རྨོག་རུ་སངས་རྒྱས་རྒྱ་མཚོ། སྨྱུག་མིང་ལ་སྤྲང་ཀོག་ཏུ་འབོད། སྤྱི་ལོ༡༩༩༦ལོར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་རྨོག་རུ་ནས་སྐྱེས། རིམ་བཞིན་སློབ་ཆུང་མཐར་ཕྱིན། ཕྱིས་སུ་རབ་ཏུ་བྱུང་ནས་དྷཱི་ཚ་དགོན་ཆེན་གྱི་ཚོགས་ལ་ཞུགས། སྔ་ཕྱིར་<བོད་ཀྱི་རྩོམ་རིག་སྒྱུ་རྩལ། ><ཟླ་ཟེར><གངས་རྒྱན་མེ་ཏོག><མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།><མཚོ་ལྷོ་བོད་ཡིག་ཚགས་པར།><གུར་ཀུམ་ཆུན་པོ།><བཙན་པོ་མགར་གྱི་དྲ་བ།>སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་དྲ་ངོས་སུ་སོགས་སུ་རྩོམ་ཡིག་བརྒྱ་ལྷག་སྤེལ། ད་ལྟ་མདོ་སྨད་དྷཱི་ཚ་དགོན་ཆེན་དུ་སློབ་གཉེར་བྱེད་བཞིན་མཆིས་སོ༎
༈ གུས་སྐུལ་ངག་གི་སྙེ་མ།
ཞི་བའི་ཀུན་ཕན་དབྱངས་རྟ་སྙན་འཇེབས་ཀྱིས་མཆེད་ཅིང་།།
ལེགས་ཉེས་དཔྱོད་པའི་ཤེས་རབ་འགོག་མེད་དུ་འཕྱུར་བའི།།
རྒྱུད་སྟོང་ཕྲ་མོར་བརྡེབས་པའི་རིག་བྱེད་ཀྱི་གླུ་དབྱངས།།
མཆོག་གྱུར་ངག་རིག་སྲས་པོའི་གཟི་བརྗིད་དུ་ཕབ་ཡོད།།
ཟླ་གཞོན་ལང་ཚོ་གསར་བའི་ཐུགས་བསྐྱེད་ཀྱིས་འདེགས་ཤིང་།།
ཁྱབ་བརྡོལ་ཤེས་བྱའི་མེ་ལོང་ཇི་བཞིན་དུ་ཤར་བའི།།
དད་གསུམ་སྤྱི་བོའི་གཙུག་གི་རྒྱལ་སྲས་ཀྱི་སེམས་དཔའ།།
རབ་མཛེས་གསེར་གྱི་མཁྱེན་རབ་སྒྲོ་གུར་དུ་བཞུགས་མཛོད།།
བདེན་པའི་སྙིང་ཞེན་དྲོད་མོའི་སྣོད་བཅུད་ཀྱི་ཁམས་ན།།
མཛད་བཟང་དགྱེས་འཛུམ་དཀར་པོའི་བརྩེ་སེམས་ཀྱི་ཀློང་ན།།
ཕན་བདེའི་སྟེགས་བུ་སྐྲུན་པའི་ཤེས་རིག་གི་གུར་ན།།
རིགས་དྲུག་འགྲོ་བ་སྐྱོབ་པའི་ངང་ཚུལ་དུ་བཞུགས་ཡོད།།
རླབས་ཆེན་མཛོད་དུ་གདམས་པའི་དངོས་གྲུབ་ཀྱི་འབྱུང་གནས།།
བསླབ་གསུམ་ངུར་སྨིག་འཛིན་པའི་ཐུབ་བསྟན་གྱི་སྲོག་ཤིང་།།
མ་ནོར་ལམ་བཟང་བཀོད་པའི་ས་ཆེན་གྱི་སེམས་དཔའ།།
ལྷ་གཅིག་འགྲོ་བའི་མགོན་པོ་ཁྱེད་རང་ཉིད་མཁྱེན་ནོ།།
གནས་གསུམ་དབེན་པའི་རི་ཡི་གར་སྟེགས་སུ་བྱོན་པའི།།
