མཁའ་ལ་ལྡིང་ཞིང་ས་ལ་ལྡིང་།།

ལྡིང་ལྡིང་ལས་ཀྱི་མཐའ་མར་ཡུལ་དེར་ཕྱོགས།།

ང་ནི་རྣམ་ཤེས་རྙེད་པའི་མགྲོན་པོ་ཞིག།

བྱ་སྒྲོ་ལྟ་བུའི་དར་ལྕོག་དཀར་པོ་དེ།།

རེ་ཞིག་ནམ་མཁར་སྐྱོད་ཅིང་ས་ལ་ཐོར།།

ས་གཞི་འཛིན་མའི་སེར་ཆེན་མེ་ཏོག་ལགས།།

ང་ཡིས་མགྲིན་པའི་དབྱངས་སྙན་ཁྱེད་ལ་འབུལ།།

གཙང་བོའི་བཞུར་སྒྲ་རྣ་བའི་གསེབ་ཏུ་འཛུལ།།

ཉ་མོའི་འཁྱུག་རྩལ་ཉི་མའི་འོད་ལ་ཐིམ།།

སྤྲིན་བྲལ་དབྱིངས་སུ་འཕགས་པའི་ཉི་གཞོན་ལཊ།།

ང་ཡིས་སྨོན་པ་ཡོད་ཚད་ཁྱེད་ལ་འབུལ།།

ཆུང་ཆུང་བྱིས་དུས་ལོ་རྒྱུས་ཚར་དུ་མེད།།

དྲན་པ་བརྒྱ་ཕྲག་བར་ནས་ཡང་ཡང་འཁོར།།

རྫི་གླུ་རྩེད་མཚར་དགོད་སྒྲའི་དབྱངས་སྙན་ཏེ།།

ལོ་མང་དུས་ལུས་བརྒལ་ཞིང་བརྗེད་ཐབས་དཀའ༎

འུ་རྡོ་ཁྲ་མོ་བཟུང་ནས་རྫི་ལ་ཆས།།

ཆུ་དང་རྩམ་པ་ཁུར་ནས་རྫི་ཇ་སྐོལ།།

ཁེད་དང་གླུ་ཤག་མང་པོའི་གཏམ་ལ་རོལ།།

རྩེད་མཚར་དགོད་སྒྲའི་ལོ་དེ་བརྗེད་ཐབས་དཀའ༎

                                               2014/4/16

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།