འཇིགས་མེད་བཤད་པ།
ཤིན་ཏུ་གྲང་ལྷགས་ཚ་བའི་དགུན་ཟླ་རིང་མོ། །
དེ་ཡི་འོག་ཏུ་མྱུལ་བའི་འགྲོ་བ་སེམས་ཅན། །
དེ་དང་ཆ་འཇོག་བྲལ་བའི་བདག་གི་ཆགས་སྲེད།།
དེ་དང་མཚུངས་པ་མེད་པའི་བྱམས་པ་སྙིང་རྗེ། །
དེ་དང་འགལ་བ་མེད་པའི་བྱ་དངོས་ཙག་ཙིག །
དེ་དང་འུབ་ཀྱིས་བསྡུས་ན་འཁོར་བ་ཞེས་པ། །
རི་བསིལ་སྒོང་ངའི་གསེང་གི་མལ་ཁྲི་འདི་ཡིན། །
དེ་དང་ཉེ་བར་བཞག་པའི་བདག་མེད་རྟ་ཁྱུ། །
དེ་ལ་གདོང་ཀ་རྒྱག་པའི་ལུས་པོའི་འཁྲུག་སྤྱོད། །
དེ་དང་འབྲེལ་བ་མེད་པའི་ལམ་གྱི་དངུལ་ལོ། །
དེ་དང་ལྟོས་པ་མེད་པའི་ལྔ་བའི་རྫོགས་ལམ། །
དེ་དང་གཅིག་པོ་མེད་པའི་སྐྱེ་བ་ད་དངོས། །
ལན་གཅིག་སྙན་ངག་ནང་གི་ཡི་གེ་བརྒྱ་པས། །
ཧྲིལ་གྱིས་བཤད་པ་བཤད་དེ་ལོ་སར་བྲིས་སོ།།
2016/ 02/ 08ཐོལ་གྱིས་བྲིས།
སྐད་ཆ་འཕར་མ།
ཕ་གའི་སྒང་ནས་ཁུར་བའི་སྤྱང་ཟམ་དེ།།
ནུབ་ཀྱི་འོག་ལ་འཐེན་པའི་དར་ཡུག་དེ། །
ཆུ་སྣ་མང་དུ་འདུས་པའི་སུམ་མདོ་དེ། །
ང་ཡི་ཀླད་ཁྲག་དམར་པོ་ཝུ་བཞིན་སོབ།།
ང་ཡི་སྒྱིད་ཤ་ལེབ་མོ་གཟེར་མྱིག་ཕུད།།
ང་ནི་སྔོན་ནས་ཐོན་ཏེ་སྔོན་ནས་འགྲན།།
གྲལ་གྱི་གོལ་ས་འཁྲུག་སྟེ་ཆ་ལང་རྡེབ།།
རྩི་ཡི་མེ་ཏོག་རྣམས་ནི་ཆག་ཆག་བཏང་།།
ལམ་གྱི་དེའུ་འབུར་རི་ནས་རོ་ལངས་རྒྱག།
ལམ་གྱི་ཉག་ག་དེ་ནས་བླ་ཡང་གསོས། །
བར་དུ་སྤྲིན་པའི་ཚོགས་ནི་ཁ་ཤ་ཐམ།།
ང་ཡི་ཁང་མགོར་གྲེ་འགྱུར་ཐ་ལ་སྒྲོག །
གནམ་ནི་རུབ་ཅིང་བྱེ་མའི་རྡུལ་ཡང་ཟག།
རླུང་གི་ལྡང་མཚམས་མིག་གི་ས་ཡང་རྐོས།།
དེ་དང་འཚང་ཁ་ཉི་ལེར་བར་སྣང་གཏོལ།།
ངས་ནི་གོམ་པ་ལེན་བཞིན་རྣ་རྩ་འཕྲུག །
ཆུ་བོའི་རྒྱབ་ཀྱི་བསིལ་མའི་དངོས་གྲུབ་དྲན།།
རི་ཚོགས་གམ་གྱི་རྟ་ཐོག་ཕ་བང་སྒོམ། །
འཁོར་བའི་ཕྱི་མོ་ཉན་ཐོས་དགྲ་བཅོམ་ཡང་།།
ང་ནི་ཕར་ཕྱིནད་དྲུག་མའི་གཡང་དུ་འཕེན།།
བར་སྐབས་ཤིག་གི་སྐྱོ་ངལ།
བསམ་པའི་རི་རྩེར་ནམ་ཡང་ཆུ་ཟླ་འཁོར། །
སྐྱོ་བ་དེ་ལ་འཁོར་བའི་དཔེ་འཇོག་མེད། །
ཡིད་ཀྱི་ཉིན་སྲིབ་རྟག་ཏུ་དགུན་ཁ་ཚེས། །
སེམས་གཅོང་དེ་ལ་ཨེམ་ཆི་ཡོད་རབས་མེད། །
༢༠༡༥།༡༢།༠༡། ཧོས་པེ་ནས་བྲིས།
གོ་ལྡོག་པའི་ཉི་མ།
ལ་མོའི་རྒྱབ་ཏུ་སེམས་ཀྱི་སྟོན་ཁ་མཐོང་། །
དེ་ཡི་མོད་ལ་ཁ་བ་ག་ལེར་འཚུབ། །
