ངང་རུང་བ་ཨ་ཁུ་འཇམ་དབྱངས་དམ་ཆོས་མཆོག་ལ་མྱ་ངན་ཞུ་བ།__རྨེ་རུ་ཡུལ་ལྷ་ཐར།

7517



         ཕྱི་ལོ2020ལོའི་ཟླ11ཚེས11ཉིན་གྱི་སྔ་དྲོར། ཁོ་བོའི་རྣ་ལམ་དུ་བཀྲ་མི་ཤིས་པའི་དོན་ཞིག་གློ་བུར་ཐོས་བྱུང་སྟེ། ཨ་ཁུ་དམ་ཆོས་ལགས་གཤེགས་སོང་ཟེར་བ་དེ་རེད། གཏམ་འདི་དུས་འདི་ལྟ་བུ་ཞིག་ལ་ཐོས་ཨེ་འགྲོ་སྙམ་པ་ནི་ཉེ་དུས་ཤིག་ནས་བཟུང་ཡོད་མྱོང་ཞིང་། ཟླ་གཅིག་གཉིས་སྔོན་ལ་ཁོང་གི་སྙུང་གཞི་ཇེ་ཐུར་སོང་བ་ནས་ཧ་ལམ་དེ་འདྲའི་དོགས་པ་ཞིག་གི་ངང་ལ་གནས་ཡོད་པས་སོ། ། ཡིན་ནའང་། དངོས་སུ་གཏམ་འདི་ཐོས་འོང་དུས་འདང་རྒྱག་མང་པོ་ཞིག་གི་ཀློང་དུ་དྲངས་སོང་བ་དང་། ཁོང་ལ་ཐེངས་རེ་རེར་མཇལ་དུས་ཀྱི་སྣང་བརྙན་མང་པོ་ཞིག་ཡིད་ལ་རེས་མོས་སུ་འཁོར། ཨ་ཁུ་ཁོང་ང་དང་སྡེ་བ་གཅིག་པ་ཙམ་གྱིས་མི་ཚད་པར། ང་རང་སློབ་འབྲིང་དུ་འགྲོ་བའི་སྐབས་ཤིག་ནས་སྙིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་ཡོང་བར་བརྟེན། དབྱར་གནང་དགུན་གནང་གི་སྐབས་གང་ཡོད་ལ་ཁོང་གི་མདུན་དུ་ཐེངས་མང་སོང་མྱོང་ཞིང་། སྐུལ་མའི་གསུང་དང་བསླབ་བྱ་ནི་དུས་ནམ་ཡང་ཐོབ་ཐོབ་ལ་ཡོད། དེ་བཞིན། ཁོང་གི་ལོ་རྒྱུས་དང་གནས་བབ་ལ་འབྲེལ་བའི་གསུང་མོལ་རིང་མོ་མང་པོ་ཞིག་ཀྱང་སྒེར་ལ་ནང་འཕྲོས་སུ་གླེང་མྱོང་ཡོད་མོད། ང་ནི་ཁ་ཉིན་ཞིག་ནས་སྨན་ཁང་ནང་ཁོང་གི་སར་ཅིག་འགྲོ་རྒྱུ་ཞེས་ཐེངས་འགར་སྨོས་པ་ལས་ཀར་མགོ་འཁོར་ཏེ་ལག་ལེན་དུ་མ་བྱུང་བ་ལ། ཡིད་མི་སྐྱོ་བ་ག་ལ་སྲིད་དོ། །