ཉེ་འཁོར་དག་པ་རྣམ་བརྒྱད་དཀྱིལ་དབུས་སུ་བཞུགས་པའི།།
སྤྲོས་བྲལ་མཚན་དཔེའི་སྙིང་བོའི་ཐིག་ལེ་རུ་བཞེངས་པའི།།
སྣང་སྲིད་དབྱངས་རྟའི་ཁྲོད་ཀྱི་སེམས་དཔའ་ཁྱེད་མཆོད་དོ།།
འཁོར་བ་དུག་སྦྲུལ་ཚང་གི་ཉེས་སྤྱོད་ཀྱི་གོམ་འགྲོས།།
དུས་ཀུན་སྙིགས་མའི་ཁམས་སུ་ཡང་ཡང་དུ་སྨིན་དུས།།
བསྔགས་བྱའི་ཕན་པའི་རོལ་བཅུད་ཆེས་ཆེར་དུ་གནང་མཁན།།
དུས་ཀུན་རྒྱལ་བ་ཀུན་གྱི་གཙུག་རྒྱན་ཁྱེད་རེད་དོ།།
རབ་མཛེས་པད་དཀར་ཆུན་པོའི་ཟེའུ་འབྲུ་ལ་རོལ་བའི།།
རྣམ་དཀར་སྐྱེ་དགུའི་ཀློང་ནས་མུན་པ་རང་བརྟོལ་མཁན།།
ས་བཅུའི་བང་རིམ་མཐོན་པོའི་ལྷུན་པོ་ལ་བསྙེག་མཁན།།
བརྩེ་བའི་སྐར་མདའ་འཕེན་པའི་དྲང་སྲོང་ཁྱེད་ཡིན་ནོ།།
དྲི་མེད་ལུང་རིགས་སྒྲ་རྔ་ས་ཆེན་ལ་ཁྱབ་པའི།།
བྱིན་རླབས་འབུམ་བརྩེགས་མཐུག་པོའི་འོད་སྣང་ལ་ཞོན་པའི།།
ཚངས་དབང་ལྷ་མོའི་འདོད་པའི་རྒྱུད་མངས་དང་འདྲེས་པའི།།
མི་ཕྱེད་དད་པའི་ཀློང་གི་སེམས་དཔའ་ཁྱེད་མཆོད་དོ།།
མཐོན་མཐིང་ནེའུ་གསིང་བཀྲ་བའི་རྩེ་དགའ་ཡི་གནས་ན།།
ཡིད་འོང་མཚན་དཔེ་ལང་ཚོ་མངོན་ཁྱད་དུ་འཕགས་ཤིང་།།
སེམས་ཀྱི་ནོར་བུའི་ཟླ་ཤེལ་ཞིང་ཁམས་སུ་བཀོད་དུས།།
སྨྲ་བསམ་བརྗོད་ལས་འདས་པའི་ངེས་འབྱུང་ཞིག་བསྐྱེད་འོང་།།
མ་བཅོས་ལྷུན་གྱིས་གྲུབ་པའི་ཞི་བ་ཡི་དབྱིངས་སུ།།
ཅི་ཡང་མངོན་མཁས་འདོད་ཡོན་དབང་ངོ་ལ་འཁྱུད་དུས།།
དོན་གྱི་ཉམས་རྟོགས་མོད་པོས་བྱིན་མཐུ་དང་བཅས་ཏེ།།
ཕ་རོལ་ལོག་སྨྲའི་དགག་པ་རྔམ་ཤུགས་ཀྱིས་འདུལ་བྱུང་།།
༢༠༡༥ ༠༩ ༠༢ དྷཱི་རོང་ཆོས་ཀྱི་ཞིང་ཁམས་སུ།
ཞུ་འཕྲིན་དད་པའི་མགྲིན་དབྱངས་ཞེས་བྱ་བ།
རྒྱལ་ཀུན་ཡེ་ཤེས་ཀྱི་ཐིག་ལེར་ཆགས་པའི༎
བསྟོད་པའི་སྤྲིན་ཕུང་གི་གུར་ན་བཞུགས་པའི༎
ཀྱེ་མ་མཛེས་སྡུག་གི་འཇའ་ཚོན་ཀློང་ན༎
མདངས་ལྡན་སྐུ་ཕུང་ལ་མཚན་དཔེ་འཕྲོ་འོ༎
དཀར་དཀར་མེ་ཏོག་གི་གསེང་ནས་སྐྱེས་པའི༎
སེམས་དཀར་འདི་ཕྱི་ཡི་ལམ་སྟོན་གཅིག་པུ༎
བདག་གི་ནམ་མཁའ་ལ་ཤར་བའི་ཉི་མ༎
སྙིང་གསེང་རུས་གསེང་ནས་དད་ཕྱག་འགྱིའོ༎
