ཁུ་བོ་དགེ་ཆོས་ལ་སྤྲིངས་པ། སྒོ་བུ་ཤ་བོ་ཚེ་རིང་།

2138

              

ཡོ་རོབ་ན་བཞུགས་པའི་ཁུ་བོ་ལགས།  ད་ལྟའི་ཆར་རྒྱང་རིང་ན་འཚོ་བའི་ཤ་ཉེ་སྤུན་གྲོགས་རྣམས་ལ་འཕྲིན་ཡིག་གིས་འཚམས་འདྲི་ཞུ་བའི་དུས་རབས་སྔ་མོ་ནས་རྫོགས་ཟིན་ནའང་།  ད་ལན་ཕྲན་གྱིས་ཁྱེད་ལ་བརྗོད་འདོད་པའི་སྐད་ཆ་མཐའ་དག་དབྱངས་གསལ་སོ་བཞིས་ཞུ་བར་བྱ།  དབྱར་ཟླ་འབྲིང་བར་རང་ཁྱིམ་གྱི་ཁང་གསར་ཡོངས་སུ་གྲུབ་པ་ན་ཁུ་བོ་བསྟན་འཛིན་ཆོས་འཕེལ་གཙོས་ནང་མི་ཚོས་མཆོད་ཁང་གི་རྟེན་གཙོ་ལ་བསམ་བློ་གང་མང་བཏང་སྟེ། རང་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཐུབ་པའི་དབང་པོ་དང་། གངས་རིའི་ལྗོངས་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཕྱག་བཞི་པ།  མ་འོངས་པའི་སངས་རྒྱས་རྒྱལ་བ་མི་ཕམ་མགོན་པོ།  འགྲོ་བའི་ནད་ཀུན་སེལ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་བཅས་བཞི་ལས་གང་ཞིག་བཞེངས་པ་ལ་ཐེ་ཚོམ་ངང་ལུས་དུས།  ཁྱེད་ཀྱིས་རྒྱལ་བ་བྱམས་པའི་སྣང་བརྙན་བཞེངས་ན་ལེགས་ཚུལ་གསུངས་མཐར་དེ་ཉིད་ཀྱི་ལི་སྐུ་བླུ་བར་གཏན་ལ་ཕབ། 

  པར་དང་པོ།   རྗེ་བཙུན་བྱམས་པ།

 དུས་སྐབས་དེ་འདྲ་ཞིག་ལ་ཨ་མ་རིན་ཆེན་མཚོས་ལྷོ་ནུབ་ཚང་ནས་མཐར་ཕྱིན་འགྲོ་ལུགས་སྒྲུབ་བཞིན་པའི་ང་ལ་ཁ་པར་ལས་བྱམས་སྐུ་བླུ་འཆར་ཡོད་ཚུལ་བརྗོད་སོང་། ཕྲན་གྱིས་འཕྲལ་དུ་འུ་ཚང་ལ་མཚོན་ན་ངེས་པར་སངས་རྒྱས་སྨན་བླ་བཞེངས་འོས་པར་གླེང་བ་ཡིན།   ཁུ་བོས་ལི་སྐུ་འཚོལ་བཞིན་ཡོད་རབས་ཐོས་པའི་ངས་ཀྱང་མང་པོ་བཤད་འདོད་རང་མ་བྱུང་།   ཡིན་ནའང་རྟེན་གྱི་གཙོ་བོ་སྨན་བླ་ཡིན་ན་ཇི་འདྲའི་ལེགས་ཨང་སྙམ་པའི་སེམས་འདུན་ཞིག་རྟག་པར་ཤར།  གླུ་རོལ་སྐབས་ཕ་ཡུལ་དུ་ལོག་པ་ན་བྱམས་སྐུ་ད་དུང་བླུས་མེད་པས་ནང་མི་ལྷན་འཛོམས་ཀྱི་གླགས་དང་བསྟུན།  དེང་སང་སྡེ་བའི་མཆོད་ཁང་གསར་པ་ཕལ་མོ་ཆེའི་རྟེན་གཙོ་རྒྱལ་བ་བྱམས་པ་རེད། ཁྱིམ་མཚེས་རྣམས་ཀྱང་དེ་བཞིན་རེད།  དེ་ལས་སྐུ་རྟེན་གཞན་ཞིག་བཞེངས་འོས་ཏེ། ཨ་མེས་དགོན་པ་ན་ཡོད་དུས་མཆོད་ཁང་ཁང་མིག་གསུམ་ཅན་གྱི་རྟེན་གཙོ་སངས་རྒྱས་སྨན་བླ་དང་།  ཁུ་བོ་བསྟན་ཆོས་ཀྱིས་ཀྱང་གསོ་བ་རིག་པ་ལ་སློབ་གཉེར་བྱེད་བཞིན་པས་འུ་ཚང་གིས་ཨ་མེས་དྲིན་ཆེན་པོའི་རྒྱུན་བཟུང་ནས་སྨན་བླ་བཞེངས་འོས་ཚུལ་གྱི་གྲོས་བཏོན་པ་ན་དེ་ལུགས་བཞིན་འཐད་སོང་། 

པར་གཉིས་པ།  སྨན་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ། 

ཕྲན་ལ་མཚོན་ན་ད་དུང་དགོས་པ་ཆེན་པོ་གཅིག་ཡོད་དེ། དེ་ནི་སྔོན་མར་སྐད་འཕྲིན་ནས་ཁྱེད་ལ་ཅུང་ཙམ་ཞུས་པ་དེ་སྨན་བླ་ནི་བཙན་པོ་རིམ་བྱོན་གྱིས་བསྟེན་ནས་བོད་ལ་དར་བའི་བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པ་ཞིག་རེད། 《རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་》ལས་“རྡོ་རྗེ་འཆང་ཕ་བོང་ཁ་པས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ཕན་བདེའི་འབྱུང་གནས་ཀྱི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་གཏོགས་པའི་སྨན་གྱི་བླ་མ་ལྷ་བཞི་བཅུ་རྩ་བདུན་གྱི་དབང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། མགོན་པོ་འཇམ་དབྱངས།  མཁན་ཆེན་ཐམས་ཅད་མཁྱེན་པ་བོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།  སད་ན་ལེགས་མཇིང་ཡོན།  མངའ་བདག་ཁྲི་རལ།  ལྷ་ལུང་དཔལ་གྱི་རྡོ་རྗེ།  མངའ་བདག་འོད་སྲུངས། མངའ་བདག་དཔལ་འཁོར་བཙན།  ཁྲི་སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད།  མངའ་བདག་ལྷ་ལྡེ། མངའ་བདག་འོད་ལྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ། བློ་ལྡན་ཤེས་རབ་གྲགས། བརྩེ་ལྡན་དར་མ་རྒྱལ་མཚན། དཔལ་ལྡན་གྲོ།  སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས།  དགྲ་བཅོམ་གཞོན་ནུའི་མཚན་ཅན། རྗེ་འདུལ་མཛད་པ།  བླ་མ་འཇམ་དབྱངས་ཆེན་པོ། དཔང་སྟོན་རྒྱལ་མཚན་དཔལ། འདུལ་ནག་པ་དཔལ་ལྡན་བཟང་པོ།  འཇམ་དབྱངས་དགེ་འདུན་འཕེལ།  རྒྱུད་ཆེན་བཀྲ་ཤིས་འཕགས།  རྒྱུད་ཆེན་བརྩོན་འགྲུས་འཕགས།  སྲས་ཁང་སྔགས་རམ་པ་བཟང་པོ་རྣམ་རྒྱལ།  རྡོ་རྗེ་འཆང་འཁོན་རིགས་གྲུབ་པའི་དཔའ་བོ་དཔལ་འབྱོར་ལྷུན་གྲུབ།  རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆོས་དབྱིངས་རལ་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ།།”ཞེས་དང་། སྨན་བླ་བདེ་གཤེགས་བརྒྱད་མཐོ་བརྩེགས་སུ་བཞུགས་པའི་རྗེས་གནང་དང་སྨན་བླ་བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླགས་ཆོག་གི་བརྒྱུད་པ་ཡང་མངའ་རིས་དགྲ་བཅོམ་ཡན་གོང་ལྟར་རེད། 

