བདའ་ཚང་སྙེམས་གྲོལ་གྱི་སྙན་ངག་ཕྱོགས་བསྒྲིགས་སྲིན་ཆུང་འཕོངས་ཀྱི་འོད་སྣང་།

1146




     གནམ་ལྕགས་འཁོར་ལོ།
 
བླ་མ་དྲན་ནས་སྐུ་ལུས་འདར་བ་དང་།།
སྤྱན་ཆབ་ཕྱུངས་ནས་ན་བཟའ་བོངས་ཙམ་བྱས།།
ཐུགས་རྒྱུན་མནན་ཀྱང་མི་ནོན་འཁྲུགས་པ་ཡི།།
དགེ་ལེགས་དཔལ་བ་ད་ལྟ་གང་དུ་བཞུགས།།
དཔལ་མགོན་ཞལ་བཞིས་རྗེས་ཀྱི་ར་མདའ་བྱས།།
གཤིན་རྗེ་གཤེད་ཀྱིས་མདུན་ནས་བསུ་མ་མཛད།།
རྗེ་ཡི་རང་ལུགས་བཙུན་པར་འཛིན་པ་ཡི།།
སེང་གེ་སྲབ་མེད་ད་ལྟ་གང་དུ་བཞུགས།།
བོ་དོང་ཆོས་རྗེ་ཕུགས་སོ་མེད་པར་གཏུགས།།
རོང་སྟོན་ཆོས་རྗེ་འོ་བརྒྱལ་དྲག་པོར་གཏད།།
ཆོས་རྗེ་གཡག་པར་སྨྲ་བཅད་རྒྱ་ཡང་བྱིན།།
གནམ་ལྕགས་འཁོར་ལོ་ད་ལྟ་གང་དུ་བཞུགས།།
མ་གི་འདུལ་བའི་རུང་ཆུ་འདེབས་པ་ནས།།
ཡ་གི་སྔགས་ཀྱི་སྤྲོས་མེད་མན་ཆད་དུ།།
མན་ངག་ཆེ་ཆུང་ཀུན་ལ་སྙིང་བཞིན་གཅེས།།
བསྟན་པའི་རྫི་བོ་ད་ལྟ་གང་དུ་བཞུགས།།
 
    རྗེ་སྒམ་པོ་བ་དྲན་པ།
 
བུ་དང་བུ་མོ་ཆུང་མ་དུར་དུ་བསྐྱལ།།
དོ་ཤི་དོ་ཆད་བྱས་ལ་ཕྱག་འཚལ་ལོ།།
འབྲེང་ལྕག་བཟུང་ནས་སྙིང་རྗེ་ཚད་མེད་འཁྲུངས།།
རྨོ་མཛོ་ཡན་པར་བཏང་ལ་ཕྱག་འཚལ་ལོ།།
དེ་ནས་གོང་བ་མེད་པའི་ཕྱ་རུ་གསོལ།།
དབུ་ལ་ཞྭ་མོ་སྣེ་རིང་ཞིག་ཀྱང་མནབས།།
གཏུར་བུ་ལྷུང་བཟེད་འཁར་གསིལ་བསྣམས་ནས་ཕེབས།།
བཀའ་གདམས་བཙུན་ཆུང་དེ་ལ་ཕྱག་འཚལ་ལོ།།
སྐུ་གཟུགས་རིད་ཅིང་སྐུ་ཤ་སྔོ་ཀྲང་ངེ་།།
རས་ཀྱི་ཨང་རག་ཧྲུལ་པོ་ཕྲག་པར་བཀལ།།
སྦ་འཁར་བེར་དབྱུག་བསྣམས་པའི་མིད་ལར་མཇལ།།
ཉམས་རྟོགས་ནམ་མཁའི་ཀློང་ལྟར་བརྡོལ་ལ་འདུད།།
མི་སྒྲ་ཁྱི་སྒྲ་དབེན་པའི་རི་ལ་བཞུགས།།
ངེས་འབྱུང་སྐྱོ་ཤས་གཉིས་ཀྱི་ལྕག་གིས་བསྐུལ།།
བྲག་གི་སྐྱིབས་ནས་སྒྲུབ་པའི་རྒྱལ་མཚན་ཚུགས།།
མཚན་གྱི་ཉི་ཟླ་བསྐལ་བར་འབྱམས་ལ་འདུད།།
ཉི་མ་ལྟ་བུའི་དྭགས་པོ་ལྷ་རྗེ་དྲན།།
བཀའ་ཕྱག་ཆུ་བོ་གཉིས་ཀྱི་འདྲེས་མདོ་དྲན།།
མཉམ་པ་མེད་པའི་ཟླ་འོད་གཞོན་ནུ་དྲན།།
དྭགས་པོའི་སྨན་ནག་སྦྱར་བའི་ལྷ་རྗེ་དྲན།།
 
