རྩོམ་པ་པོ། གློ་བོ་འཇམ་དབྱངས་བློ་གྲོས།
སྔར་གློ་བོའི་ཁུལ་ན་རྩིས་པའི་གྲོང་པ་ནི་སྨོན་ཐང་དང་འཕྲེད་མཁར། གཙང་རང་དང་གད་སྨད། མཚོ་གནམ་དང་ཀླུ་བྲག་སོགས་སུ་མང་དུ་ཡོད་ནའང་། དེ་དག་ཐམས་ཅད་ནི་ད་ལྟ་རྗེས་མེད་ཤུལ་མེད་དུ་གྱུར་ཟིན། འོན་ཀྱང་། གློ་སྟོད་ཚོ་བདུན་གྱི་ཡ་གྱལ་ཕ་ཡུལ་དགེ་ལུང་མདའ་རྭ་གོང་རྩིས་དཔོན་གྲོང་པ་ནི། ད་ལྟའང་ཕ་ཤུལ་བུ་འཛིན་གྱི་ལམ་ནས་མུ་མཐུད་གནས་ཡོད། གནས་པ་ཙམ་དུ་མ་ཟད། རྩིས་ཀྱི་རིག་པའི་ལམ་ནས་གློ་བོའི་ཡུལ་ཁག་མང་པོར་ཁ་ཚ་དགོས་གཏུགས་ཀྱི་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན། གྲོང་པ་འདིས་ནི། རྩིས་རིག་གི་ལམ་ནས་ལུང་པ་མང་པོར་སྲི་ཞུ་སྒྲུབ་པ་ཙམ་མ་ཟད། སྔར་དགེ་ལུང་སྡེ་པའི་སྲིད་གཞུང་སྐབས་མཁར་གྱི་ཕོ་ལྷ་གསོལ་བའི་མཆོད་གནས་དམ་པའང་ཡིན་རབས་གླེང་།
གྲོང་པ་དེ་ཉིད་ག་དུས་ཆགས་མིན་དང་རྩིས་ཀྱི་ལག་ལེན་ག་དུས་ནས་མགོ་ཚུགས་མིན་གྱི་ལོ་ཚིགས་ཁ་ཚོན་བཅད་ནས་བཤད་དཀའ་ནའང་། ཚོད་དཔག་ལྟར་ན་ལུང་པ་དེ་ཉིད་ཐོག་མར་ཆགས་དུས་ཙམ་ནས་མགོ་ཚུགས་པ་མིན་ནམ་ཞེས་ཨ་ཕས་བཤད། དེ་ལྟར་ན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པ་ཡིན། གལ་ཏེ་གྲོང་པ་འདིར། ལོ་ངོ་སྟོང་ཕྲག་གི་སྔོན་ནས་རྩིས་ཀྱི་ལག་ལེན་བྱུང་ཡོད་ཚེ། ད་ལྟའི་བར་རྩིས་པ་བརྒྱ་སྐོར་བྱུང་ཡོད་པ་གོར་མ་ཆག་ནའང་། དེ་དག་རེ་རེའི་མཚན་དང་ལོ་རྒྱུས་སོགས་ནི། ཁུངས་ལྡན་གྱི་ཡིག་ཆ་དང་རྒན་པོ་སོགས་ཀྱི་དྲན་ལམ་མེད་པས་ཞུ་ཐབས་བྲལ།
འོན་ཀྱང་ཉེ་རབས་ཀྱི་རྩིས་པ་འགའ་ཡི་བྱུང་བ་བརྗོད་ན། དང་པོ་རྩིས་པ་ཚངས་ལེགས་ནི། ཉི་མ་དོན་གྲུབ་ཀྱི་སྲས་ཡིན་ལ། ཉི་མ་དོན་གྲུབ་ལ་སྲས་གཉིས་ཏེ་ཆེ་བ་རིགས་ལྡན་དང་ཆུང་བ་ཚངས་ལེགས་འདི་ཉིད་ཡིན། ཉི་མ་དོན་གྲུབ་ནི་རབ་བཟང་ཞེས་པ་གློ་བོ་སྨོན་ཐང་གཟིམ་ཁང་འོག་མའི་མི་རྒྱུད་གྲགས་ཅན་ཞིག་དགེ་ལུང་རྟ་དམག་སྒང་གི་མག་