དུས་ཀྱི་སྤྲིན་ནག་གི་བར་མཚམས་བརྟོལ་བའི༎
གནས་དབེན་སྤང་ལྗང་གི་སྟེང་ན་བཞུགས་པའི༎
དཀའ་སྤྱད་སྡུག་རུས་ཀྱི་མཛད་པ་མངོན་ནས༎
ས་ཆེན་མུན་པ་ལ་ཉི་མ་བཏེགས་སོ༎
འཇམ་གཉེན་མེ་ཏོག་གི་བཅུད་ལ་རོལ་བའི༎
ཟེའུ་འབྲུའི་རྡུལ་ཕྲན་གྱི་ཉིང་ཁུ་བཞེས་པའི༎
ཕེབས་ན་ཞབས་རྗེས་ལ་མེ་ཏོག་བཀད་པའི༎
འགྲོ་བའི་མགོན་པོ་ཁྱེད་སྙིང་ནས་དྲན་ནོ༎
བ་སྤུའི་ཆ་ཤས་ལ་འོད་ཟེར་འཁྱུད་ཅིང་༎
ཚོགས་གཉིས་ལང་ཚོ་ཡི་རིན་ཆེན་དོ་ཤལ༎
མངོན་འདོད་སོ་སྐྱེས་ཀྱི་དབང་ངོར་སྣང་དུས༎
ངེས་འབྱུང་སྤྲིན་དཀར་གྱི་བླ་བྲེ་འཐོར་འགྲོ༎
ཁྱད་འཕགས་ཤེས་བྱ་ཡི་གཏིང་མཐའ་མཁྱེན་པའི།།
སྙན་རྒྱུད་ཐུགས་རྗེ་ཡིས་ཕན་བདེ་གཡོ་བའི།
སྲིད་གཞི་གདུང་བ་ཡི་མེ་ལྕེ་གསོད་པའི༎
བྱིན་རླབས་བུམ་བཟང་གི་ཆུ་ཕྲན་འཁྲིགས་འཁྲིགས
རྨ་བྱའི་སྒྲོ་འདབ་ཀྱི་མཛེས་ཆས་མ་སྤྲས༎
ནོར་བུའི་མགུལ་རྒྱན་གྱིས་སྒེག་པ་མ་བཏང་༎
མི་བཟོད་མཁྱེན་པ་ཡི་སྣང་བ་འཕྲོ་དུས༎
འགྲོ་འདིའི་སྙིང་ཁ་ལ་སིམ་སིམ་ཆགས་ཡོད༎
དམ་ཆོས་བདུད་རྩི་ཡི་རྟེན་སྐལ་ཐུགས་རྗེས༎
ཉིན་བཞིན་ན་རྒ་ཡི་མྱོང་བ་སེལ་ཞིང་༎
སྐྱིལ་ཀྲུང་སྒོམ་པ་ཡི་བཏང་སྙོམས་ཁམས་སུ༎
ཡང་དག་ཀོ་ཏ་མས་རྨོངས་པ་བཅད་ཡོད༎
རང་མདངས་ཟླ་ཤེལ་གྱི་ཉམས་རྟོགས་མཐའ་བྲལ༎
བྱམས་བརྩེ་ལྗོན་པ་ཡི་འདབ་ལོ་ལྕུག་ཕྲན།།
རླབས་ཆེན་ལྷག་བསམ་གྱི་མཐོང་བའི་ངོས་སུ༎
ཡང་དག་ཚད་མ་ཡིས་སྒྲུབ་ནས་ཐོན་ཡོད།།
2015 09 22 དྷཱིཿཚ།
༈ དཔྱིད་དཔལ་བསུ་བའི་མགྲིན་དབྱངས།
ནོར་འཛིན་བུ་མོའི་གཞོན་ལུས་སྟངས་སྟབས་འདོད་རྒུར་སྲིད་པའི་ཁམས་སུ་རྩེན༎
དགྱེས་ཞལ་ཟླ་རྒྱས་མཛེས་སྡུག་དཔལ་གྱིས་མངོན་འཕྲོག་སེམས་པ་སྨྲེང་བར་བྱེད༎
དྲི་གཞོན་མངར་མོའི་ཡིད་འགུག་ནུས་ལྡན་ཚང་ཚིང་ནགས་ཀྱི་རྒྱན་སྤྲས་ཅན༎
ཀྱེ་མ་འཁོར་བའི་གནས་ལ་ཕེབས་དང་སྙན་འཇེབས་སྒྲ་དབྱངས་འདོད་མགུར་བསྩོལ༎
སུམ་ཉིས་འཛིན་མའི་འབྱུང་བཅུད་དངོས་གྲུབ་སྙིང་དུ་འཐུངས་པའི་འཇོ་སྒེག་ཅན༎