 
ལམ་རིམ་ཆེན་མོ་བཀླགས་རྗེས་ཀྱི་འཆར་སྣང་འགའ།
 
ཀོ་སྐམ་པོ་ཆུ་ཡིས་བསྣེམས་པ་བཞིན།།
སེམས་གྱོང་ཧྲག་ཧྲག་འདི་མཉེད་ནུས་པའི།།
རྗེའི་ལམ་རིམ་ཆེན་མོ་ཡང་བསྐྱར་བཀླགས།།
རྒྱུད་ལང་ཤོར་བག་ལ་ཅུང་ཟད་ཕེབས།།
སེམས་རྒོད་པོ་གཡུང་ལ་ཅུང་ཟད་བབས།།
སྤྱིར་གངས་རིའི་ཁྲོད་ཀྱི་བསམ་གཏན་ཕལ།།
སེམས་ཐིབས་སེ་ཙམ་ལ་འབྱམས་པ་ལས།།
ཞི་གནས་དང་ལྷག་མཐོང་འགལ་བར་འཛིན།།
དེར་ལུང་དང་རིགས་པའི་མཛུབ་ཚུགས་ཀྱིས།།
སྐྱོན་དོང་སྤྲུགས་ལམ་རིམ་ཆེན་མོས་མཛད།།
མདོས་སྔགས་ཅ་འབྱིད་ཅིང་སྔགས་ཀྱིས་མདོ།།
ཆོས་འདུལ་བའི་ཁྲིམས་ཀྱིས་གསང་སྔགས་སྤོང་།།
ཡང་གསང་བ་སྔགས་ཀྱིས་འདུལ་བ་འདོར།།
ཕན་ཚུན་གྱིས་མེ་ཆུའི་འགལ་བ་འཁུར།།
འདིའི་གཟུ་ཡང་ལམ་རིམ་ཆེན་མོས་འདེབས།།
རྗེ་ཨ་ཏི་ཤ་ཡི་དགོངས་པའི་གནད།།
རྩྭ་ཀུ་ཤའི་རྩེ་བཞིན་མ་འདྲེས་ཤིང་།།
ལག་རྗེན་པའི་མཐིལ་གྱི་རྫས་བཞིན་བཀྲལ།།
ཕྲན་བློ་ཁ་དམའ་ཡང་གདེང་བྲོད་འཕེལ།།
ཚུལ་འདི་ཡང་ལམ་རིམ་ཆེན་མོས་བསྐྱེད།།
ཆུ་ཁ་གཏིང་གཉིས་ཀ་དྭངས་པ་བཞིན།།
སེམས་ཁ་གཏིང་གཉིས་ཀ་དྭངས་པ་ཡིས།།
རྗེའི་ལམ་རིམ་ཡང་ཡང་ཀློགས་པར་སྨོན།།
དོན་རྒྱུད་ལ་ཅུང་ཟད་འབྱོར་བར་སྨོན།།
རྒྱུད་ངན་པའང་ཅུང་ཟད་ཐུལ་བར་སྨོན།།
 
 
    ཁྱིམ་གྱི་སྙན་ངག
 
སྡོང་པོའི་ཡལ་གས་དུས་བཞིའི་ཁ་དོག་ལེན།།
སྲིན་བུའི་ལུས་ཀྱིས་སྐྱེ་འཆིའི་འཁོར་ལོ་བསྐོར།།
ཉི་མ་ཡང་འཆར་ཡང་ནུབ་ཉིན་མཚན་སྟོན།།
གྲིབ་སོ་ཡང་བསྲིངས་ཡང་བསྟུངས་སྔ་ཕྱིར་མཚོན།།
ཕ་མས་དབུ་ལ་སེ་མདའ་འཛིན་བཞིན་བཞུགས།།
ཕ་མའི་སྐུ་དྲིན་བསམས་ན་མཐའ་མེད་རེད།།
ཕ་མའི་སྐུ་ཚེ་བསམས་ན་མཐའ་ཡོད་རེད།།
ལས་དང་སྨོན་ལམ་བྲག་དང་ཤུག་པ་རེད།།
བྲག་གིས་སྲུབས་ཕྱེས་ཤིང་གིས་བྲག་སྲུབས་རྙེད།།
སྐྱིབས་ཆུང་གཅིག་ཉིད་བྱ་ཕྲན་གཉིས་ཀྱིས་རྙེད།།
གཉིས་ཀྱི་དྲོད་ཀྱིས་གསུམ་གྱིས་གསུང་དབྱངས་འབྱིན།།
མིག་གི་ལྕིབས་ནས་ཆུ་ཐིགས་འཛུམ་ཡང་སླ།།
སེམས་པའི་སྐྱིབས་ནས་བརྩེ་བ་འཕྱོ་ཡང་སླ།།
ཆུང་མ་མིག་མདངས་བཀོད་མའི་ཆུ་བཞིན་བསིལ།།
ལས་ཀྱི་བུ་ཆུང་ངུ་བཞིན་དགོད་བཞིན་འཚར།།
བཀླགས་པས་མི་ཟད་སྒྲུང་གི་རྒྱལ་པོ་འདྲ།།
 