པར་ཕེབས་པ་དེའི་སྲས་ཡིན། ཚངས་ལེགས་རང་ཉིད་ཀྱང་དགེ་ལུང་རྟ་དམག་སྒང་གྲོང་པའི་མི་ཚང་ཡིན་ནའང་། དགེ་ལུང་མདའ་རྭ་གོང་མའི་གྲོང་པར་བུ་རབས་ཆད་ནས་བུ་མོ་ལྷ་འཛོམས་དང་མཚམས་གཅོད་གཉིས་ཀྱི་མག་པར་ཕེབས། མདའ་རྭ་གོང་མའི་གྲོང་པ་ནི་མི་རབས་ནས་མི་རབས་བརྒྱུད་དེ་རྩིས་ཀྱི་རྒྱུན་འཛིན་པ་ཡིན་ཕྱིར། རྩིས་པ་ཚངས་ལེགས་ཀྱིས་ཀྱང་རྩིས་ཀྱི་རྒྱུན་འཛིན་སླད་རྩིས་སྦྱངས་ནས་ནག་རྩིས་མཐར་ཕྱིན་པར་ཤེས་ནའང་། སྐར་རྩིས་ནི་མི་ཤེས། ལོ་ཐོ་ཡང་བཏོན་ཐུབ་མེད། དགེ་རྒན་སུ་བསྟེན་པ་དང་ལོ་དུ་ལ་སྦྱངས་པ་སོགས་ནི་རེ་ཞིག་མ་ངེས།
གཉིས་པ་རྩིས་པ་དཔལ་ལྡན་ནི། རྩིས་པ་ཚངས་ལེགས་ཀྱི་བུ་ཡིན་ལ། རྩིས་པ་དཔལ་ལྡན་གྱིས་ཀྱང་ཕ་ཤུལ་བུ་འཛིན་གྱི་ལམ་ལུགས་ལྟར་རང་གི་ཨ་ཕ་དགེ་རྒན་དུ་བསྟེན་ནས་རྩིས་ལ་སྦྱང་བརྩོན་གནང་མོད། འོན་ཀྱང་ནག་རྩིས་མ་གཏོགས་སྐར་རྩིས་ནི་མི་ཤེས། ལོ་ཐོ་ཡང་བཏོན་ཐུབ་མེད། ལོ་དུ་ལ་སྦྱངས་པ་སོགས་ནི་མ་ངེས།
གསུམ་པ་རྩིས་པ་དབང་རྒྱལ་ནི། ཡབ་རྩིས་པ་དཔལ་ལྡན་དང་ཡུམ་ཕུར་པ་ལྷ་མོ་གཉིས་ཀྱི་སྲས་ཡིན། ཡུམ་ཕུར་པ་ལྷ་མོ་ནི་ད་ལྟའི་སྐྱིད་དཔལ་གྲོང་པའི་མི་ཡིན། ཁོང་གཉིས་ལ་སྲས་ལྔ་ཡོད་དེ། དབང་རྒྱལ་དང་། དར་རྒྱས། མི་འགྱུར། བཀྲ་ཤིས། ཁྱེའུ་ཆུང་བཅས་ཡིན། དེ་ལ་རྩིས་པ་དབང་རྒྱལ་ནི་བུ་ཆེ་ཤོས་ཡིན་པས་རྩིས་ཀྱི་རྒྱུན་ངེས་པར་འཛིན་དགོས་པས་རྩིས་སྦྱངས་ནའང་། ནག་རྩིས་མ་གཏོགས་སྐར་རྩིས་མི་ཤེས། ལོ་ཐོ་ཡང་བཏོན་ཐུབ་མེད། གང་དུ་སྦྱངས་པ་དང་ལོ་དུ་ལ་སྦྱངས་པ་དང་དགེ་རྒན་སུ་བསྟེན་པ་སོགས་ནི་མ་ངེས།
བཞི་པ་རྩིས་པ་དར་རྒྱས་ནི། ཡབ་རྩིས་པ་དཔལ་ལྡན་དང་ཡུམ་ཕུར་པ་ལྷ་མོ་གཉིས་ཀྱི་སྲས་གཉིས་པ་དེ་ཡིན། ཁོང་གིས་ཀླུ་བྲག་ཅེས་པའི་ཡུལ་དུ་བོན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བསྟན་འཛིན་ཉི་མ་དགེ་རྒན་དུ་བསྟེན་ནས་དཀར་ནག་གི་རྩིས་གཉིས་ཀ་མཐར་ཕྱིན་