ལྗང་མྱུག་སྣེ་མོའི་རྩེ་ལ་བུད་ནས་སྤྱན་གཉིས་ལྡེབས་ཀྱིན་འཁོར་བར་ལྟ༎
དེ་རིང་འགྲོགས་པའི་རྒྱུས་མེད་མེ་ལོང་ལན་གཅིག་ཉིད་དུ་གཟིགས་པ་ན༎
འཇམ་གཉེན་སྐྲ་ལོའི་ཉག་མ་རེ་ཡི་སྤྲོ་འཛུམ་མེ་ཏོག་གནམ་ལ་འཕུར༎
རི་ལུང་བསིལ་མོའི་ནགས་ལྗོངས་ཀློང་ན་གཡོ་མེད་ཆུ་འཛིན་རླུང་གིས་འདེད༎
རྦབ་ཆུའི་ཤག་སྒྲའི་འཕོ་འགྱུར་ཁྲོད་ཀྱི་བྲག་ངོས་རྩྭ་ལྗང་ཟིལ་བས་བཟུང་༎
པིར་རྩེས་མ་བརྟོལ་མངར་གསུམ་འདོད་འཇོའི་བཅུད་ཀྱི་དྭངས་མ་འཁྱིལ་བའི་གནས༎
ཡིད་འཕྲོག་སྙན་པའི་འདབ་ཆགས་མགྲིན་གླུ་དབང་མེད་སེམས་ཀྱི་གསོས་སུ་གྱུར༎
པད་དཀར་དང་མཚུངས་ཁྱོད་ཀྱི་མཛེས་ལས་འགྲོ་རྣམས་དགའ་བའི་དཔལ་ལ་སྤྲོ༎
ཀུན་གྱི་ཡིད་ངག་འཕྲོག་པའི་མཚར་སྡུག་སྐྱ་རེངས་གསར་བའི་མགྲོན་ལ་ཞུ༎
འཇམ་པོའི་དམར་སེར་མཚམས་སྤྲིན་བདེ་བས་སེམས་ཀྱི་དགའ་བ་བསྐྱེད་བྱེད་མཁན༎
ཀྱེ་མ་དཔྱིད་དཔལ་བསུ་བའི་སྙན་འཇེབས་མཛེས་བྱེད་རྒྱན་འདི་མིན་ནམ་གང་༎
སྣང་བའི་བདུད་རྩིའི་བཅུད་ཀྱི་དགེ་ལེགས་ངོ་མཚར་གངས་ཀྱི་ཕུགས་སུ་འཁྱིལ༎
རྣམ་རྟོག་མཚོན་གྱི་སྡེབས་ཁ་མ་དྲངས་རྟེན་འབྲེལ་འཇམ་པོས་ཡོངས་སུ་གྲུབ༎
ཟླ་མེད་རོལ་མཚོའི་མཐུ་དཔུང་ཐིག་རྒྱུན་འཛིན་མའི་ཁྱོན་ལ་ལེགས་དྲངས་ཚེ༎
རྨོངས་པ་སྡུག་པོའི་བྱ་བྱིའུའི་ཚོགས་ཀྱང་ལྷ་ཏལམ་ངོས་སུ་མཛེས་པས་བསྐྱོད༎
སྦྲང་ཆར་བསིལ་མའི་བརྩེ་སེམས་ཚལ་གྱིས་སྣོད་བཅུད་དགེ་བའི་ས་བོན་བསྣོལ༎
རྫོགས་མེད་སེམས་ཀྱི་དར་དཀར་ཡོལ་བས་དཔྱིད་དཔལ་མཁའ་དབྱིངས་གར་དུ་བསྒྲིགས།།
སྣ་བརྒྱའི་མེ་ཏོག་སྤང་ལྗོངས་ངོས་སུ་མཛེས་པར་བཤམས་འདྲའི་ཞེ་འདོད་གར༎
འཕྲལ་ཡུན་ཀུན་ཏུ་རྟག་བརྟན་ལྡན་པའི་མཛའ་བརྩེ་ཕྱི་ཐག་སྙིང་ནས་ཞུ།།
ཀྱེ་མ་ཀྱེ་ཧུད་རྟོག་འཆར་སྣང་བའི་ལོ་ཟླའི་རི་མོ་སེམས་ལ་བྲིས༎
སྒྱུ་མའི་གར་དང་དྲན་ཚོར་དབྱངས་རྟའི་རྒྱུད་དྲུག་པི་ལྦང་སྙིང་ནས་དཀྲོལ༎
དགའ་སྐྱོ་ཡིད་ཀྱི་མེ་ཏོག་འཐུ་བའི་འཇིག་རྟེན་སྣང་བ་དཔྱིད་ཀྱི་དུས༎