         ང་རང་ནམ་ཡང་སྤོབས་པ་སྐྱེ་འོས་པའི་གནས་འགའ་ཡོད་པ་ལས། ཁོང་ནི་ངའི་སྤོབས་པའི་འབྱུང་ཁུངས་ཤིག་ཡིན་པ་སྨོས་ཅི་དགོས་ཤིང་། དོན་ལ། ང་རང་སྤོབས་པ་སྐྱེ་ཞིང་སྒུལ་ཤུགས་ཀྱི་སྙིང་སྟོབས་འཛོམས་པའི་དོན་གཙོ་བོ་ནི། ཁོ་བོ་སྐྱེ་ཞིང་འཚར་སའི་ཕ་ས་གཡང་སྡེ་གྲུ་བཞི་འདིར་ལོ་རྒྱུས་ཀྱི་དགེ་མ་བརྗོད་ཀྱང་། ཉེ་དེང་ཚུན་ནས་གྲགས་པ་འབར་བའི་སྐྱེས་ཆེན་འགའ་ཞིག་འཁྲུངས་མྱོང་བས་ཡིན་ཏེ། སྒྱུ་རྩལ་གྱི་དེད་དཔོན་ཆེན་མོ་ཨ་མདོ་བྱམས་པ་མཆོག་དང་། མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དམ་པ་ལྷ་རམས་པ་ཨ་ཁུ་འཇམ་དབྱངས་མཁྱེན་བརྩེ་མཆོག མཁན་ཆེན་རིན་པོ་ཆེའི་གསོ་རིག་གི་རྒྱུད་པ་འཛིན་ཞིང་དབང་ལུང་མན་ངག་བྱེ་བའི་ཁུངས་གྱུར་ངང་རུང་བ་ཨ་ཁུ་འཇམ་དབྱངས་དམ་ཆོས་མཆོག་ལྟ་བུ་རྣམས་འཁྲུངས་མྱོང་བས་ཡིན་ལ། ད་ལྟའང་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་ཞིང་སྙིགས་དུས་དྲང་སྲོང་གི་ཆ་ལུགས་འཛིན་པའི་འདུལ་འཛིན་ཆེན་མོ་ངང་རུང་བ་ཨ་ཁུ་གསུང་མཆོག་ལགས་བཞུགས་པས་ཀྱང་ངོ་། །ཁོང་རྣམས་ཀྱི་དཀའ་སྡུག་གི་མི་ཚེའི་བརྒྱུད་རིམ་དང་མི་ཡུལ་ལ་བཞག་པའི་བྱས་པ་རླབས་པོ་ཆེ་དེ་དག་མཐོང་ཐོས་བྱུང་ཐེངས་རེར། སྲིན་བུ་མེ་འཁྱེར་ལྟ་བུའི་ཁོ་བོ་ཅག་རང་འཁྲིའི་ལས་ཀ་དག་ལ་ཤུགས་ཀྱིས་མི་ཞུགས་རང་དབང་ཅི།