པར་གསུམ་པ།  མཁན་ཆེན་ཞི་བ་འཚོ། 

《སྨན་བླ་བདུན་ཆོག་ཡིད་བཞིན་དབང་རྒྱལ་》དུ་དེ་བཞིན་གཤེགས་པ་སྨན་བླ་དང་འབྲེལ་ནས་བཙན་པོའི་གདུང་རབས་ཀྱི་མཛད་པ་རྒྱས་བསྡུས་འཚམ་པ་ཞིག་གསལ་ཞིང་།  ལྷ་བཙན་པོ་ཚོའི་ཐུགས་དམ་ཡང་སྨན་བླ་རེད།   ཀ་ཐོག་སི་ཏུས་ལྷ་རི་སྨན་རྒྱལ་ལྷ་ཁང་དུ་སྨན་བླ་ལི་དམར་ཁྱད་འཕགས་ཆོས་རྒྱལ་ཐུགས་དམ་གྱི་སྐུ་ལི་མ་ཆེན་པོ་བཅུ་གཅིག་ཙམ་བཞུགས་པར་གསུངས་པ་ཡང་ཆོས་རྒྱལ་གོང་མ་རྣམས་ཀྱི་སྐུ་རྟེན་ཡིན་ནམ་སྙམ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་ལ་མཁན་ཆེན་ཞི་བ་འཚོས་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་དང་སྨན་བླའི་མདོ་ཆོག་གཉིས་མཛད་པ་དང་།  རྒྱལ་པོས་མདོ་ཆོག་ཆ་ལག་དང་བཅས་པ་དངུལ་ཤོག་ལ་ཛམྦུ་ཆུ་བོའི་གསེར་དང་བཻཌཱུརྱ་སྤེལ་མར་བྲིས་ཏེ་དངུལ་གྱི་སྒྲོམ་བུར་བཞུགས་སུ་གསོལ་ནས་མཆོད་པ་མ་ཆག་པར་ཕུལ།  དེ་ནས་ཁོང་གི་གདུང་རྒྱུད་རིམ་བྱོན་གྱིས་བརྟེན་པས་མངའ་བདག་འོད་སྲུངས་གཤེགས་ནས་དབུ་ཐོད་ལ་སྨན་རྒྱལ་གྱི་སྐུ་བྱོན་པ་དང་། མངའ་བདག་དཔལ་འཁོར་བཙན་གྲོངས་པའི་ཚེ་ལྗགས་ལ་སྨན་བླ་གཙོ་འཁོར་གསུམ་དང་རིང་བསྲེལ་མང་དུ་བྱོན།   གཞན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཐུགས་དམ་གྱི་གཙོ་བོར་མཛད་ཅིང་།  ཁོང་གི་སྲས་དེ་ཝ་རཱ་ཛ་དང་ནཱ་ག་རཱ་ཛ་གཉིས་ནི་སྨན་བླའི་འཁོར་ཉི་མ་ལྟར་སྣང་བྱེད་དང་ཟླ་བ་ལྟར་སྣང་བྱེད་གཉིས་ཀྱི་རྣམ་སྤྲུལ་དུ་ངོས་བཟུང་བས་ཁོང་ཡང་སྨན་བླའི་སྤྲུལ་པར་བཞེད་པ་ཨེ་ཡིན་བསམས་ཀྱང་།    གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་འཕགས་པ་འཇམ་དཔལ་གྱི་རྣམ་སྤྲུལ་ཡིན་པར་གསུངས།

པར་བཞི་པ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 

 འདི་ལས་ཤེས་ནུས་པ་ཞིག་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་པོ་བོ་དྷི་ས་ཏྭས་ཁོང་ལ་སྨན་བླའི་མདོ་ཆོག་དང་རྗེས་གནང་བཅས་ལེགས་པར་ཕུལ་ཞིང་། དེ་ནས་རིམ་བཞིན་བཙན་པོ་གདུང་རྒྱུད་ཀྱིས་རྒྱུད་འཛིན་གནང་ནས་ཕྱིས་གུ་གེ་རྒྱལ་པོ་མངའ་བདག་རྩེ་ལྡེས་མངའ་རིས་དགྲ་བཅོམ་པ་ཚུལ་ཁྲིམས་བྱང་ཆུབ་ལ་གནང་། དེའི་དངོས་སློབ་ཡང་སློབ་ནས་རིམ་བཞིན་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་ལ་དར་བ་ཞིག་ཡིན་པར་སེམས།  གཉིས་སུ་སྨན་བླ་ནི་ཆོས་རྒྱལ་འདི་བས་ནང་བསྟན་རྒྱ་ཆེར་སྤེལ་དུས་ཐོག་མར་དར་བ་ཞིག་ཡིན་པས་བོད་ལ་སྨན་བླའི་ཆོ་ག་དར་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་འགོར་བས་ལོ་རྒྱུས་ཀྱི་རྒྱུན་རིང་། གསུམ་དུ་ན་རྒྱུད་སྡེ་བཞིའི་ལྷ་ཚོགས་ཕལ་མོ་ཆེ་ཞིག་རྒྱ་བོད་ལོ་པཎ་རྣམས་ཀྱིས་སྤེལ་བ་ཞིག་ཡིན་པས་སྨན་བླ་ལྟར་ཐད་ཀར་བོད་བཙན་པོའི་གདུང་རྒྱུད་ལ་འབྲེལ་བའི་དེ་བཞིན་གཤེགས་པ་ཤིན་ཏུ་ཉུང་བས་ཐུན་མོང་མ་ཡིན་པ་ཞིག་རེད། གོང་གི་རྒྱུད་ཡིག་ཏུ་གསལ་བའི་མཆིམས་ནམ་མཁའ་གྲགས་ཀྱི་ཐུགས་དམ་སྨན་བླ་ཡིན་ཞིང་།  གོད་ཆག་སྔོན་བར་མཆིམས་ཀྱི་ཐུགས་དམ་སྨན་བླ་མི་ཚད་ཙམ་ཞིག་སྣར་ཐང་དུ་བཞུགས་པར་མངོན།  ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་ཉང་ཆུར་ཟམ་པ་མཆོད་རྟེན་ཅན་ཞིག་བཞེངས་པའི་ལྡེབས་རིས་ལ་སྨན་བླ་བཞེངས་པ་དང་།   མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་དུ་བཟང་གོས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་སྦྱར་ཏེ་གཙོ་སྐུ་སྨན་བླ་ལ།  རྗེ་བཙོང་ཁ་པ་དང་།  བྱམས་པ།  འཇམ་དབྱངས།  མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ་སོགས་ཀྱི་སྣང་བརྙན་ཆེས་ཁྱད་པར་དུ་འཕགས་པའི་གོས་སྐུ་གསར་བཞེངས་མཛད་པ་སོགས་རྗེ་བོ་ཁོང་གཉིས་ཀྱི་རྣམ་ཐར་དུ་གསལ། 