སྲིད་པའི་ལྷ་མོའི་འཛུམ་ལས་ལྷག་པའི་དུངས་ཞེན་སྙོམས་འཇུག་དྲག་ཏུ་མཆོང་༎
ལྷུང་ལྷུང་བཞུར་བའི་དཔྱིད་དཔལ་རྫ་ཆུ་དྲན་གདུང་སྟོང་གི་ཁམས་སུ་འཁྱིལ༎
དབྱིངས་ནས་འཕུར་བའི་ཆུ་འཛིན་དཀར་པོ་ལང་ཚོའི་དཔལ་གྱིས་ཡོངས་སུ་ཕྱེས༎
རིང་ནས་འདྲིས་ཤིང་སེམས་སུ་བཅིངས་པའི་ཞེན་ཆགས་སྤུ་ལོང་ཁྲོད་ཀྱི་ཁྱེད༎
སེམས་སུ་བབས་པའི་ཟིལ་བ་དྭངས་མོའི་ན་བུན་གྱོན་པའི་གར་སྟབས་སོ༎
ཕུན་སུམ་ཚོགས་པའི་དཔྱིད་ཀྱི་དུས་སྟོན་དྭངས་གསལ་ལྷ་ལམ་ངོས་སུ་འཇོ༎
ཚར་དུ་དངར་བའི་མཛེས་ལྡན་གཞོན་ནུའི་ཉམས་དགའི་སྐྱེད་ཚལ་འཛུམ་གྱིས་བཞད༎
སཱ་ལའི་ལྗོན་བཟང་བསུང་ཞིམ་དྲི་མས་སྨིན་ལེགས་པད་མའི་ལང་ཚོ་མྱོས༎
སྙན་འཇེབས་རོལ་མོའི་བག་ཡངས་རྩེ་དགས་གྲངས་མེད་སྐྱེ་བོ་ཡོངས་སུ་བཟི༎
༈ ཚངས་སྲས་དགྱེས་པའི་རྒྱུད་མངས།
ཚངས་པའི་སྲས་ཀྱི་གསེར་སྐུད་ཀྱི་རྒྱུད་དྲུག།
ཡང་ཡང་དཀྲོལ་བའི་སྙན་འཇེབས་དང་ལྡན་བྱུང་༎
སྔོན་མེད་གྲེ་འགྱུར་དབྱངས་སྙན་གྱི་བང་རྩལ༎
འདི་དང་འདི་ལས་གཞན་དག་ལས་མ་རྙེད༎
ཞུ་བྱེད་ངག་གི་འགྱུར་ཁུགས་ལ་བཏེགས་ནས༎
དགའ་བ་མགུ་བའི་འཁྲི་ཤིང་ལ་ཞོན་ནས༎
བདེ་འབྱུང་བཀོད་པའི་ཞིང་ཁམས་སུ་འགྲིམ་ནས༎
ཚངས་པའི་སྲས་ལ་འཛུམ་ཆུང་ཞིག་སྟོན་འདོད༎
སེམས་ལ་འཕོས་བའི་དགོས་འདོད་ཀྱི་མེ་ཏོག།
འཛུམ་པའི་འོད་སྟོང་རྩེ་དགའི་ངང་གྲོལ་དུས༎
ཀུ་མུད་ཚལ་གྱི་ནོར་བུ་ལས་ལྷག་པའི༎
བྲེལ་བའི་དགའ་བ་འབུམ་ལྡན་གྱིས་ལྟེམས་འདྲ༎
བསུང་ཞིམ་འཐུལ་བའི་དྲི་གཞོན་གྱི་སྐྱེད་ཚལ༎
ཅི་དགར་འཕུར་བའི་རྐང་དྲུག་གིས་རེག་དུས༎
མཛའ་བཅུགས་འཁྱུད་པའི་ཟེའུ་འབྲུ་ཡི་རྡུལ་ཕྲན༎
སྙིང་ལ་སིམ་པའི་བདེ་དགའ་ཡིས་བཟི་བྱུང་༎
འཛུམ་ལྡན་གཞོན་ནུའི་ཟག་མེད་ཀྱི་སྦྲང་རྩིས༎
ངལ་བ་མ་ལུས་གཏན་བྲལ་བར་འགྱེད་ནས༎
མགྲིན་པའི་དབྱངས་ལ་ལྷུན་ཆགས་ཀྱི་ང་རོས༎
ཡིད་ཀྱི་དམུ་རྒོད་མེ་ཏོག་མདས་བཅོམ་སོང་༎
ཚངས་བའི་སྲས་ཀྱི་དབྱངས་རིག་གི་པདྨ༎
འདེགས་པའི་དབྱངས་སུ་མཛེས་སྡུག་གིས་འདར་དུས༎