 
    མོས་གུས་ཀྱི་འདར་ཡོམ།
 
ཕྱི་རུ་ན་བཟའི་མདངས་ཟད་ཐལ་མདོག་མངོན།།
ནང་དུ་ཉོན་མོངས་ཡུལ་བུད་བདེ་ཆེན་འབར།།
སྙིང་ལ་ཚེར་མའི་རེག་བྱས་ཁྱབ་པ་བཞིན།།
མཆི་མས་གང་བའི་ཡིད་ཀྱིས་གསོལ་བ་འདེབས།།
སེམས་ཀྱི་ཤའུས་བཟོད་པ་མེད་པར་འདུད།།
རྒྱ་མཐོངས་གྲིབ་མས་གཡོགས་པ་སླར་ཡང་གསལ།།
ཟླ་བ་ནུབ་རིར་ཡོལ་བ་སླར་ཡང་ཚེས།།
བླ་མ་ཞི་བར་མནལ་བ་སླར་ཡང་བྱོན།།
དགའ་དྲགས་སེམས་ཀྱི་སྤྲིན་གྱིས་ལང་ལོང་བྱེད།།
བརྣངས་དྲགས་མགྲིན་པའི་རྒྱུད་ཀྱིས་སྒྲ་མ་དྲོངས།།
སྐུ་ཡི་མྱུ་གུས་མཚན་དཔེའི་ལོ་འདབ་འཛིན།།
གསུང་གི་བྱིའུས་སྙན་འགྱུར་རོལ་མོ་འཐེན།།
ཐུགས་ཀྱི་ཀོ་མོག་སྙིང་རྗེའི་ཆབ་ཀྱིས་ཁེངས།།
དད་པ་རྩོལ་བ་མེད་པའི་ངང་ལ་སྐྱེས།།
དག་སྣང་རང་དབང་མེད་པའི་ངང་ལ་འབྱོངས།།
རང་སེམས་ཤེལ་གྱི་ཀ་བས་འོད་ཕྲོམ་མེ།།
མོས་གུས་གསེར་གྱི་ཁང་བ་ཕུབ་པའི་ཚེ།།
བྱིན་རླབས་མེ་ཡི་དྲོད་ཀྱིས་ཚ་ཕྱོང་ངེ་།།
སྡུག་བསྔལ་འཁྱག་པའི་སྣང་བ་ཞི་བར་ཤོག།
བདེ་སྟོང་ཡེ་ཤེས་དྲོད་ཀྱང་རྒྱས་པར་ཤོག།
 
        ཅེས་པ་འདི་ནི་གྲུབ་རྗེ་སྤོས་མདུད་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་
མཛད་པའི་གཏམ་བཟང་རྣ་བར་ལྷུང་བའི་ཚེ། དགའ་དྲགས་བརྣངས་དྲགས་པའི་ངང་ལ་
གང་གི་སློབ་མའི་གྲལ་མཐར་ཐ་ཆད་དུ་ལུས་པ་བདའ་ཚང་སྙེམས་གྲོལ་དུ་འབོད་པས་
ཤར་མར་བྲིས་པའོ།།
 