པར་ལྔ་པ།  སྨན་སྐུའི་སྐྱ་བཟོ། 

ལས་བསོད་ལེགས་པ་ཞིག་ལ་ཁུ་བོ་བསྟན་ཆོས་ཀྱིས་ཡར་མར་ལ་རྩད་བཅད་པའི་མཐར།  སེང་གཤོང་དགའ་ལྡན་ཕུན་ཚོགས་ཆོས་གླིང་གི་ལྷ་བཟོ་དགེ་སློང་བློ་བཟང་ལགས་ངོ་ཤེས།  འུ་ཚང་གི་རྟེན་གཙོ་ཁོང་གིས་ཟླ་བ་དགུ་པར་བཞེངས་ཤིང་བདུན་ཕྲག་གསུམ་ནང་སྐྱ་བཟོ་ལེགས་པར་གྲུབ།   སྐུ་རྒྱུ་ས་དམར་ནི་བཟོ་བོའི་ཕ་ཡུལ་ནས་བསླངས་ཤིང་ཨ་མས་སྲིང་བལ་བསྲེས་ནས་བརྫིས་རྗེས་ཁོང་གི་གྲྭ་ཤག་ཏུ་བསྐྱལ།   དེར་ན་ནིང་རྒན་ཚངས་དབང་སོགས་དང་ལྷན་དུ་དབུས་གཙང་མངའ་རིས་ཡུལ་ལ་རིག་པས་སྐོར་དུས།    གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་སྒྲུབ་གནས་ལས་བཏུས་པའི་ས་སྣ་བཞི་བཅུ་ལྷག་དང་།  མཚོ་ཆེན་བཞི་དང་ཁ་འབབ་ཆུ་བོ་རྣམ་བཞི་སོགས་ནས་བཅུས་པའི་ཆུ་སྣ་བཅུ་བདུན་ཡང་ཡོད་དོ། ། ས་གཉིས་ནང་འཕྲད་ཀྱི་ཉིན་བཟང་ཞིག་ལ་སྐུ་རྟེན་བཞེངས་མགོ་བརྩམས་ཀྱང་བྱེ་བྲག་ཚེས་གྲངས་གང་ཡིན་པ་དགུང་ལོ་ཞེ་དགུ་ལ་སོན་པའི་བཟོ་བོ་ཁོང་གིས་བརྗེད་འདུག     །ལར་སྨན་སྐུ་བཞེངས་ཐབས་ལ་རིགས་གཉིས་མཆིས་ཏེ་སྲོག་ཤིང་དང་རས་ཤིང་བཙུགས་ནས།  དེར་གཟུངས་གཞུག་རྣམས་སྔོན་ལ་བསྡམས་པའི་མཐར་སྨན་འདམ་བྱུགས་ནས་བཞེངས་པ་དང་།  གཉིས་པ་ནི་ཤིང་རས་སོགས་ཅི་ཡང་མེད་པར་ཐད་ཀར་པད་འདབ་ཀྱི་དབྱིབས་ལྟར་ས་དམར་ཁུ་ཚུར་འདྲ་བ་རེ་བགྱིས་ནས་རྡོ་བརྩིགས་པ་བཞིན་ཡར་བསླངས་ནས་རིམ་པ་བཞིན་སྐྱིལ་ཀྲུང་དུ་བཞུགས་པའི་ཞབས་གཉིས།  དེ་ནས་གསུས་ཁྱིམ།  སྐུ་སྨད།  སྐུ་སྟོད་བཅས་མགྲིན་པའི་བར་བསླངས།  དབུ་དང་གཙུག་ཏོར་སོགས་ཀྱང་ངོ་། །  ཕྱག་གཉིས་ནི་ལྕགས་སྐུད་དང་ཁ་བཏགས་དཀྲིས་པ་ལ་སྨན་འདམ་སྦྱར་ནས་བཞེངས།   སྔ་མ་ནི་སྐུ་ཆེན་པོ་བཞེངས་ཐབས་དང་།  ཕྱི་མ་ནི་སྐུ་ཆུང་ངུ་བཞེངས་ཚུལ་རེད།  སྔ་མའི་གཟུངས་གཞུག་ནི་སྐུ་བཞེངས་པའི་སྔོན་ལ་ཕུལ་བ་དང་། ཕྱི་མ་དེ་ལས་ལྡོག་པའོ། །  འུ་ཚང་གི་སྨན་སྐུ་ཡང་ཕྱི་མ་ལྟར་བཞེངས་པ་དང་།  འབུར་སྐུ་བཞེངས་ཚུལ་ལ་ཡང་བྲིས་སྐུ་ཇི་བཞིན་ཐིག་རྩ་ཡོད་ཅིང་། སྨན་སྐུ་འདི་ལྟ་བུ་ལ་མཚོན་ན་པད་འདབ་ཀྱི་མཐོ་ལ་སོར་བཅོ་བརྒྱད་དང་སྐྱིལ་ཀྲུང་ལ་སོར་བཅུ་གཉིས།  དཔྱི་བ་སོར་བརྒྱད།  རྐེད་སོར་དྲུག   །སྐུ་སྟོད་སོར་ཉེར་བཞི།  མགྲིན་པ་སོར་བཞི། དབུ་སོར་བཅུ་གཉིས། དེ་ནས་གཙུག་ཏོར་བར་རིམ་པ་གསུམ་ལ་སོར་བཞི་དང་།  གསུམ།   གཅིག་བཅས་སོ། །  སྐྱིལ་ཀྲུང་གི་ཞེང་ལ་སོར་བཅུ་གཉིས་ཅན་བཞི།  སྲིད་ལ་ཞལ་ཚད་གསུམ་དང་ཕྱེད་ཀ      །གསུས་ཁྱིམ་གྱི་སྲིད་ལ་ཞལ་ཚད་གཅིག་དང་ཕྱེད་ཀ    ། ཞལ་ཚད་ཟེར་བ་ནི་སོར་བཅུ་གཉིས་ཀྱི་ཚད་རེད། སྐུ་སྟོད་ཀྱི་ཞེང་ལ་སོར་བཅུ་གཉིས་ཅན་གཉིས་དང་།  དཔུང་པ་སོར་དྲུག    །དཔུང་པའི་རིང་ཚད་སོར་བཅུ་གཉིས་ཅན་གཉིས།  ཕྱག་ངར་སོར་བཅུ་དྲུག    །ཕྱག་མཐིལ་སོར་ལྔ།  མཛུབ་མོ་སོར་བཞི།  མཛུབ་མོའི་སྦོམ་ཕྲ་ནི་དེའི་རིང་ཚད་དང་འདྲ། ཞབས་མཐིལ་སོར་བཅུ། མཛུབ་མོ་སོར་གཉིས།   སྙན་གྱི་རིང་ཚད་ལ་སོར་དྲུག་དང་ཞེང་ལ་སོར་གཉིས་ཡོད་དོ།  ། དེ་ཡང་ཉམས་མྱོང་དང་ན་བཟའ་སོགས་ཀྱིས་ཐིག་ལྷག་སྣོན་དགོས་པ་ཡང་མང་པོ་ཡོད་རབས་གླེང་།  ཞལ་རས་ཀྱི་སྤྱན་དང་ཤངས། མཆུ་རྣམས་ཐིག་ཆེན་ཐིག་ཆུང་བརྒྱབ་ནས་བཞེངས་པ་ཇོ་བོ་ཤཱཀྱ་མུ་ནེའི་དབུ་ཚད་དང་བསྟུན་ནས་བཟོ་བོ་རང་གི་ཉམས་མྱོང་མང་པོ་ཞིག་གླེང་ཡང་ཕྲན་ལྟ་བུས་ཤེས་ཚོད་ཀྱིས་མི་ལྕོགས་པ་ཞིག་རེད།   ལར་གཞུང་ལུགས་འདི་དག་རི་མོ་དང་།  འདྲ་པར།  བརྙན་ལམ་བཅས་ནས་གསལ་བཤད་བྱས་ན་ཕ་རོལ་པས་ལམ་སང་ཤེས་པ་ཞིག་ལགས་ན་སྐད་ཆ་དང་ཡི་གེ་ཁོ་ནས་ཡོད་ཚད་རྟོགས་ནུས་པ་ཞིག་ཡེ་ནས་མིན་པ་འདྲ།    སྐུ་ཁོག་སྟོང་ཅན་གྱི་རྣམ་པ་སྤྱི་བམ་པ་ཞིག་བསླངས་མཐར་ཐིག་ཆེན་ཐིག་ཆུང་བརྒྱབ་རྗེས་རྩུབ་བརྡར་དང་འཇམ་བརྡར་སོགས་གོ་རིམ་དུ་མ་བརྒྱུད་དགོས་པ་དང་། བྱེ་བྲག་ཞལ་རས་ནི་ཐོད་པའི་དཔྲལ་ཞེང་ཆེ་བ་དང་། སྣའི་གཟེངས་མཐོ་བ། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ། མཆུ་ནི་བིམ་པ་ལྟར་ཡིན་པ་སོགས་སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལྟར་བཞེངས།   གཞན་ཡང་སྤྱན་གྱིས་གཟིགས་ཚུལ་ནི་རི་དྭགས་ཤྭ་བ་རྔོན་པའི་མདའ་ལ་ལྟ་བ་ལྟར་དང་། དགའ་བ་སྒོམ་པ་ནི་མི་ལོ་དུ་མར་མཇལ་སྐལ་མ་བྱུང་བའི་ཨ་མ་དང་སང་ཉིན་འཛོམས་པའི་གཏམ་བཟང་གོ་བ་འདྲ་བའི་ཉམས།  དབུ་སྐྲ་གཙུག་ཏོར་ནི་འབྲས་དཀར་སྤུངས་པ་ལྟ་བུ་ཡིན་དགོས་གསུངས། 

པར་དྲུག་པ། གསེར་བྱུགས་སྨན་སྐུ། 

 དེ་ལྟར་རྒྱལ་བའི་སྐུ་གཟུགས་ལ་ཚང་བའི་མཚན་དཔེ་རྣམས་ཀྱིས་བརྒྱན་པས་ཞལ་རས་ལ་འཛུམ་གྱིས་ཁེངས་པ།  ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རྒྱས་པ་འཛིན་པ། གཡོན་མཉམ་གཞག་གི་སྟེང་ན་བཻཌཱུརྱའི་ལྷུང་བཟེད་དུ་སྨན་སྣ་གང་བའི་ཁར་ཨ་རུ་ར་མེ་ཏོག་བཞད་པ།  ཆོས་གོས་རྣམ་གསུམ་གསོལ་བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ལྷན་ནེ་ལྷམ་མེར་ལྷང་ངེར་བཞུགས་པ་གཅིག་པུས་ཀྱང་ཤིན་ཏུ་དང་བ་འདྲེན་པ་ཞིག་རེད།    མཚན་བཟང་པོ་སོ་གཉིས་ལས་སྐུ་ཆེ་ཞིང་དྲང་བ། ཕྱག་རིང་ཞིང་མཛེས་པ།  སོར་མོ་རྣམས་རིང་བ།   དཔུང་མགོ་ཟླུམ་པ།  ཐལ་གོང་རྒྱས་པ།  སྤྱན་མཐོན་མཐིང་འདྲ་བ་སོགས་འདི་ལ་མངའ་ཞིང་།   དཔེ་བྱད་བཟང་པོ་བརྒྱད་ཅུ་ལས་འཛུམ་པའི་སྤྱན་དང་ལྡན་པ།  སྤྱན་རིང་བ།  སྤྱན་ཡངས་པ།  ཨུཏྤལ་སྔོན་པོ་ལྟ་བུའི་སྤྱན་དང་ལྡན་པ།   སྨིན་མ་སྟུག་པ།  སྨིན་མ་ནག་པ།  སྨིན་མ་རྒྱུན་ཆགས་པ།  སྨིན་མ་རིམ་གྱིས་གཞོལ་བ།  མཁུར་བ་རྒྱས་པ།  མཁུར་བ་མི་མཉམ་པ་མེད་པ།  མཁུར་བ་སྐྱོན་དང་བྲལ་བ།   མཆུ་སྒྲོས་བིམ་པ་ལྟར་དམར་པ།  སྡང་བ་དང་ཁྲོ་བོའི་མདོག་མེད་པ།  གདོང་དང་དཔྲལ་བ་རྐྱེན་དུ་འབབ་པ།  དབུ་སྐྲ་གཡུང་དྲུང་འཁྱིལ་བ།  སྐུ་འཇམ་པ། སྐུའི་ན་བཟའ་གཙང་མ་ཕུན་སུམ་ཚོགས་པ་བཅས་ཀྱང་འདི་ལ་ལྡན་སྙམ།  རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐའི་《སྒྲུབ་ཐབས་རིན་འབྱུང་》དང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་《སྒྲུབ་ཐབས་ཀུན་བཏུས་》ལྟར་ན་ཕྱག་གཡོན་པ་མཉམ་གཞག་གི་སྟེང་ན་ལྷུང་བཟེད་དུ་བདུད་རྩི་གང་བ་བསྣམས་པ་ལས་འུ་ཚང་གི་སྨན་སྐུ་ལྟར་ཨ་རུ་རའི་མེ་ཏོག་མི་འདུག་ཀྱང་།  ཉེ་ཆར་ཕྲན་གྱིས་རྒན་ཚངས་དབང་གིས་བཀོད་སྒྲིག་གནང་བའི་ལས་ཀ་སྟེ་རེབ་གོང་གི་ལྷ་རིས་པ་ཚོས་བཞེངས་པའི་ཐང་ཀ་ཉིས་བརྒྱ་ཙམ་ཐོར་དགོད་དུས་སྨན་བླའི་ཐང་སྐུ་ཡང་མི་ཉུང་བ་ཞིག་མཇལ་སྐལ་བྱུང་། ལ་ལས་རིན་འབྱུང་ལྟར་བཞེངས་འདུག་ལ།  ལ་ལ་འུ་ཚང་གི་སྨན་བླ་ལྟར་རེད།  ཕྱི་མ་ལ་སྒྲུབ་ཐབས་ཡོད་མེད་《རྡོ་རྗེ་ཕྲེང་བ་》དང་《མི་ཏྲ་བརྒྱ་རྩ།》 《བ་རི་བརྒྱ་རྩ། 》  《སྣར་ཐང་བརྒྱ་རྩ་》བཅས་ལས་བཙལ་ཡང་མ་རྙེད།    གཅིག་བྱས་ན་གཟབ་ནན་གྱིས་མ་བཙལ་བའི་འབྲས་བུ་ཡིན་ཡང་སྲིད།  སྤྱི་ལོ་2018ལོར་ཁུ་བོ་བསྟན་ཆོས་དབུས་མཇལ་ལ་ཐོག་མར་ཆས་དུས།   རྒྱལ་རྩེ་དཔལ་འཁོར་སྡེ་ཆེན་གྱི་ལྷ་ཁང་ཞིག་ནས་སྨན་བླ་བདེ་གཤེགས་བརྒྱད་ཀྱི་འབུར་སྐུ་བྱོན་ལེགས་ཤིག་མཐོང་བ་དེ་ཉིད་ལ་པར་བརྒྱབ་ཅིང་།  བཟོ་བོས་དེ་ལུགས་བཞིན་བཞེངས་པ་རེད།  ཨ་ཁུ་ལྷ་བཟོས་ལྷུང་བཟེད་ལ་མེ་ཏོག་མི་དགོས་པར་བརྗོད་པ་ན།   ཁུ་བོས་སེ་ར་དགོན་གྱི་སྨན་བླའི་ལྷུང་བཟེད་ནང་ཡང་ཨ་རུ་རའི་མེ་ཏོག་འདུག་པ་ལྟར་བཞེངས་སུ་བཅུག་པ་ཡིན་ཞེས་འདྲ་པར་དང་བཅས་ཕྲན་ལ་བསྟན་བྱུང་།