བདག་ནི་ཉི་མ་རེ་རེར་སྙན་ངག་བྲིས། །
གདོང་ག་འདི་ལ་རྨི་ལམ་ཤེད་ཀྱིས་འཚང་། །
༢༠༡༥།༡༡།༣༠ ཧོས་པེ་ནས།
མིང་མེད།
གཅེར་བུ་ཐང་ལ་བུད་པ། །
ཚེར་མའི་མེ་ཏོག་རེད་འགྲོ། །
ཕྱེ་ལེབ་མིག་ཆུ་ཕུད་ཙམ། །
ལྕམ་མོའི་འོ་ཁ་སྲིང་ཙམ། །
ནང་ལ་ལྕེབ་པ་མེད་ཀྱང་། །
དཀར་ལམ་མེ་ལ་ཟགས་འོང་། །
སྒྲོལ་མས་ནང་ཆང་ཁུར་ཤོག །
ང་ཡི་རྨི་ལམ་དལ་འགྲོ།།
ཁྲིན་ཏུའུ་ཡི་གཉིད་ལབ།
གྲོང་ཁྱེར་ཞེས་པ་རྣམ་པར་རྒྱལ་བ་དེ། །
འཁོར་བའི་མཛེས་པ་ལོངས་སུ་སྤྱད་བྱར་རྟོགས། །
མཛེས་མ་དེ་ཡང་གྲོང་གི་རི་དྭགས་ཏེ། །
བག་ཙམ་འཛུམ་མུར་ཁྲོད་ནས་སེམས་ངོགས་སྟོན། །
༢༠༡༢།༡༡།༢༦། ཁྲིན་ཏུའུ་ནས།
བབ་ཅོལ།
རྨི་ལམ་གྱི་གཏིང་སོ་ཆད་དེ། །
མཛེས་སྡུག་གི་རལ་བ་བསིགས་ཏེ། །
ངམ་ནག་གི་སྤུ་གྲི་སྟུག་སྟུག །
མཚན་ལམ་གྱི་གཤོག་པ་གཅོད་དམ། །
དཀར་ནག་གི་འཇའ་རིས་མོག་པོ། །
མུན་གླིང་གི་འདྲེ་སོ་རྣོ་པོ། །
རླུང་ནག་གི་གཤེད་མ་ཅོ་རིང་། །
ཁེར་རྐྱང་གི་གློ་གྲི་ཟུངས་དང་། །
ཆུ་བོ་འདིའི་བཞུར་སྒྲ་དེ་ཅི། །
བྱ་བྱེའུ་འདིའི་གནས་ཚང་གང་ཅི། །
ཁོ་བོ་འདིའི་གྲིས་རིས་དེ་གང་། །
ཡོད་ཚད་ལ་དམར་གསོད་བྱོས་དང་། །
མགོ་བོ་དེ་གནའ་ནས་བྲེག་ཚར། །
སྐྲ་ལོ་དེ་ལོ་ཟླས་འཆོས་ཟིན། །
རབ་མེད་ཀྱི་བྱང་ཁོག་སྟོད་དུ། །
མཆོད་ཆང་གི་གཡའ་མོ་སྒུག་ཆོག །
ཚོགས་ཞིང་གི་ལྷ་མོ་ཉེར་གཅིག །
རོ་སྒྲུང་གི་བདུད་མོ་ཉེར་བདུན། །
ང་རུས་ཀྱི་མི་མོ་ཞེ་བདུན། །
དམར་ཁྲག་གི་གཏོར་མ་དབུལ་ཆོག །
སྲིད་ཁམས་འདི་བཟོ་བོ་ཁོ་ན། །
སོ་སྐྱེས་འདི་དམྱལ་བའི་མགྲོན་པོ། །
དབུགས་ལྡན་འདི་ལྷ་ཡི་རྐང་རྩེད། །
དག་སྣང་འདི་ཉལ་ཐ་སྐམ་པོ། །
བྱེ་རླུང་གི་འཇིགས་པ་ཞེས་ཀྱང་། །
འཁོར་བ་ཡི་མཛེས་སྡུག་ཟེར་ཡང་། །
ས་བཅུ་ཡི་ལམ་ལྔ་ཟེར་ཡང་། །
སོ་གཉིས་ཀྱི་འགྲམ་ཤ་གཉེར་འདྲ། །
ཡོད་ཚད་ནི་ཁྲམ་ཤིང་ངར་མ ། །
སྟོང་ཉིད་ནི་སྨིག་རྒྱུའི་འཇགས་མ། །
འུག་ཚང་གི་འཁོར་བ་སྐྱེས་པའི། །
ལང་ཚོ་འདི་ཅི་ཞིག་བྱུང་ངམ། །
གཟེར་རྒྱུག་འདི་རྩད་པ་བྱུང་སྟེ།།
ལས་སྐལ་འདི་ཆང་གིས་བཙོས་ཏེ།།
མི་ཚོགས་ནི་བ་ལང་སྤུན་གཉིས།།
ནམ་མཁའ་ནི་ཆུང་མར་ལེན་ནོ།།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱོའོ།།