སྒོ་འཕར་ཡངས་པོའི་རྒྱལ་རྣམས་ཀྱི་ཡིད་ཀྱང་༎
ཕྱོགས་དང་ཕྱོགས་སུ་འཁྱར་འཁྱོར་གྱིས་བཏང་འདྲ༎
འཆི་མེད་དགྱེས་པའི་འདོད་རིག་གི་ཕྱག་ཆས༎
མི་ཕྱེད་དད་པའི་ལྦུ་ཕྲེང་ཉིད་འཁྲིགས་སྟེ༎
འཛིན་མའི་འབྱུང་བཅུད་དངོས་གྲུབ་ཀྱིས་འཕེལ་བཞིན༎
ལྷུན་གྲུབ་ནམ་མཁར་སྤྲིན་དཀར་ཀྱང་བཤམས་འདྲ༎
འཇོ་བའི་སྦྲང་ཆར་རྩིབས་སྟོང་གི་འཁོར་ལོར༎
ཞབས་སེན་མུ་ཏིག་འོད་ཟེར་ཉིད་འཕོས་ན༎
མི་ཕྱེད་ཡིད་ཀྱི་མཛེས་སྡུག་གི་སྒྲོ་ཐུལ༎
བསམ་པའི་དབྱིངས་ནས་སྣང་བ་ཡིས་བཤམས་ཡོད༎
སྙིང་བོར་འཁྱིལ་བའི་བྱིན་རླབས་ཀྱི་རླབས་ཕྲེང་༎
བདེན་པར་འཁྲིགས་པའི་གསེར་མཚོ་ཡི་ཚལ་དུ༎
འཕྲལ་ཡུན་ཀུན་ཏུ་ཞབས་ཟུང་རང་འཁོད་ན༎
གངས་དཀར་ལྷུན་པོའི་ཆབ་རྒྱུན་ལས་ལྷག་གོ༎
རབ་མཛེས་མེ་ཏོག་ཨུཏྤལ་གྱི་གཞོན་ནུ༎
ཚངས་རྣམས་དགྱེས་པའི་ཆུ་འཛིན་གྱི་གུར་དུ༎
མཛེས་པའི་རྣམ་པས་སེམས་བྱུང་དག་བཟུང་ནས༎
ས་གསུམ་འཛིན་མར་རིན་ཆེན་ལས་ལྷག་བྱས༎
ལེགས་པའི་ཆོས་ཚལ་ངང་ངང་གིས་འཕྲོ་དུས༎
མཁྱེན་པའི་དཔྱིད་ཀྱི་ཀུ་མུད་དའི་དྲི་བསུང་༎
སྲིད་ཞིའི་ཁམས་སུ་བདེ་བའི་ངང་འཐུལ་ནས༎
ཚུར་མཐོང་རྐང་དྲུག་ངལ་བ་དེ་སེལ་བྱུང་༎
འཇའ་རིས་ཚོན་གྱི་མེ་ཏོག་གི་ལྡིང་ཁང་༎
ངལ་མེད་དབེན་པའི་རང་བཞིན་དུ་གཡོ་དུས༎
ཚངས་པའི་སྲས་དང་སྲས་མོ་ཡི་མངོན་དགའ༎
བུང་བའི་གཟུགས་སུ་རྣམ་ཀུན་ཏུ་སྤྲུལ་འདྲ༎
༢༠༡༥ ༠༧ ༠༡ ཉིན།
༈ ཡིག་འབྲུ་ཆ་ཆའི་བདེན་གཏམ།
མཁར་བསྟར་གཡང་ཡིག་གི་མུ་ཏིག་འོད་ཆེམ་ཆེམ།།
བདག་སེམས་མཛེས་སྡུག་གི་སྣང་བ་དྲོད་ལེམ་ལེམ།།
མ་བཅོས་རྟེན་འབྲེལ་གྱི་རང་གཤིས་འཇམ་དབེན་དབེན།
མཆོད་པའི་ལྷ་མདུན་གྱི་མེ་ལོང་དཀར་ཡུག་ཡུག།
སྤུ་རྩེའི་ངེས་འབྱུང་གི་བློ་སེམས་གཅིག་སྒྲིམ་སྒྲིམ།།
དུས་ཀུན་འཁོར་བ་ཡི་འདོད་པ་རྒྱ་ཆེ་ཆེ།།
གནང་ཆོག་ལྷ་མཆོག་གི་བདུད་རྩི་བཙན་ཁ་ཁ།།
དཀྲོལ་ཆོག་དབྱངས་ཅན་གྱི་པི་ཝང་སྙན་ལྷང་ལྷང་།།
བྲིས་ཆོག་སྒེག་ཉམས་ཀྱི་ལྷ་མོ་སྣུམ་ཤིག་ཤིག།
མི་ཕྲིས་རང་བྱུང་གི་འདོད་པ་སྐྱ་ཐིང་ཐིང་།།