    པར་བདུན་པ།  དཔལ་ཆོས་དགོན་གྱི་སྨན་བླ།

སེང་གཤོང་བཟོ་བོས་བཞེངས་པའི་སྨན་སྐུ་དང་ཕྱི་མོར་བལྟས་པའི་དཔལ་ཆོས་དགོན་གྱི་སྨན་སྐུ་གཉིས་བསྡུར་ནས་བརྟག་ན་ཧེ་བག་ཅུང་ཆེ་ཡང་།  དེ་ཉིད་ལ་མཇལ་དུས་ 《ཆག་ལོ་ཙཱ་བའི་རྣམ་ཐར་》དུ་གསལ་བའི་བྱང་ཆུབ་ཆེན་པོའི་སྐོར་དྲན་པ་ཞིག་བྱུང་།  དེ་ཉིད་དུ་རྡོ་རྗེ་གདན་དུ་བཞུགས་པའི་མ་ཧཱ་བོ་དྷིའི་མཚན་བཟང་འདི་ལྟར་གསུངས་ཡོད་དེ། “གན་ཧོ་ལིའི་ནང་ན་མ་ཧཱ་བོ་དྷི་བྱང་ཆུབ་ཆེན་པོའི་སྐུ་ཆེ་ཆུང་ཞལ་ལ་ཁྲུ་དོ་ཡོད།   དེ་འདྲ་བའི་སྐུ་དེ་ལྟ་བས་ཆོག་མི་ཤེས་པ། དེ་བས་གཞན་དུ་འགྲོ་སྙིང་མི་འདོད་པ།  རིངས་ཀྱང་དེར་ལུས་འགྲོ་བ། ཇི་ལྟར་དད་པ་ཆུང་ཡང་དེའི་མདུན་དུ་མོས་གུས་མི་སྐྱེ་བའི་མཆི་མ་མི་འཆོར་མི་སྲིད་གསུངས།” འུ་ཚང་གི་སྨན་སྐུ་ལ་འདི་འདྲའི་ཁྱད་ཆོས་འདུག་ཅེ་ན་ཁྱེད་རང་དགོད་ཁ་འཆོར་སྲིད་མོད། ང་རང་ཨ་གསར་ཡིན་པས་སམ་ཉིན་འདི་དག་ལ་ཁྱིམ་ལ་འཛུལ་མ་ཐག་མྱུར་དུ་མཆོད་ཁང་གི་འབུར་སྐུ་གཙོ་བོ་གང་ཉིད་ལ་ཡང་ཡང་ལྟ་དགོས་པ་ཞིག་རེད། འདུལ་བ་ལས་“ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་ཏུ་ལྟ་”ཞེས་པ་བླ་དང་སྲོག་ལྡན་པའི་ཁོང་གི་ཞལ་རས་ལས་མཐོང་ཐུབ་ཅིང་།   ལྷུང་བཟེད་བསྣམས་པའི་ཉན་ཐོས་དགེ་སློང་རྣམས་གྲོང་དང་སྲང་ལ་བསོད་སྙོམས་ལ་ཕེབས་པའི་རྣམ་པ་དེ་ཡང་ངོ་། །   རྒན་ཚངས་དབང་གིས་སྨན་བླ་དངོས་གནས་ཡག    །ཁྱེད་ཚང་གི་ལས་ལྷ་སྨན་བླ་ཡིན་ས་རེད།  བཙན་པོའི་ཁྱིམ་རྒྱུད་ཚང་མས་སྨན་བླ་བསྟེན་གིན་ཡོད་པས་རྟེན་འབྲེལ་ཡག་ཅེས་གསུངས་ལ།   ཁྱིམ་མཚེས་ལྷ་རིས་པ་ཤ་བོ་ཐར་གྱིས་སྨན་སྐུའི་ལྷོད་ཤ་དེ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་གྱིས་བཞེངས་པའི་སྟོན་པ་ཤཱཀྱ་ཐུབ་པ་འདྲ་བ་ཞིག་འཁྱོངས་འདུག་ཅེས་ཀྱང་སྨྲ།   ཁྱིམ་ལ་སྐུ་རྟེན་བཞེངས་འཆར་ཡོད་པའི་ཡུལ་གྲོགས་ཤིག་ལ་འདི་ཉིད་ཀྱི་སྐྱ་བཟོ་གཅིག་པུ་ལ་དམངས་སྒོར་སྟོང་ཕྲག་དགུ་ཕུལ་བར་ལབ་པ་ན།  ཁོང་གིས་སྐུ་ཡག་ཀྱང་ཡག    །ཡོན་མཐོ་ཡང་མཐོ་ཟེར་བའི་ལན་ལ་ངས་ཀུ་ཤུ་ཁ་པར་བཅུ་གཉིས་པ་ཞིག་གི་གོང་ཡིན་པས་མཐོན་པོ་རང་མི་འདུག་ཨང་ཞེས་ཀུ་རེ་འདྲེས་མས་བརྗོད་པ་ཡིན།  བློ་གྲོས་ཀྱི་སྤྱན་ཡངས་ཤིང་མཁྱེན་རབ་ཀྱི་རྩལ་རྫོགས་པའི་མི་རབས་གོང་མ་རྣམས་ཀྱིས་རྒྱལ་བའི་རྟེན་གསུམ་རྣམས་ལ་མཚན་སྙན་མོ་བཏགས་པ་དཔེར་ན་དཔལ་ལྡན་ས་སྐྱའི་རྟེན་གཙོ་ཐུབ་དབང་འཛམ་གླིང་གཡས་བཞག་དང་།  ཆག་ལོ་ཆོས་རྗེ་དཔལ་གྱི་གདུང་རྟེན་བཀྲ་ཤིས་ཆར་བབས།   དཔལ་འཁོར་སྡེ་ཆེན་གྱི་གོས་སྐུ་མཐོང་བ་དོན་ལྡན།   རྒྱལ་དབང་ལྔ་པ་ཆེན་མོའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་ལྟ་བུ་རེད།  ད་ལན་གུས་པས་སྔོན་གྱི་སྲོལ་བཟང་དེ་ཉིད་ཀྱི་རྒྱུན་བསྐྱངས་ནས་སྨན་སྐུ་འདི་ཉིད་ལ་སྨན་བླ་མཐོང་བ་ཀུན་གྲོལ་ཞེས་པའི་མཚན་ཞིག་ཀྱང་བླ་དྭགས་སུ་བསྣན་པར་བྱ།  ཡང་ཁྱེད་ཀྱིས་འདི་ལས་ཐུན་མོང་མ་ཡིན་པ་ཞིག་འདོགས་ནུས་ན་དེ་ལུགས་བཞིན་སྒྱུར་ཆོག   །ལན་རེར་ཁྱིམ་གྱི་སྐུ་རྟེན་ཞིག་ལ་ཚད་ལས་འདས་པའི་བསྔགས་པ་ནི་ཚུལ་དང་མཐུན་པ་ཞིག་མིན་སྙམ་ཡང་།  བརྒྱ་ལ་བཟོ་བོ་ཁོང་གིས་སླ་ཆོས་སུ་བགྱིས་ནས་བྱོན་ལེགས་ཤིག་བཞེངས་མེད་ན་ང་ལ་གཉིད་ཆག་ཟས་བརྗེད་ཀྱིས་སྤྲིངས་ཡིག་རིང་མོ་འདི་ཉིད་འབྲི་བའི་འདུན་པ་དང་སྤོབས་པ་ཡེ་ནས་ཡོད་མི་དཔེ།  དེ་ཡང་བཟོ་བོ་ཁོང་གི་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་མཁྱེན་རབ་ལ་རྗེས་སུ་ཡི་རང་ཞུ་བ་ཞིག་ཏུ་བསམ་པས་ཀུན་ནས་བསླངས་སོ། ། ཡང་གཏམ་གསོང་པོར་སྨྲ་དགོས་པ་ཞིག་ལ་སྨན་སྐུ་ལས་གཞན་བཞུགས་ཁྲི་དང་རྒྱབ་ཡོལ་གཉིས་ནི་བཟོ་བོའི་སྤུན་གཉིས་ཀྱིས་བཞེངས་པ་དང་།  རྒྱབ་ཡོལ་གྱི་འོད་ཀོར་སྨན་བླའི་དབུ་རྒྱབ་ཏུ་མ་འཁེལ་བ།   མར་ལ་ལྷུང་བ་འདྲ་བའི་སྐྱོན་ཕྲན་ཚེགས་ཡོད།  བཞུགས་ཁྲིའི་མདུན་ལ་བརྒྱན་དགོས་པའི་སེང་གེ་གཉིས་ཀྱང་སེང་གེ་དང་ཀུན་ནས་མི་མཚུངས་པ།   དེ་ལས་ལྡོག་སྟེ་བྱི་བ་དང་འདྲ་བའི་སྣང་བ་སྟེར།   རྒྱལ་བ་རིགས་ལྔ་ལས་རྣམ་པར་སྣང་མཛད་ཀྱི་བཞུགས་ཁྲི་ཡིན་ན་སེང་གེ་རྣམ་གཉིས་ངེས་པར་ཡོད་འོས་ཀྱང་འདི་ལ་དེ་ལྟ་མིན་པས་ཐད་ཀར་དོར་བ་ཡིན།  