པར་བསླབས། རྩིས་ལ་ཧ་ཅང་མཁས་པར་གྱུར་པས་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ། ལོ་ཐོ་ཡང་བཏོན་ཐུབ་པ་བྱུང་ཡོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཁོང་རང་ལོ་སོ་བདུན་ཐོག་སྟེང་རྒྱས་ལུང་པའི་ཁ་གཏད་དུ་ཐོ་ཡོར་དཀར་པོ་ཞེས་པའི་རི་གཅིག་གི་དོན་དག་ལ་ཁ་མཆུ་རྒྱབ་ཏུ་ཡམ་བུར་ཕྱིན་ནས། ཡར་ལོག་ཡོང་དུས་ཚད་ནད་ཀྱིས་གྲོངས། ཁོང་གི་བླ་མ་བསྟན་འཛིན་ཉི་མ་ནི་ངེས་པ་དོན་གྱི་མཁས་བཙུན་གྲུབ་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། ཁོང་གི་སྐོར་ཅུང་ཟད་བཤད་འདོད་ནའང་སྐབས་སུ་མ་བབ་པས་རེ་ཞིག་མི་སྤྲོ། དོན་གཉེར་ཅན་ཚོས་བླ་མ་ཁོང་གི་རྣམ་ཐར་ལོགས་སུ་ཡོད་པས་དེར་གཟིགས་པར་ཞུ།

རྩིས་པ་དར་རྒྱས་ཀྱིས་མཛད་པའི་ལོ་ཐོ། འཇམ་དབྱངས་བློ་གྲོས་ཀྱིས་པར་བླངས།
ཡབ་རྩིས་པ་དཔལ་ལྡན་དང་ཡུམ་ཕུར་པ་ལྷ་མོ་གཉིས་ཀྱི་སྲས་གསུམ་པ་ནི་མི་འགྱུར་ཡིན་ལ། ཁོང་ནི་བོད་ངོར་དགོན་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་གྲོས་ཞེས་གསོལ། དེར་ཐོས་བསམ་སློབ་གཉེར་མཛད། ཕྱིས་སུ་ངོར་གཞུང་གི་ཕྱག་མཛོད་དུ་བསྐོ་བཞག་གནང་ནས་མཚན་ལའང་ཕྱག་མཛོད་དམ་པ་བློ་གྲོས་ཞེས་ཡོངས་སུ་གྲགས། བོད་དུ་དུས་འགྱུར་མ་བྱུང་བའི་གོང་ཙམ་ན་བོད་རང་དུ་གྲོངས། འདི་ནི་ཞོར་འཕྲོས་ཙམ་མོ། །
ལྔ་པ་རྩིས་པ་བཀྲ་ཤིས་ནི། ཡབ་རྩིས་པ་དཔལ་ལྡན་དང་ཡུམ་ཕུར་པ་ལྷ་མོ་གཉིས་ཀྱི་སྲས་བཞི་པ་དེ་ཡིན། ཕུ་བོ་རྩིས་པ་དར་རྒྱས་གཞོན་དུས་ནས་གྲོངས་པར་བརྟེན། རྩིས་ཀྱི་རྒྱུན་ཉམས་ལ་ཁད་པས་ཁོང་གིས་མཚོ་གནམ་གོང་གི་གྲོང་པར་རྩིས་རིག་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད་ནས་དཀར་ནག་གི་རྩིས་གཉིས་ཀ་ལ་བྱང་ཆུབ་པ་བྱུང་། ལོ་ཐོ་ཡང་བཏོན། དགེ་རྒན་སུ་བསྟེན་པ་དང་ལོ་དུ་ལ་སྦྱངས་པ་ནི་མ་ངེས། ཁོང་ཡང་ཅུང་གཞོན་པ་ལ་གྲོངས་པར་བཤད། མཚོ་གནམ་གོང་གི་གྲོང་པ་ནི་རྙིང་མའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་ལ། གྲོང་པ་དེ་ནི་ཚུག་གི་སྦུག་ཏུ་ཆགས་ཡོད། སྲས་ཀྱི་ཐ་ཆུང་ཁྱེའུ་ཆུང་གིས་རྩིས་རིག་མ་བསླབ་པ་འདྲ།