         ད་ལྟ། གོང་སྨོས་སྐྱེས་ཆེན་དམ་པ་ཕལ་ཞིག་རེ་རེ་བཞིན་བཞུད་སོང་ཞིང་། དེ་རིང་ཡང་། ཨ་ཁུ་དམ་ཆོས་ཁོང་ང་ཚོ་དང་གྱེས་ནས་ཕེབས། འདིར་སྐྱོ་ཡུས་ཀྱི་གདུང་བ་གང་ཞིག་འབོད་པར་མི་མོས་ཤིང་། ཚུལ་དེར་གཟས་ཏེ། ཕྲན་གྱིས་བདུན་གཉིས་རིང་འདིར་ཁོང་གི་སྐོར་ལ་སྐད་ཆ་ཚིག་གཅིག་མ་ལབ་པར་བསྡད་པ་འདིའོ། །ཧ་ཅང་ཕངས་པའི་དོན་འགའ་ཡོད་པ་ལས་ངེད་ལ་འགྱོད་པ་ཆེ་ཤོས་ཤིག་ནི། ང་རང་སློབ་ཆེན་ལོ་རིམ་དང་པོའི་སྐབས་ཐེངས་ཤིག་ཁོང་གི་མདུན་སར་སོང་བ་ལ། ཁོང་གིས་ཕྲན་ལ་ངང་རུང་མཁན་ཆེན་སྐྱེ་ཕྲེང་ལྔ་བའི་རྣམ་ཐར་རང་གིས་བྲིས་པ་ཞིག་གནང་སྟེ་བཤུ་རུ་བཅུག་ཅིང་། ངེད་ནས་ཀྱང་དུས་དེབ་གང་ཞིག་ཏུ་འགོད་འཆར་གྱིས་ཁྱེར་བ་ཡིན་མོད། ཕྱིས་ཅི་ལྟར་བཙལ་རུང་མ་རྙེད་པ་ཁོང་ལ་ཞུ་མ་ཕོད་པར་ལོ་ངོ་མང་པོ་འགྱངས་པའི་འཕྲོར། གཞེས་ནིང་ངང་རུང་མཁན་ཆེན་ཁོང་གི་རྣམ་ཐར་ས་བོན་འཚོལ་བསྡུའི་སྐབས་ལ་སྤོབས་པ་ཆེན་པོས་དོན་དེ་ཞུས་ཏེ་ད་ལྟ་ཁོང་གི་སར་རྣམ་ཐར་དེ་ཡོད་མེད་དྲིས་པ་ལ། དེ་ནི་གནའ་ཞིག་ནས་ཁོང་གིས་ཀྱང་ཅི་ལྟར་བོར་བ་མ་ཤེས་པར་བསྡད་ཡོད་པས་ད་ནི་གསར་བ་ཉུང་བསྡུས་ཤིག་བློ་རུ་ཡོད་པ་འགོད་པར་བྱ་བ་ལས་འོས་མེད་ཅེས་གཞན་ཞིག་བརྩམས་སོང་ལ། མ་གཞིའི་རྣམ་ཐར་རྩ་ཆེན་དེ་བོར་བརླག་ཏུ་ཕྱིན་པ་དྲན་ཐེངས་རེར། ཧ་ཅང་མི་སྐྱིད་པའི་ཚོར་བ་ཞིག་གིས་ཡིད་གཡོས་པར་བྱེད་དོ། །

         ད་ནི་གཞན་མང་པོ་མི་བརྗོད་པར་འདི་ཙམ་ཞིག་གིས་རྗེས་དྲན་གྱི་དོད་བྱའོ། །

འདིར། དགོས་པར་གཞིགས་ནས་ཁོང་གི་རྣམ་ཐར་ཉུང་བསྡུས་ཧ་ཅང་ཚགས་མི་དམ་པ་ཞིག་ཀུན་ལ་སྤྱན་བསྟར་བྱ་ཞིང་། ཅུང་ཟད་ཞིབ་ཏུ་མཁྱེན་འདོད་པ་ཚོས་ཁོང་གིས་མཛད་ཅིང་ཁོ་བོས་གོས་ཆེན་ལ་ལྷན་པ་ལྟ་བུས་ཁ་གསབ་བཅོས་འབྲི་ཉུང་ངུར་བྱས་པའི་རང་རྣམ《རང་གི་མི་ཚེའི་བྱུང་བ་མདོ་ཙམ་བརྗོད་པ་དྲང་སྲོང་རྒན་པོའི་སྲང་མདའ》ཞེས་ཀུན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ2014ལོར་པར་དུ་བཏབ་པ་དེར་གཟིགས་པར་ཞུའོ། །