  པར་བརྒྱད་པ།  སྨན་སྣ་བསྲེས་པའི་ཤུག་རྡུལ། 

གཟུངས་གཞུག་འབུལ་སྐབས་ཕྲན་ཡང་བཟོ་བོའི་ཕྱག་རོགས་ལ་ཆས་ནས་རྒྱལ་བའི་སྐུ་གཟུགས་ལ་གཟུངས་གཞུག་ཇི་ལྟར་འབུལ་བའི་སྦྱོར་དངོས་རྗེས་གསུམ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱས་པ་ཡིན།  མཆོད་ཁང་གི་འབུར་སྐུ་མཐའ་དག་གི་གཟུངས་གཞུག་ནི་ཁྱེད་ཀྱིས་སྔོན་མར་སྐུ་འབུམ་པར་མའི་《རྟེན་ལ་གཟུངས་གཞུག་འབུལ་ཚུལ་ཤེལ་དཀར་མེ་ལོང་》ལས་ཟིན་བྲིས་བཏབ་པ་ལྟར་ཕུལ་བ་དང་། གཟུངས་སྔགས་ལ་དབུ་གཟུངས་དང་། མགྲིན་གཟུངས།  སྟོད་གཟུངས།  བར་གཟུངས།  སྨད་གཟུངས།  པད་གཟུངས་ཞེས་དབྱེ་བ་དྲུག་ཏུ་ཕྱེས་ཤིང་།   དེ་ལས་དྲུག་པ་པད་གཟུངས་ནི་པད་འདབ་ནང་འཇུག་དགོས་པ་དང་གཞན་དག་ཤེས་སླ།   གཟུངས་ཤོག་ཕལ་མོ་ཆེ་ཞིག་སྒོ་དམར་དགོན་གྱི་ཤིང་སྤར་ཤ་སྟག་དང།  དེ་དག་དྲས་པ་དང་། སྦྱར་བ་དང་།  གྲིལ་བ་དང་།  ན་བཟའ་འབུལ་བ་བཅས་ལ་ཨ་མ་སྲིང་མོ་ངེད་གསུམ་གྱིས་ཀྱང་རོགས་ཕྲན་བུ་བྱས་ཡོད།  གྲིལ་བ་ལས་གཞན་དག་སླ་ཡང་གཟུངས་རིང་གྲིལ་དུས་ཨ་མ་ངེད་གཉིས་ཀྱི་ལག་བདེ་མོ་རང་མིན་པས་དཀའ་ལས་ཆེར་གཏད་པའི་མཐར་བསྐྱུར་དགོས་བྱུང་།  ལས་ཀྱི་གཙོ་བོ་རྣམས་ཁུ་བོ་བསྟན་ཆོས་གཙོས་ཁོང་གི་ཆོས་གྲོགས་རྣམས་ཀྱིས་སྒྲུབ་ཅིང་།  སྨན་སྐུའི་ནང་གཟུངས་འཇུག་ཆེན་པོ་ཚར་བཅུ་ལས་གཞན་སྨན་བླའི་མདོ་གཟུངས་དང་།  ཁྱེད་ཀྱིས་ལོ་འགའི་སྔོན་དུ་རྒྱ་གར་ནས་བསྐུར་བའི་བྱང་ཆུབ་ཆེན་པོའི་ན་བཟའ།  ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེའི་ན་བཟའ།  མ་ཎི་རིལ་བུ།  འཕེལ་གདུང་།  སྒོ་དམར་རྟེན་འདུས་རིལ་བུ། གཡེར་གཤོང་རྟེན་འདུས་རིལ་བུ། ཨ་ཁུ་ངག་དབང་གིས་རྒྱ་གར་གྱི་གནས་ཆེན་ཁག་ལས་བསྣམས་པའི་ས་སྣའི་རིལ་བུ། བོད་ཀྱི་དགོན་སྡེ་ཁག་གི་རྟེན་སྐལ་མ་ཟད་ཨ་རུ་ར་དང་བ་རུ་ར། སྐྱུ་རུ་ར་བཅས་འབྲས་བུ་གསུམ་དང་། སྨན་སྣ་ལྔ། འབྲུ་སྣ་ལྔ། དུག་རིགས་མ་ཡིན་པའི་སྨན་སོགས་སྨན་སྣ་ཡང་རྒྱ་མ་བཅུ་ཕྲག་ལྷག་ཤུག་རྡུལ་དང་ལྷན་དུ་ཕུལ་ཡོད།  གཞན་སྒོ་དམར་རྟེན་འདུས་རིལ་བུ་སོགས་ལ་དཀར་ཆག་རྒྱས་པ་ཞིག་ཟུར་དུ་མཆིས་མོད་འདིར་ཡིག་ཚོགས་བསྐྱུང་བར་བྱ། 

 པར་དགུ་པ།  གཟུངས་གཞུག་འབུལ་བ།

སྨན་སྐུ་མི་ཚད་ལས་ཆེ་བ་འདི་ཉིད་ཀྱི་མཐོ་ལ་98CMདང་ཞེང་ལ་70CMམཆིས་པས་གཟུངས་གཞུག་ནི་ལི་སྐུ་ཁྲུ་གང་མ་དང་མདའ་གང་མ་བཞིན།    སྐུ་ཐུར་ལ་བསྐོར་ནས་དབུ་གཟུངས་ནས་བརྩམས་ཏེ་རིམ་པ་བཞིན་ཕུལ་བ་ཞིག་མིན་པར། དེ་ལས་ལྡོག་སྟེ་ཐོག་མར་པད་འདབ་ཀྱི་ཞབས་ལ་རས་སེར་པོ་ཞིག་བཏིང་།  དེ་ནས་སྐུ་རྒྱབ་ཀྱི་གཟུངས་གཞུག་ཕུལ་སའི་ཁུང་བུ་ནས་སྨན་སྣ་དང་ཤུག་རྡུལ་རྣམས་བླུགས་ནས་ཚད་ཅིག་ལ་སླེབས་དུས།  པད་གཟུངས་བཅུག་པའི་སྟེང་སྲོག་ཤིང་འཇོག  །སྲོག་ཤིང་གླིང་བཞི་མ་རྩེ་མོ་འཇོང་འཇོང་ཅན་ཞིག་སྟེ།  དེ་ཉིད་མཐོང་མ་ཐག་གྲོང་ཁྱེར་སྤོས་ངད་ལྡན་གྱི་རོ་མ་ལྕགས་རིའི་ཐང་ཆེན་ན་ཀྲོང་ངེར་འགྱིང་བའི་རྡོ་རིང་ཆེན་མོ་དྲན་པ་ཞིག་བྱུང་།  དེའི་ངོས་སུ་ཨ་ཁུ་དགེ་འདུན་དོན་གྲུབ་ཆུང་བ་ལགས་ཀྱིས་གསེར་ཆུས་སྨན་བླའི་གཟུངས་སྔགས་བྲིས་ཤིང་། དེ་ལ་ན་བཟའ་རས་སེར་པོས་བཏུམས་རྗེས་རས་སྐུད་དམར་སེར་གཉིས་གཡས་སྐོར་གྱིས་བསྡམས།  འདི་དང་གཟུངས་ཤོག་རྣམས་ལ་ན་བཟའ་འབུལ་ཚུལ་ཆ་འདྲ་ལ།    རས་དང་སྐུད་པ་དག་ངེས་པར་གཡས་སྐོར་བརྒྱབ་ནས་སྡོམ་དགོས་པ་ཞིག་རེད། སྲོག་ཤིང་ལ་ན་བཟའ་ཕུལ་བའི་མི་ཚད་དེའི་ངོས་སུ་སྐུད་པ་རྒྱུས་པའི་ཁབ་མང་པོ་ཞིག་དང་ཁ་དོག་དཀར་སེར་སྔོ་ལྗང་གི་ཚོན་ལྡན་པིར་འགའ་ཡང་སྡོམ་སྲོལ་འདུག   །དེ་ཡང་ཁབ་སྐུད་གཉིས་ལ་ཐབས་དང་ཤེས་རབ་ཀྱི་མཚོན་དོན་མཆིས་ལ།  པིར་ནི་དགོས་པ་ཅི་ཞིག་ཡིན་པ་ཁུ་བོ་ལ་མ་དྲིས་ཀྱང་།   སྒོ་དམར་དགོན་པའི་མགོན་ཁང་དུ་གཟུངས་གཞུག་འབུལ་དུས་ཡུལ་གྲོགས་ལ་ལས་པིར་དང་སྨྱུ་གུ་འཇོག་བཞིན་པ་མཐོང་མྱོང་།  དེ་ནི་རང་གི་ཁྱིམ་རྒྱུད་དུ་པིར་ཐོགས་དབང་པོ་དང་སྨྱུག་ཐོགས་པ་རྣམ་དཔྱོད་ཅན་འབྱུང་བའི་སྨོན་ལམ་བཏབ་པའམ་རྟེན་འབྲེལ་སྒྲིག་པ་ཞིག་ཡིན་ནམ།

