གློག་བརྙན་དབུགས་ལྒང་ལ་ལན་གཅིག་བལྟས་པའི་མྱོང་ཚོར།_ར་རྫ་འཇམ་དབྱངས་སྐྱིད།

1775



ང་ནི་གློག་བརྙན་གྱི་པར་མིག་དང་ཡིད་བརྙན། བཅད་མཐུད་མཛེས་རྩལ་སོགས་ཤེས་མཁན་ཞིག་མིན་པས་དེའི་སྐོར་ནས་བཤད་རྒྱུ་ཅང་མེད་མོད། ད་རེས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པ་འདི་ནི་བུད་མེད་ཀྱི་བདེ་སྡུག་གི་མཐོང་སྣེ་བཟུང་སྟེ་ཕབ་པའི་གློག་བརྙན་ཞིག་ཡིན་པས། གློག་བརྙན་དེ་ལ་ཞུགས་པའི་མི་སྣ་ཡོངས་དང་སྒོས་སུ་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ལ་གཏང་རག་གི་ཚུལ་དུ་ཡིག་འབྲུ་འགའ་ཡིས་རང་གི་ཚོར་སྣང་ཙམ་བཤད་ཁུལ་བྱས་ན།

དེ་ཡང་། གློག་བརྙན་འདི་བལྟས་པ་བརྒྱུད། སྤྱིའི་ཆ་ནས་ང་ལ་དྲོད་ཁོལ་ཞིག་བྱིན་སོང་། གང་ལགས་ཤེ་ན། འཁྲབ་སྟོན་པ་གཙོ་བོ་དར་རྒྱས་ལགས་ནི་རང་གི་འོས་བབ་ཀྱི་ཁྱིམ་འགན་འཁུར་མཁན་ཞིག་དང་ཕ་ལ་གུས་ཤིང་བུ་ཕྲུག་ལ་བྱམས་པ། ཆུང་མར་ཡང་ཁ་ཚིག་ངན་པས་དམའ་འབེབས་དང་གང་འདོད་འདོད་དུ་ལག་སྡུག་གཏོང་མཁན་ཞིག་མིན་པར་མཐོང་ལ། ང་ཚོའི་རོང་འབྲོག་གི་སྐྱེས་པ་ཚང་མ་དར་རྒྱས་འདྲ་བ་ཏག་ཏག་ཡིན་ན་འགྲིག་འདུག་འདོད་པས་སོ། །

ཨ་ཕའི་རྣམ་ཤེས་སུ་སྙམ་པ་གང་དེ་མངལ་ནས་འདེད་འདོད་ཀྱི་བསམ་ཚུལ་གླེང་སྐབས། དར་རྒྱས་ཀྱིས་གཏན་ནས་བསམ་ཤེས་མ་ཐུབ་པར་སྒྲོལ་དཀར་ལགས་ལ་འགྲམ་ལྕག་ཐེངས་གཅིག་གཞུས། ཏག་ཏག་དེ་ནི་མི་སྒེར་གྱི་ཁེ་ཕན་དང་རིག་གནས་ཀྱི་སྲོག་རྩ་གཉིས་ཕོ་གློག་མོ་གློག་འཕྲད་པ་ལྟར་སོང་བ་ཞིག་ཡིན་པས་བཤད་བདེ་བོ་མེད་པ་བདེན་མོད་ཀྱང་། མཐར་ཐུག རིག་གནས་ཀྱིས་མི་ལ་ཞབས་ཞུ་སྒྲུབ་པའི་ལམ་ཁ་ཞིག་ལ་འགྲོ་བ་ལས། ནམ་ཡང་མིས་བློས་གཏོང་ཆེན་པོ་བྱེད་དགོས་ཐུག་ཚེ། མཇུག་འབྲས་ག་འདྲ་ཡོང་མིན་ལ་བསམ་བློ་ཏན་ཏན་གཏོང་དགོས་འདུག་སྙམ།

གོང་གི་དོན་དག་དེ་ནི་ཧ་ཅང་དམིགས་བསལ་ཞིག་ཡིན་པས་སྒྲོལ་དཀར་གྱི་དབང་ལ་ཡོང་དཀའ་བ་དཔག་པས་ཀྱང་ཤེས་མོད། སྤྱིར་ཡང་སྲོལ་རྒྱུན་ཡག་ཉེས་གང་རུང་ཞིག་ལ་ཕྲད་ཚེ། ཆ་རྐྱེན་ཅི་ཡང་མེད་པར་བུད་མེད་ཚོས་རང་ཉིད་བློས་གཏོང་དགོས་པ་ནི་ང་ཚོའི་འགྲོ་ཕྱོགས་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་བས། ད་རེས་སྒྲོལ་དཀར་གྱིས་མངལ་ཕྲུག་འདེད་འདོད་ཀྱི་གདམ་གསེས་དེས་ཁོ་མོའི་ཁྱིམ་ཚང་བཤད་ཅི་དགོས་ཏེ། ཐ་ན། གློག་བརྙན་ལྟད་མོ་པ་སྐོར་ཞིག་གི་བརྩེ་དུང་ལའང་ཕོག་ཐུག་བཟོས་ཡོད་ཚོད།

གནོན་ཤུགས་ཆེན་པོའི་འོག་ཏུ་སྒྲོལ་དཀར་ལ་གདམ་གསེས་ཀྱི་རང་དབང་མ་བྱུང་ཡང་། ཕྱི་རྐྱེན་ནང་རྐྱེན་འཛོམས་ཏེ་རང་གི་འདོམ་གང་ལུས་པོ་ལ་བདག་པོ་རྒྱག་པའི་བློ་རབ་རིབ་ཅིག་སྐྱེས། དེ་ནི་ཁོ་མོའི་བློ་སྐྱེད་ཡིན་ན་འདྲ། འཁྲབ་འཁྲིད་པའི་བཙན་གྱིས་བསྒར་བའི་བསམ་ཚུལ་ཡིན་ཡང་རུང་། ཕོ་མོ་སུ་ཞིག་ཡིན་རུང་མི་ཚེའི་གདམ་གསེས་ཀྱི་རང་དབང་རང་ལག་ཏུ་ཡོད་རྒྱུ་ནི་རྐང་འགྲོ་མི་ཞིག་བཅའ་བའི་སྔོན་འགྲོ་ཡིན་པ་གཞིར་བཞག་གོ།

མཐར། འཁྲབ་འཁྲིད་པ་ལགས་ཀྱིས་སྤྱི་ལ་ཁྱབ་པའི་བུད་མེད་ཀྱི་བདེ་སྡུག་གངས་ཆར་འདྲེས་མ་བགྲང་གིས་མི་ལང་བ་དག་པར་མིག་ཏུ་བླངས་ཏེ་གློག་བརྙན་རྭ་ཤེལ་ཆུ་མོའི་རྒྱུན་ལྟར་རིང་ཞིང་། གློག་བརྙན་སྒྱུ་རྩལ་ཆུ་མོའི་རླབས་ལྟར་འཕྱོ་བར་ཤོག་ཅེས་ཞུ་གི་ཡིན།
     ཁ་དྲོ། བཀྲ་ཤིས།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།