བླངས་ཆོག་འཁོར་བ་ཡི་དབྱངས་གསལ་འདར་ལྕུག་ལྕུག།
འདས་པའི་རྨི་ལམ་གྱི་ཡོལ་བ་དཀར་ནག་ནག།
བསྐྱོད་ཆོག་བདག་སེམས་ཀྱི་ཐང་དཀར་གནག་ནེམ་ནེམ།།
ཡངས་པའི་མི་ཡུལ་གྱི་གཏམ་འདི་ཨེ་མཚར་མཚར།།
ལན་གཅིག་ཚིག་བཅད་དུ་བྲིས་ན་སྐྱོ་ལྷང་ལྷང་།།
སོང་ཤུལ་སྲིད་པ་ཡི་ལམ་བུ་ཆུང་དོག་དོག།
མདོར་ན་ཚེ་རབས་འདིའི་སེམས་པ་རྩྭ་བསྐྱོད་བསྐྱོད།།
གར་འགྲོ་གང་འདུག་ཀྱང་མེད་པས་ཆུ་བཞུར་བཞུར།།
ཁེར་རྐྱང་འཚོ་བ་ཡི་དབྱིངས་སུ་རྡུལ་འཁྲིགས་འཁྲིགས།།
སྐྱེ་འཆིིའི་དངངས་འདར་གྱི་ངོ་གདོང་གར་འཁྲབ་འཁྲབ།།
གཞན་དང་གཞན་དག་གིས་བལྟས་ན་དགོད་སྤྲོ་སྤྲོ།།
རང་དང་རང་ཉིད་ཀྱིས་བསམ་ན་ཡིད་ཕམ་ཕམ།།
མཐའ་བྲལ་བདེན་རྫུན་གྱི་འཛུམ་མདངས་ཚང་བརྡོལ་བརྡོལ།།
གཞུ་བྱའི་ཆགས་སྡང་གི་མཚོན་ཆ་ཁངས་འབབ་འབབ།།
འཇིགས་རུང་སྲིད་པ་ཡི་འཁོར་ཡུག་སྐྱུར་སོབ་སོབ།།
བསམ་མེད་བྱིས་པ་བཞིན་འདུར་ན་གློག་འཁྱུག་འཁྱུག།
རེ་ཡོད་རེ་མེད་ཀྱི་ངང་ཚུལ་སྣང་བན་བུན།།
འཆར་སྣང་ཟླུམ་བུ་ཡི་དཀྱིལ་འཁོར་འོད་འཆར་འཆར།།
མི་གཙང་དམ་ཚིག་གི་ལུས་ངག་སྤྲིན་འཐིབས་འཐིབས།།
བསྟན་འཛིན་སྐྱེས་བུ་ཡི་ཚུལ་ཁྲིམས་གར་རྩེན་རྩེན།།
སྙིག་མའི་དན་རྟགས་ཀྱི་ངོ་མཚར་རླབས་འཕྱོ་འཕྱོ།།
2015 09 07 དྷཱིཿཚ།
༈ རི་ཁྲོད་ཀྱི་མཚན་མོ།
རང་དྭངས་ཟླ་བ་དཀར་པོའི་དགྱེས་འཛུམ་གྱིས༎
མཚན་གུང་རི་སྐྱེས་རྩྭི་ཤིང་ལྷོད་ཀྱིས་འཇགས༎
དབེན་པའི་ཆོས་ཀྱི་ངུར་སྨིག་རྣམ་རོལ་བའི༎
བློ་གསལ་བཙུན་ཆུང་དག་གི་ཆོས་སྐད་སྙན༎
མཁའ་བསྟར་སྐར་མའི་འོད་ཟེར་ཆེམ་ཆེམ་འཕྲོ༎
དྲི་བྲལ་དྭངས་གསལ་རླུང་བུ་ཡངས་པར་ལྡིང་༎
ག་ལེར་གཟིགས་དང་སྣང་བའི་རི་གྲོང་འདིར༎
ཆོས་ཀྱི་གཏེར་ཤོག་མངོན་གསལ་མཁའ་ན་འཕུར༎
ཞི་བའི་ཁམས་འདིར་ས་གཞིའི་རྡུལ་དག་ཅིང་༎
མ་ཡལ་བྱིན་རླབས་དྲོད་མོའི་རྔམ་ཤུགས་འཁྱིལ༎
འོད་ཀྱི་སྒྲོན་མེ་ཆུང་ཆུང་ཟེར་མས་ཀྱང་༎
བདག་གི་དུས་གསུམ་ནམ་མཁའ་ཡངས་པར་ཕྱེས༎
མཚན་གྱི་རང་ཉིད་སྒེའུ་ཁུང་ངོགས་ནས་བཅེར༎