  པར་བཅུ་པ།  དབུ་གཟུངས་འབུལ་བ། 

སྲོག་ཤིང་ལ་མདུན་རྒྱབ་ཀྱི་དབྱེ་བ་གསལ་བོ་བཀར་ནས་ངེས་པར་སྐུ་ཡི་འཁོར་ཕྱོགས་དང་བསྟུན་ནས་བཙུགས།  དེ་ཡང་ཤུག་སྡོང་ཡིན་དགོས་ལ་ནགས་ནས་གཅོད་དུས་ཤར་ཕྱོགས་ཀྱི་ངོས་ལ་རྟགས་བརྟབ་ཅིང་དེ་ནི་སྲོག་ཤིང་གི་མདུན་དང་།  སྐུ་གཟུགས་ནང་འཛུགས་དུས་རྩེ་མོ་སྤྱི་གཙུག་གི་ཡན་ལ་མ་བརྒལ་བ་ཞིག་བྱེད་དགོས་པས་ནན་ཏན་བྱ། བརྒྱ་ལ་དེ་ཉིད་ཀྱི་མདུན་སྨན་སྐུའི་རྒྱབ་བམ་གཡས་གཡོན་གང་རུང་ལ་འཁོར་ན་ཤིན་ཏུ་མི་འོས་ཏེ། ཁུ་བོས་སྲོག་ཤིང་གི་མདུན་རྟགས་གསལ་བོ་ཞིག་མ་བཏབ་པས་བཙུགས་ཚར་རྗེས་མདུན་རྒྱབ་གང་ཡིན་མ་ངེས་པས།   པད་འདབ་ནང་བཅུག་པའི་སྨན་སྣ་དང་ཤུག་རྡུལ་མཐའ་དག་ཞབས་ནས་དོར།  སྲོག་ཤིང་ཕྱིར་བླངས་ནས་བསྐྱར་དུ་འཛུགས་དགོས་པའི་ལས་ལྷག་ཞིག་ཀྱང་བྱུང་།  སྲོག་ཤིང་ལེགས་པར་བཙུགས་རྗེས་སྨད་གཟུངས། དེ་ནས་ཤུག་རྡུལ་དང་ལྷན་དུ་རིམ་བཞིན་བར་གཟུངས་དང།  སྟོད་གཟུངས། མགྲིན་གཟུངས་བཅས་འབུལ་ཞིང་།  བར་གཟུངས་ནས་གོང་གི་ཇོ་བོའི་ན་བཟའ་སོགས་རྟེན་སྣ་ཅི་རིགས་ཕུལ་བ་དང་།      དེ་དག་གིས་བཀང་རྗེས་སྐུ་རྒྱབ་ཀྱི་ཁུང་བུ་བཟོ་བོས་སྤྱིན་ཆུ་འདྲེས་པའི་འདམ་གྱིས་ལེགས་པར་ཞལ་ཞལ་བྱས། དབུ་གཟུངས་ནི་གཙུག་ཏོར་ནས་ཕུལ་ཞིང་གཟུངས་ཆེན་ཚར་བཅུ་རེ་ཡོངས་སུ་ཆུད་པས་ཁུ་བོ་ཆུང་བ་སྤྲོ་བོ་རང་བྱུང་།   ན་ནིང་གི་སྤྱི་ཟླ་བཅུ་པར་ང་རང་རྒྱ་ནག་ཁྲིན་ཏུ་ནས་ཡུལ་དབུས་ལྷ་སར་བསྐྱོད་ཅིང་། དེ་ནས་ལྷོ་ཁ་གཉལ་ལྟེའུ་ར་ཆག་ལོ་ཙཱ་བའི་གདན་ས་དང་འཁྲུངས་ཡུལ་གཉིས་ལ་ཡུལ་དངོས་རྟོག་དཔྱོད་ལ་ཕྱིན་པ་ཡིན།   ལྟེའུ་ར་རྙིང་མ་ནས་བླ་མ་འཇམ་དབྱངས་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རྡེའུ་དུང་དཀར་འདྲ་བ་ཞིག་ལ་ལྕགས་མདས་རི་མོ་བརྐོས་ནས་ཕྲན་ལ་གནང་མྱོང་།   ཁྱེད་ཀྱི་ཟིན་བྲིས་ལྟར་ན་མགྲིན་པར་དུང་དཀར་དང་དྲིལ་བུ།  ཨ་ར་པ་ཙ་དང་དབྱངས་ཅན་མའི་སྔགས་སོགས་འབུལ་དགོས་པ་ལ།   ཁུ་བོས་གྲ་སྒྲིག་གནང་བའི་དུང་དཀར་ཆུང་བ་ལས་གཞན་དུང་དཀར་རང་བྱོན་དེ་ཡང་ཕུལ་བ་ཡིན།    དཀའ་སྡུག་དང་ཉེན་ཁ་གང་ལ་འཕྲད་ཀྱང་ཞུམ་པ་མེད་པར་གདོང་གཏོད་པའི་ཆག་ལོ་ཆོས་རྗེ་དཔལ་གྱི་སྙིང་སྟོབས་ཀྱིས་ཕྲན་ལ་སྤོབས་པ་གྲངས་མེད་སྦྱིན་མྱོང་བས།   སྨན་བླའི་གཟུངས་གཞུག་ནང་ཁོང་གི་གདན་ས་ནས་བཏུས་པའི་རྡོ་སྣ་ཞིག་ཕུལ་བ་ལ་དགེ་མཚན་ཁྱད་པར་ཅན་ཞིག་ཡོད་པའི་གདེང་རྙེད་ཡོད།   དེ་བཞིན་བཞུགས་ཁྲི་ནང་ཨ་ཕྱི་དང་ཨ་མ་གཉིས་ཀྱིས་བཏབ་པའི་ཛམ་ལྷ་རིགས་ལྔའི་ཚ་ཚ་ལས་གཞན་གུང་ཐང་བྲག་དཀར་རྟ་སོ་ནས་བཏུས་པའི་རྡོ་དཀར་རྟ་སོ་འདྲ་བ་ཞིག་དང་།   གུ་གེ་རྩ་ཧྲེང་ནས་ཉོས་པའི་འགྱུར་རྡོ་མཉྫི་ར་ནག་པོ་ཞིག་ཀྱང་བཞག་ཡོད།   དེ་མིན་རང་ཁྱིམ་གྱི་ས་ནག་སྐམ་པོ་ཀ་ཏོ་ར་གང་ཡང་བླུགས་པ་སྟེ།  གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོས་ཕ་ས་གཤིན་པོ་རྡོག་པོས་རྫི་དུས་ད་གཟོད་ས་རིན་པོ་ཆེ་ཡིན་པ་རྟོགས་པའི་བརྡ་ལ་རུང་ངོ་། །  