རྩིས་པ་བཀྲ་ཤིས་ཀྱིས་མཛད་པའི་ལོ་ཐོ། འཇམ་དབྱངས་བློ་གྲོས་ཀྱིས་པར་བླངས།
ལྔ་པ་རྩིས་པ་ཀ་མི་ ( Kami ) 1912-1985 ནི། ཡབ་ཁྱེའུ་ཆུང་དང་ཡུམ་མངའ་ཆུང་གཉིས་ཀྱི་སྲས་ཡིན། ཁོང་གཉིས་ལ་རྩིས་པ་ཀ་མི་དང་འཇམ་དབྱངས་གཉིས་འཁྲུངས། ཀ་མི་ཞེས་པ་སྤྱིར་བགར་བའི་མིང་ཡིན་ནའང་། ཕྲུ་གུ་ལ་དེ་ལྟར་བཏགས་དོན་ནི་སྐུ་ཚེ་བསྲིང་པ་ལ་ཕན་པ་སྲོལ་རྒྱུན་གྱི་དད་མོས་ཤིག་ཡིན། ཁོང་རྩིས་སློབ་ཏུ་སྨོན་ཐང་ལ་ཕྱིན། སྨོན་ཐང་གི་སྐུ་དྲག་རིགས་རྒྱུད་རྩིས་པ་གྲགས་ཅན་ཨོ་རྒྱན་ཞེས་པ་དགེ་རྒན་དུ་བསྟེན་ནས། ལོ་དྲུག་གི་རིང་ལ་བསྟུད་མར་རྩིས་རིག་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། དཀར་ནག་གི་རྩིས་གཉིས་ཀ་ལེགས་པར་ཁོང་དུ་ཆུད་ནས་མཁས་པའི་སྙན་པ་ཡོངས་སུ་རྒྱས། ལོ་ཐོ་ཡང་བཏོན་ཐུབ་པ་བྱུང་།

རྩིས་པ་ཀ་མིས་མཛད་པའི་ལོ་ཐོ། འཇམ་དབྱངས་བློ་གྲོས་ཀྱིས་པར་བླངས།
དྲུག་པ་རྩིས་པ་ཤེས་རབ་བསྟན་པ་( 1931-1990 )ནི། ཡབ་རྩིས་པ་ཀ་མི་དང་ཡུམ་ཚེ་དབང་བཟང་མོ་གཉིས་ཀྱི་སྲས་ཡིན། ཡུམ་ཚེ་དབང་བཟང་མོ་ནི་སྟག་པ་ཆུ་མིག་གྲོང་པའི་མི་ཡིན། ད་ལྟའི་འགྲོ་སྟངས་ལྟར་བྱས་ན་གདུང་རྟེན་འཇམ་དབྱངས་དབང་འདུས་གྲོང་པའི་མི་ཡིན། ཁོང་གཉིས་ལ་སྲས་གཅིག་ལས་མེད། བུ་མོ་གཉིས་སྐྱེས་ནའང་གཉིས་ཀ་ཆུང་དུས་ནས་ཚེའི་འདུ་བྱེད་བཏང་། ཁོང་གིས་ཡབ་རྩིས་པ་ཀ་མི་དགེ་རྒན་དུ་བསྟེན་ནས་དགེ་ལུང་ཀླུང་གི་གཤམ་དུ་ཡོད་པའི་( ཀ་ཤུ་གདང་) ཞེས་པའི་བྲག་ཕུག་ཏུ་རྩིས་ལ་སློབ་གཉེར་གང་འཚམ་མཛད། འོན་ཀྱང་ནག་རྩིས་མ་གཏོགས་སྐར་རྩིས་མི་ཤེས། ལོ་ཐོ་ཡང་བཏོན་ཐུབ་མེད།