དྲན་པའི་ཞལ་རས་ཟླ་བའི་ངོགས་སུ་སྒོམ༎
སྙིང་གི་མིག་ཆུ་སྤྲིན་པའི་གསེང་དུ་གཏོར༎
ཁེར་རྐྱང་རྣམ་ཤེས་རླུང་བུའི་གཤོག་པར་འཇུས༎
མཛེས་སྡུག་མི་ཟད་རྨ་ཀླུང་དལ་གྱིས་འབབ༎
ཞེན་པས་མདུད་དེ་རེ་བས་ཡོངས་སུ་བཅིངས༎
མཚན་གྱི་རྣམ་ཀུན་སྣང་བའི་ས་འཛིན་འདིར༎
ཆོས་ཀྱི་བཀའ་ཡིག་སྤྲིན་གྱི་རྔ་སྒྲར་འདྲེས༎
སྐྱོ་བའི་སྣང་བ་རི་བོའི་སུལ་དུ་ཕྱིན༎
རེ་སྒུག་རྨི་ལམ་སྐར་མའི་སྐེད་དུ་བཏེགས༎
ལྷིང་འཇགས་དྲན་པའི་དབེན་འཇེབས་གྲྭ་ཤག་ཏུ༎
ཁྱེད་ཀྱི་དགག་གཞིའི་ཚེར་མ་སྙིང་དུ་སྡུག།
རབ་རིབ་སྐྱོ་བ་ང་ཡི་ནམ་མཁར་འཆར༎
འབྲུག་གི་ངུ་སྒྲས་སྡུག་གི་སྣང་བ་བསླངས༎
རྨི་ལམ་ནང་གི་སྣང་བའི་སྣང་བ་ལ༎
ས་ནས་བཀད་པའི་མེ་ཏོག་ཡང་ཡང་ངུ་༎
མིག་ཟུང་ཀེམ་ཀེམ་བརྩེ་བའི་རི་བོར་འཁྱུད༎
རྨི་ལམ་ངོས་ཀྱི་རི་མོར་སྣང་བ་ཞེན༎
འབྲེལ་ཐག་སྐུད་པའི་ལམ་བུ་ཆུང་ཆུང་ལ༎
འཕྲིན་པ་དམར་པོའི་དོ་ཤལ་ཡང་ཡང་གཏོར༎
ངས་ནི་རྣམ་ཀུན་སྨྲེང་བའི་པིར་ཁས་བྲིས༎
ཁེར་རྐྱང་རྨི་ལམ་སྙིང་དུ་སྐུད་པས་བཙེམ༎
དྲན་ཤེས་སྤོབས་པས་བཟོས་པའི་སྣང་བ་ལ༎
ཁྱེད་ནི་ལོ་མའི་མཐིལ་གྱི་འབྲུ་རྡོག་གཅིག།
མདོག་མེད་འཚོ་བའི་མེ་ལོང་ཁྲོད་ཀྱི་ང་།།
ཞི་བའི་དབྱངས་ཡིག་གྱེེར་བའི་མཚན་གུང་འདིར།།
རས་གཟན་སྣེ་མོ་ཟད་པའི་གཏམ་རྒྱུད་ཅིག།
དུས་གསུམ་སྨུག་ཞགས་འཕྱུར་བའི་ངོས་སུ་བཏབ༎
དམར་པོ་རི་ནས་འཕུར་བའི་རྨི་ལམ་དེ།།
ཨ་ཡིག་སེར་པོའི་སྟེང་དུ་སིམ་ཙ་ན༎
སྔོ་སེར་དམར་ལྗང་ཀློང་གི་སྲིད་པའི་སེམས༎
སྐམ་ཞིང་རུལ་བའི་ལྗོངས་སུ་ཡར་ལ་འཕེལ༎
ཚུར་མཐོང་སྐྱེ་བོས་མི་མཐོང་གདོང་གི་རྡུལ༎
དུས་རྒྱུན་རབ་རིབ་ཕྱི་ནང་བར་དུ་སིམ༎
སྣང་བའི་ཉག་ཁ་ཟད་པོའི་བར་མཚམས་སུ༎
སེར་ལེར་གསལ་བའི་ཉི་མ་རེ་བས་སྒུག།
གྱང་ལྡེབས་ཕར་ནང་བརྒལ་བའི་དྲན་འཆར་འདིས༎
སྣང་བའི་བ་སྤུའི་གསེང་དུ་མུ་ཏིག་ལྷེང་༎
སེམས་པའི་སྤུབས་ཀྱི་སྡུག་གུ་ཆུང་ཆུང་ལ༎
ཨེན་ཙམ་སྤྲོ་བའི་འཛུམ་རིས་ཡང་ཡང་དམུལ༎