 པར་བཅུ་གཅིག་པ།   སྨན་སྐུ་གདན་འདྲེན་པ། 

 རྟེའུ་ར་བསམ་གཏན་གླིང་གི་འདུ་ཁང་གི་གཙང་ཁང་ནང་དུས་གསུམ་སངས་རྒྱས་དང་། རྒྱབ་ཡོལ་གྱི་ཀླད་དུ་སྨན་བླ་བདེ་གཤེགས་བདུན་བཞེངས་ཡོད་ཅེས་དགོན་བདག་བླ་མས་རྟེན་བཤད་གནང་དུས། སྨན་བླ་བདེ་གཤེགས་བརྒྱད་སྔ་མོ་ནས་མཇལ་མྱོང་མོད་སྨན་བླ་བདེ་གཤེགས་བདུན་ནི་ཡེ་ནས་མཐོང་ཐོས་མ་བྱུང་བ་འདྲ་བས།   དེ་དག་ནི་སངས་རྒྱས་དཔའ་བོ་བདུན་ཨེ་ཡིན་པ་སྙམ་པ་ཞིག་བྱུང་ཡང་ཐད་ཀར་བླ་མ་ལ་ཞུ་མ་ནུས། འདི་ལོར་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་《དབུས་གཙང་གནས་ཡིག་》ཆ་ཚང་རྩིས་འཁོར་དུ་གཏག་དུས།   སྔ་མོའི་ཆར་བསམ་ཡས་གཙུག་ལག་ཁང་དང་དཔལ་སྟག་ལུང་ཐང་ན་སྨན་བླ་མཆེད་བདུན་བཞེངས་ཡོད་པ་ཤེས་པས་ད་གཟོད་རང་ཉིད་ཀྱི་རྨོངས་པ་ལ་ངོ་གནོང་བ་ཞིག་བྱུང་།  ཕྱིས་《རིན་འབྱུང་བརྒྱ་རྩ་》བསྐྱར་དུ་སློག་དུས་སྨན་བླ་མཆེད་བདུན་ནི་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དང་།(1)   མངོན་མཁྱེན་རྒྱལ་པོ།(2)     ཆོས་བསྒྲགས་རྒྱ་མཚོ།(3)    མྱ་ངན་མེད་མཆོག་དཔལ།(4)    གསེར་བཟང་དྲི་མེད།(5)      རིན་ཆེན་ཟླ་བ།(6)      མཚན་ལེགས།(7)ཞེས་དེ་བཞིན་གཤེགས་པ་བདུན་གྱི་སྐུ་མདོག་དང་ཕྱག་མཚན་རྣམས་རྒྱས་པར་གླེང་འདུག    །ཡིན་ཡང་སྨན་བླ་མཆེད་བརྒྱད་དང་མཆེད་བདུན་གྱི་ཁྱད་པར་གང་ཡིན་པ་མ་ཤེས་པས་ཨ་ཁུ་དགེ་འདུན་དོན་གྲུབ་ལ་བཀའ་འདྲི་ཞུས་པ་ན་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་བགྲངས་མིན་གྱིས་ཤོར་བར་གསུངས།    སྤྱི་ལོ་2018ལོར་ཕྲན་རང་བསམ་ཡས་མཆིམས་ཕུ་ནས་བྲག་བརྐོས་རི་མོ་སྨན་བླ་གཙོ་འཁོར་གསུམ་པ་མཇལ་དུས་དགའ་བ་དཔག་མེད་ཅིག་བྱུང་།  ལ་ལས་ཕྲན་ནི་དུས་རབས་བཅུ་གཅིག་གི་མཆིམས་ཕུའི་བྲག་བརྐོས་རི་མོ་རྣམས་རིག་གཞུང་པའི་སྡེ་ནས་ཐོག་མར་རྙེད་མཁན་ལྟ་བུ་ཡིན་པར་བཤད་ཀྱང་།    ཕྲན་ལ་མཚོན་ན་ཡུལ་གྲུ་གཞན་ལས་མཐོང་དཀོན་པའི་སྨན་བླ་གཙོ་འཁོར་ཀེར་བཞེངས་ཅན་ཞིག་མཐོང་བ་བསོད་ནམས་ཆེན་པོ་ཞིག་ཏུ་བསམས་ཡོད།  གཉིས་སུ་འུ་ཚང་གིས་སྨན་བླ་བཞེངས་པའི་བྱིན་རླབས་གཞན་ཞིག་ཀྱང་ཕྲན་ལ་ཐོབ་བྱུང་སྟེ། འདིར་བཀོད་པའི་སྨན་བླ་དང་འབྲེལ་བའི་ཤེས་བྱ་རྣམས་ཀྱང་ཁོང་གི་སྐུ་དྲིན་ཅི་ལ་མིན།   ཁྱིམ་ཚང་ཞིག་ལ་མཚོན་ན་ནད་པ་མེད་པ་ནི་བདེ་སྐྱིད་ཆེས་ཆེ་ཤོས་ཡིན་ལ།  ད་ལྟའི་བར་ཨ་མེས་འདས་ཁར་མནར་བའི་སྡུག་བསྔལ་མི་འདོད་བཞིན་དུ་ཟླ་བ་འགའ་ལ་འཁུར་བ་ལས།  གཞན་འུ་ཚང་གི་ནང་མི་སུ་ཞིག་ལ་ཡང་ན་ཚ་ཆེན་པོ་བྱུང་ནས་སྨན་ཁང་ནས་གཤག་དགོས་པ་སོགས་ཀྱི་རྐྱེན་ངན་གློ་བུར་བ་གང་ཡང་མ་བྱུང་བ་དང་།  སྒོས་སུ་ཨ་ཕྱི་བྱམས་ཁོ་དགུང་ལོ་བརྒྱད་ཅུ་ལ་སོན་ཡང་།   ཁྲག་ཤེད་མཐོ་བ་ཙམ་ལས་ན་ཚ་མེད་པར་ཉིན་རེ་བཞིན་དགོན་པར་སྐོར་བ་སྐྱོད་ནུས་པ་དེ་ཡང་ཨ་ཁུ་གཤེགས་པ་ཚོས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་བསྟེན་པའི་བྱིན་རླབས་ཡིན་ངེས་ཨང་། 