 
    བསྟོད་པ་རྔ་རྡུང་འདྲེ་ངུ་།
 
བདེ་གཤེགས་སྙིང་པོའི་ཡོན་ཏན་རང་ཆས་པ།།
ནས་ལ་མྱུ་གུའི་སྐྱེ་བྱེད་རྫོགས་པ་བཞིན།།
འགྲོ་ཀུན་མཐོ་དམའ་མེད་པར་ཕྱལ་ལེ་བར།།
ཡོད་ཀྱང་སྒྱུ་མའི་དྭངས་སླད་ཤོར་བ་ལས།།
ལ་ལ་འོད་གསལ་རི་བོའི་སྤོ་ལ་ཐལ།།
ལ་ལ་ངམ་ནག་འཁོར་བའི་ཀློང་ལ་ཟགས།།
ཞེས་གསུངས་ཁྱོད་ལ་སེམས་པ་ཧྲིལ་གྱིས་འདུད།།
ཕྱིན་ཆད་མི་འགྱོད་གདེང་ཚོད་ཆེན་པོས་འདུད།།
དང་པོར་ཁྱོད་ཀྱང་སྣང་དང་གྲགས་པའི་ཆོས།།
མདང་སུམ་གཉིད་ཀྱིས་ལོག་པའི་རྨི་ལམ་ལྟར།།
མ་རྟོགས་ཤེས་པ་རིག་རིག་ཏུར་ཏུར་གྱིས།།
གོམ་ཚུགས་མ་བརྟན་རྐང་འགྲེད་མང་ཤོར་ཡང་།།
ད་ནི་རྟེན་འབྲེལ་སྒྱུ་མའི་གནད་གོ་ནས།།
སེམས་ཉིད་རི་བོའི་སྤོ་ལ་འོད་ཆགས་ཤིང་།།
སྙིང་རྗེ་སྤྲིན་དཀར་འབོལ་ལེར་ལྡིང་བ་ཡིས།།
ང་ནི་བྱི་བ་ཁུང་ཁར་སྒྲིམ་པ་ལྟར།།
ཤེས་པ་འུབས་ཀྱིས་བསྡུས་ནས་ཁྱོད་ལ་འདུད།།
ཁྱོད་ཀྱི་མདུན་དུ་པུས་བཙུགས་མགོ་བོ་སྨད།།
ཉྭ་འདར་ལག་པ་ལྗབ་ལྗབ་བྱས་ན་ཡང་།།
ཕོ་ཚུགས་ཤོར་སོང་སྙམ་པ་ང་ལ་མེད།།
རྣ་འབྱོག་མ་ཟིན་སྙམ་པའང་ང་ལ་མེད།།
 
 
   གནས་བསྟོད་བྱི་བ་སྨུག་ཆུང་གི་མགུར།
 
གནམ་ཨ་སྔོན་གཡུ་ཡི་མདངས་ཀྱིས་ཕུབས།།
སྤྲིན་དཀར་ཆུང་ལྡིང་བ་བྱིན་རེ་ཆགས།།
བྲག་དམར་སེང་ནམ་མཁའི་དབྱིངས་ལ་འཕྱོ།།
རྡོ་གོར་མའི་གླེགས་བུ་ཚགས་རེ་དམ།།
རྩྭའི་མགོ་ལྕོག་འཇའ་ཡི་མདངས་ཀྱིས་ལྡེམ།།
བྱ་རི་དྭགས་སྣ་ཚོགས་བག་རེ་ཕེབས།།
གནས་རང་བྱུང་སྣང་གཡེལ་ཆེ་ས་འདིར།།
ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས།།
རྗེ་བྱམས་པ་སྤུན་གསུམ་བཞེངས་པ་ལས།།
ཐ་ཆུང་དེ་འདི་རུ་བཞུགས་པ་ལགས།།
སྐུའི་མཉེས་གཤིན་མེ་ཏོག་འཁྲིགས་པའི་ཀློང་།།
ཡིད་བུང་བས་གཤོག་འགྱུར་ཅི་ཡང་རྡེབ།།
ཞལ་སྲི་བ་མེད་པའི་འཛུམ་གྱིས་ཁེངས།།
མོས་གུས་ཀྱི་ཆུ་མིག་ཅི་ཡང་བརྡོལ།།
ངའི་ཤེས་པ་བྱི་བ་སྨུག་ཆུང་གིས།།
འདྲོགས་ཆལ་ལེར་ཡིད་ཀྱི་ཁུང་སྒོ་ལས།།
སྐུའི་གཟི་བརྗིད་མ་བཟོད་ཕྱོད་ཕྱོད་འཚོ།།
ཚུལ་འདི་ནི་བྱམས་མགོན་གཟིགས་ལགས་སམ།།
སྤྱིར་འཕན་པོའི་ཡུལ་འདི་སོ་རེ་བསོད།།
སྒོས་བྱམས་ཁང་འདི་ལ་བརྗིད་རེ་ཆགས།།
ངས་མོས་གུས་ཤེལ་གྱི་རྒྱུད་མངས་ལ།།
སྙན་ཚིག་གི་སོར་མོས་འདི་ལྟར་བསྣུན།།
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།