བདུན་པ་རྩིས་པ་བློ་གྲོས་ ( 1957 )ནི། ཡབ་ཤེས་རབ་བསྟན་པ་དང་ཡུམ་དངོས་གྲུབ་དབང་མོ་གཉིས་ལ་ཁྱོན་བསྡོམས་སྲས་སྲས་མོ་བདུན་ཡོད་པའི་ནང་ནས་སྲས་ཆེ་ཤོས་དེ་ཡིན། ཁོང་གིས་རང་གི་མེས་མེས་རྩིས་པ་ཀ་མི་དགེ་རྒན་དུ་བསྟེན་ནས་དགེ་ལུང་ཀ་ཤུ་གདང་ཞེས་པའི་བྲག་ཕུག་ཏུ་ལོ་དྲུག་བདུན་རིང་ལ་རྩིས་ལ་བསླབས། ལོ་ངོ་དྲུག་བདུན་རིང་ལ་རྩིས་ལ་སློབ་སྟངས་ནི། དེང་གི་སློབ་གྲྭའི་འགྲོ་ལུགས་ལྟར་ཉི་མ་བསྟར་ཆགས་སུ་བསླབ་རྒྱུ་མེད་པར་ལོ་རེའི་དགུན་ཟླ་བ་གསུམ་གྱི་རིང་ཙམ་ཡིན། དཔྱིད་ཀ་དང་དབྱར་ཁ་སྟོན་ཀ་གསུམ་ནི་ཞིང་ལས་ཀྱི་བྲེལ་བས་ཁོམ་གི་མེད། དེ་ལྟར་ནའང་། དུས་ཡུན་ཐུང་ངུ་དེའི་རིང་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་དཀར་ནག་གི་རྩིས་གཉིས་ཀ་མཐར་ཕྱིན་པར་བསླབས་ཏེ་རྩིས་རིག་ལ་མཁས་པར་གྱུར། ལོ་ཐོ་ཡང་ལོ་ལྟར་བཏོན་དང་འདོན་མུས་ཡིན།

རྩིས་པ་བློ་གྲོས་ཀྱིས་མཛད་པའི་ལོ་ཐོ། འཇམ་དབྱངས་བློ་གྲོས་ཀྱིས་པར་བླངས།
བརྒྱད་པ་རྩིས་པ་ཚེ་རིང་ནོར་བུ་( 1983 )ནི། ཡབ་རྩིས་པ་བློ་གྲོས་དང་ཡུམ་ལྷག་པ་སྒྲོལ་མ་གཉིས་ཀྱི་སྲས་ཡིན། ཁོང་གིས་རྒྱ་གར་ཤཱིམ་ལར་རྟེན་གཞིས་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་སྨན་རི་གླིང་གི་སློབ་གྲྭ་ནས་དམའ་འབྲིང་གི་ཤེས་ཡོན་རྣམས་ལེགས་པར་བསླབས། དེ་ནས་ཝཱ་ན་མཐོ་སློབ་ཏུ་གཞུང་ཆེན་དང་ལོ་རྒྱུས་སོགས་མཐོ་རིམ་གྱི་རིག་གནས་མང་པོ་ལ་ཐོས་བསམ་མཛད། ད་ལྟ་རང་གི་ཁོམ་པ་དང་བསྟུན་ནས་རྩིས་ཀྱི་རིག་པར་སྦྱོང་བཞིན་པ་ཡིན།
དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་མ་གློ་བོ་འཇམ་དབྱངས་བློ་གྲོས་ནས། ཕ་རྒན་རྩིས་པ་བློ་གྲོས་ཀྱི་ངག་རྒྱུན་ལ་གཞིར་བྱས། དཀར་ཆག་རིན་ཆེན་འཕྲེང་མཛེས་རྒྱས་བསྡུས་གཉིས་ཀྱིས་ཟུར་བརྒྱན་ཏེ་ཕ་ཡུལ་དགེ་ལུང་དུ་བྲིས་པའོ། ། ༢༠༢༠-༡༡-༡
ཧ་ཅང་བཟང་གི
མུ་མཐུད་ནས་ཞིབ་འཇུག་ལེགས་པར་གནང་ཐུབ་ན་ཧ་ཅང་བཟང་།