པར་བཅུ་གཉིས་པ། སྟོན་པ་མཐོ་གང་མ། 

ཕྲན་གྱིས་ལྡེར་བཟོ་འདི་ཉིད་ལ་གསེར་འབྱུག་པ་ལས་སྒྲུབ་ཐབས་ལྟར།  སྐུ་མདོག་མཐིང་ག་དང་དར་དམར་པོའི་ཆོས་གོས་རྣམ་གསུམ་གྱི་ཚོན་མདངས་ལེགས་པར་གཏོང་འོས་ཚུལ་སྨྲས་ཀྱང་།  ཁུ་བོས་ཚོགས་བསགས་ཀྱི་སླད་དང་།  སྒོས་སུ་མཆོད་ཁང་གི་ཁང་བཟང་སྔོན་པོ་ཡིན་པས་སྨན་སྐུའི་སྐུ་མདོག་སྔོན་པོ་ཡིན་ན་མི་འགྲིག་པར་གླེང་བས་སྐུ་ཡོངས་ལ་བཟོ་བོ་དང་ཁོང་གི་སྤུན་གཉིས་ཀྱིས་གསེར་དམར་བྱུགས་པ་ལགས།   རྒྱལ་བའི་བཀའ་ལས་“འཇིག་རྟེན་གྱི་ཁམས་བཻཌཱུརྱ་སྣང་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཅེས་བྱ་བ་བཞུགས་ཏེ།  འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ་ཡོད་དོ། །”ཞེས་གསུངས་པས་ཁང་བཟང་སྔོན་པོ་དང་སྨན་བླའི་ཞིང་ཁམས་གཉིས་ཨ་འགྲིག་ཆ་འགྲིག་རང་ཡིན་པས་འདི་ལ་མི་དགའ་ཅི་ལ་དགའ།  ང་ལ་སེམས་ཁྲལ་གཞན་ཞིག་བྱུང་བ་ནི་ཁུ་བོ་བསྟན་ཆོས་ཀྱིས་སྔོན་བསྟན་པ་ཡང་དར་སྐབས་ལ་དཔར་བའི་སྟོན་སྐུ་མཐོ་གང་མ་དེ་དག་ཕྱིས་སུ་ལོང་བྱུང་དུས་སྐུ་ཡོངས་ལ་གསེར་བྱུག་འཆར་ཡོད་ཟེར། སྔོན་གྱི་སྐུ་བརྙན་ཅི་རིགས་ཀྱི་ཚོན་རྣམས་དེ་ལུགས་བཞིན་སོར་བཞག་བྱེད་འོས་པས།  དེ་ལ་གསེར་བྱུགས་པ་ནི་དོན་དམ་དུ་གཏོར་བརླག་ཅིག་རེད། སྔོན་མ་ཞིག་ལ་གསེར་བྱུགས་པའི་སྟོན་སྐུ་དེ་ད་ལྟའི་ཆར་གསེར་རྣམས་ནག་པོར་གྱུར་ནས་མི་སྡུག་པ་ཞིག་ཏུ་གྱུར་འདུག    །སྨན་སྐུ་རྙིང་པ་ཚོན་ལེགས་ཅན་ལ་བསྐྱར་དུ་གསེར་བྱུགས་མི་འོས་པར་ལབ་ཀྱང་ཁུ་བོས་དེའི་དགེ་མཚན་ལ་དང་དོད་ཆེར་མེད་པས་ཕྱིས་སུ་ཁྱེད་ཀྱིས་ཀྱང་ཁ་ཏ་ཞིག་གནང་རོགས།    ཁྱེད་རང་ཡང་རབ་བྱུང་བ་ཡིན་པས་གཅིག་བྱས་ན་ཁོང་གི་རང་ལུགས་ལ་འཐད་སྲིད་སྙམ།  དད་པའི་ངོས་ནས་ཇོ་བོ་རིན་པོ་ཆེ་བཞིན་གསེར་བྱུགས་པ་ལེགས་མོད།  སྟོན་པའི་སྐུ་བརྙན་རྙིང་པ་དེ་རྣམས་ཀྱིས་དུས་སྐབས་དམིགས་བསལ་བ་ཞིག་གི་ལོ་རྒྱུས་དང་སྤྱི་ཚོགས་འཚོ་བ་མཚོན་ཐུབ་པས་རིག་གནས་ཀྱི་རིན་ཐང་ངོས་ནས་གསེར་ཞུ་མ་ཕུལ་ན་ཤིན་ཏུ་མཛེས།  སླད་མར་ཁོ་བོ་རང་མགོ་ཐོན་དུས་ཤིག་ལ་སྨན་བླའི་གཡས་གཡོན་དུ་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་སྣང་བྱེད་དང་ཟླ་བ་ལྟར་སྣང་བྱེད་གཉིས་ཀྱང་། བཟོ་བོ་ཁོང་གིས་བཞེངས་པར་ཞུས་པ་ལ་དེ་ལུགས་བཞིན་བྱེད་པར་འཐད་སོང་།  སྨན་སྐུ་རྙིང་པ་རྣམས་ལས་བྱང་སེམས་དེ་གཉིས་ལ་གཙོ་སྐུ་ཇི་བཞིན་གསེར་ཞུ་ཕུལ་ན་ལེགས་པར་སྙམ་པ་ནི་ཕྲན་གྱི་བསམ་ཚུལ་ལོ། །    ཨ་མེས་མཁའ་འབུམ་ཚེ་རིང་སྐུ་འཚོ་དུས་ཀྱི་ལོ་མཐའ་མ་ལ་ཁྱེད་ཀྱིས་ཁོང་ལ་དྲིས་ནས།   ང་བརྒྱད་ཡར་སྔོན་གྱི་མཆོད་ཁང་གི་སྐུ་རྟེན་རྣམས་ཟིན་བྲིས་ལ་བཏབ་པ་ད་ལྟ་ཡང་མཆོད་ཁང་ནང་ཉར་ཡོད་ཅིང་། དེ་བཞིན་ཕྲན་གྱིས་ཀྱང་མཆོད་ཁང་གསར་པ་ལ་དཀར་ཆག་ཅིག་བྲི་འཆར་ཡོད་དེ།  དེ་ཉིད་དྲ་ངོས་སུ་མ་བཀྲམས་པར་ཡིག་མཁན་ཨ་ཁུ་རབ་རྒྱས་ལྟ་བུ་ཞིག་ལ་དབུ་ཅན་གྱིས་བྲིར་བཅུག་སྟེ་གོང་བཤམས་དང་བཅས་ཐང་ཀ་ཞིག་གི་ཚུལ་དུ་མཆོད་ཁང་ནང་བཤམ་པར་བྱ།  དབུས་གཙང་མངའ་རིས་སུ་ཆགས་པའི་སྔོན་གྱི་ལྷ་ཁང་རྣམས་ལ་དཀར་ཆག་འདུག་པ་དེ་ལ་རིག་གཞུང་དང་ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ།  དཔེར་ན་རྒྱལ་རྩེ་མཆོད་རྟེན་གྱི་ལྷ་ཁང་རེ་རེར་བྲིས་འབུར་གཉིས་ཀྱི་བཟོ་བོ་དང་ཡོན་བདག་གི་མཚན་བཀོད་པ་ནི་མིག་རྒྱང་རིང་བའི་རྣམ་དཔྱོད་ཅིག་རེད།  སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཕ་ཞིང་བཙོངས་ནས་གསེར་དུ་བརྗེས་པའི་ཡོན་གྱིས་རྒྱ་གར་དང་བལ་པོ།  ཁ་ཆེ་སོགས་ཀྱི་ཚད་ལྡན་པཎྜི་ཏ་རྣམས་ལ་གཏུགས།   དཀའ་བ་ཆེན་པོས་ཁ་བ་ཅན་ལ་གདན་དྲངས་པའི་རྟེན་གསུམ་བཞུགས་པའི་ཡིད་འོང་ཁང་བཟང་ཞིག    །ཕ་ཞིང་གྲོང་ཁྱེར་ཅན་ལ་ཤོར་བའི་ཡོན་གྱིས་ཁུ་བོ་བསྟན་ཆོས་གཙོས་བཟོ་བོ་རྣམས་ཀྱི་སྐུ་དྲིན་ལས་བཞེངས་པ་ལ་ཁྱིམ་རྒྱུད་ལོ་རྒྱུས་ཐུང་ངུ་ཞིག་ངེས་པར་ཡོད་འོས་སོ། །  

པར་བཅུ་གསུམ་པ།  སྨན་བླ་མཐོང་བ་ཀུན་གྲོལ། 

ཨ་མས་ང་ཚོ་ལ་ཀུ་རེ་རྩེ་བཞིན་འདུག་སྟེ་སྨན་བླའི་སྐུ་བརྙན་བཞིན་ང་ཚོ་ཚང་མས་བྲེལ་བ་མེད་པར་ལྷོད་ལྷོད་ཀྱིས་རྣམ་དཀར་ལས་ལ་བརྩོན་ཐུབ་པར་སྨོན་ཟེར།  ཕྲན་རང་ཡང་འཚབ་རོ་ཞིག་ཡིན་པ་ཁྱེད་ལ་གསལ་ཆ་ཡོད་ངེས།   གལ་ཏེ་དེ་ཉིད་ནད་ཅིག་ཡིན་ན་ཁུ་བོ་བསྟན་ཆོས་དང་ཨ་མ་ངེད་གསུམ་ལ་ནད་འདི་ཤུགས་ཆེ་སྟེ། ཨ་མའི་བྲེལ་འཚུབ་ནི་ཤ་ཉེ་ཚོའི་ཁྲོད་ན་སྐད་གྲགས་ཡོད་པ་ཞིག་རེད།  ཕྲན་གྱིས་ཀྱང་ལས་ཅི་ཞིག་གཉེར་ན་འགྲོས་སྐྱེན་ཡང་གཟབ་ནན་མིན་པའི་རྟགས་ཤིག་རྟག་པར་འབྱུང་བས་བསྐྱར་དུ་སྒྲུབ་དགོས་པའི་གནད་དོན་ཡང་གང་མང་འཕྲད་མྱོང་།  གོང་དུ་གླེང་ཟིན་པའི་ཐང་ཀ་ཐོར་འགོད་པའི་ལས་ཀ་ནི་ཤིན་ཏུ་སླ་མོ་ཡིན་ཡང་། ཉམས་མྱོང་མེད་པ་དང་གཟབ་ནན་མ་བྱས་པས་རྒན་ལགས་ཀྱི་སྐད་འཕྲིན་ནས་ཐང་ཀའི་པར་དང་དེའི་བཟོ་བོ་སུ་ཡིན་མིན་རེ་རེ་བཞིན་རྩིས་འཁོར་དུ་དབྱེ་བ་དགར་དུས་མགོ་འཁྲུགས་སོང་།   ངེད་ཅག་གི་འཚབ་ཤ་ལངས་པའི་ནད་དེ་དྲག་སྐྱེད་འབྱུང་བ་ལ་སངས་རྒྱས་སྨན་བླས་སྤྱན་གྱིས་གཟིགས་ནས་བྱིན་གྱིས་རློབས་པར་སྨོན།    སྐུ་རྟེན་འདི་ཉིད་བཞེངས་པའི་དགེ་རྩ་ལ་བརྟེན་ནས་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ལ་འབད་པ་ལྷུར་ལེན་མཛད་པའི་སྐྱེས་ཆེན་དམ་པ་དང་།    འཇིག་རྟེན་འཚོ་ཚིས་ལ་འཐམས་པའི་ཕལ་བའི་སྐྱེ་བོ་ཀུན་ལ་ན་ཚ་དང་ཉེ་ཞོ་མེད་པར་སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན།  སྒོས་སུ་འཛམ་བུ་གླིང་འདིར་མི་འདོད་ཏོག་གསར་ནད་ཡམས་ཀྱིས་མནར་བའི་འགྲོ་བ་མི་རྣམས་མྱུར་དུ་ནད་ལས་གྲོལ་བར་སྨོན།  མཐར་སྤྱི་ལོ་2020ལོའི་སྤྱི་ཟླ་12པའི་ཚེས་26ཉིན་རྒྱལ་བའི་སྐུ་གཟུགས་སྨན་བླ་ལ་གཟུངས་གཞུག་འབུལ་བའི་དུས་བཟང་ལ་ཁྱེད་ཀྱིས་ཕྲན་ལ་བསྐུར་བའི་སྨོན་ཚིག་དེ་དྲངས་ནས་འཕྲིན་ཡིག་འདི་ཉིད་མཇུག་བསྡུ་བར་བྱ།

སྨྲས་པ། 

ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །
བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། ། 
སེམས་ཅན་ནད་པ་ཇི་སྙེད་པ། །
མྱུར་དུ་ནད་ལས་གྲོལ་གྱུར་ཅིག །
འགྲོ་བའི་ནད་ནི་མ་ལུས་པ། །
རྟག་ཏུ་འབྱུང་བ་མེད་པར་ཤོག ། 

          ཞེས་སྒོ་བུ་ཤ་བོ་ཚེ་རིང་གིས་རབ་རྒྱན་ལྕགས་བྱི་ལོའི་དགུན་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་རང་ཁྱིམ་ཉི་འོད་འཛོམས་པའི་མཆོད་ཁང་གསར་པ་ལ་རབ་གནས་ཀྱི་ཆོ་ག་སྒྲུབ་པའི་སྦྱོར་བ་བཟང་པོར་ཁུ་བོ་ཆེ་བ་དགེ་འདུན་ཆོས་འཕེལ་ལ་སྤྲིངས་པ་དགེའོ། །

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།