ངང་རུང་བ་འཇམ་དབྱངས་དམ་ཆོས་རྒྱ་མཚོ་མཆོག་ནི། དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ལོ་བའི་བྲག་དཀར་ཞེས་མཚན་སྙན་ཡོངས་སུ་གྲགས་པའི་ལྷ་རིའི་ཉེ་འདབས་སུ་མཎྚལ་གྱི་ཚོམ་བུ་ས་ལ་བཀོད་པ་ལྟ་བུའི་སྒང་སྟོད་སྡེ་བཞིའི་ཡ་གྱལ་རྨེ་རུ་གོང་མ་སྡེ་བའི་ཕ་མཁར་ཏོ་དང་མ་སྲིང་གཞིས་གཉིས་ལ་བུ་བཞི་དང་བུ་མོ་གཉིས་ཏེ་སྤུན་མིང་སྲིང་དྲུག་ཡོད་པའི་ལྔ་པར་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་སྟེ་ཕྱི་ལོ1928ལོར་འཁྲུངས། ཁུ་བོ་ནི་སྣང་སྲིད་མཐའ་དག་རི་མོའི་ལམ་དུ་འདྲེན་པ་ལ་ཇི་མི་སྙམ་པར་འཇོག་ནུས་པའི་ཨ་མདོ་བྱམས་པ་ཞེས་ཞུ་བ་དེ་ཡིན་ལ། དགུང་ལོ་བདུན་པའི་ཐོག་ཟི་ལིང་བོད་སོག་སློབ་གྲྭར་སོང་ནས་ལོ་ངོ་གཉིས་ཀྱི་རིང་ལ་སློབ་གཉེར་བྱས།

དེ་ནས་རང་ཡུལ་དུ་འོང་། དགུང་ལོ་བཅུ་གཅིག་ཐོག་འཕྲལ་རྐྱེན་དུ་མ་ལ་བརྟེན་ནས་རྐྱེན་ངན་གྲོགས་སུ་སོང་སྟེ་རང་དགོན་ངང་རུང་བཀྲ་ཤིས་ཆོས་གླིང་ནས་ཡབ་རྗེ་བླ་མ་མཆོག་གི་མདུན་དུ་བརྗེས་པ་གསུམ་གྱི་སྒོ་ནས་བར་མ་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་བླངས། ཨ་ཁུ་རབ་བརྟན་གྱི་མདུན་ནས་ཀློག་ཀ་ཁ་ནས་བཟུང་མཇུག་བདེ་གསང་འཇིགས་གསུམ་བར་བློ་འཛིན་དང་ཆོ་ག་ཕྱག་ལེན་ལ་སློབ་པའི་སྐལ་བ་ཐོབ།དགུང་ལོ་བཅུ་དགུའི་ཐོག་ཡབ་རྗེ་བླ་མ་མཆོག་གི་མདུན་དུ་སོ་སོར་ཐར་པའི་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བླངས། ཉེར་གཅིག་ཐོག་ཡབ་རྗེ་བླ་མ་མཆོག་གི་བཀས་བསྐོ་བཞག་གནང་ནས་བླ་བྲང་གི་བསྐང་འདོན་པར་ལོ་དྲུག་བསྡད། ཆོས་བཀའ་ཟབ་མོ་མང་པོ་གསན། བླ་བྲང་བཀྲ་ཤིས་འཁྱིལ་བའི་སྨན་པ་གྲྭ་ཚང་གི་ཨ་ཁུ་རྒྱ་པོས་ཞུས་པའི་སྨན་གྱི་རྒྱུད་བཞི་དང་། ཡན་ལག་བརྒྱད་པའི་སྙིང་པོའི་ལུང་མནོས། དབང་དང་རྗེས་གནང་སོགས་ཆོས་ཀྱི་མཛད་སྒོ་ནམ་ཡོད་ལ། སྒོ་གསུམ་གྱིས་གང་ཡོང་ཡོང་ནས་མཆོད་གཡོག་ཞུས་ཤིང་སླ་ཆོས་ཁྲལ་ཆོས་སུ་མ་སོང་བར་ཕྱག་གཡོག་ཚུལ་བཞིན་སྒྲུབ་པས་བླ་མ་ཐུགས་དགྱེས་ཤིང་ཧ་ཅང་ཚིམ་པ་བྱུང་། ཨ་ཁུ་མཁྱེན་རབ་ཚང་གི་མདུན་དུ་ལམ་རིན་ཆེན་མོ་སོགས་ཀྱི་དབང་ལུང་མནོས། དགུང་ལོ་ཉེར་བཞིའི་སྟེང་ཡབ་རྗེ་བླ་མ་མཆོག་དང་ཨ་ཁུ་ཚང་རྣམ་གཉིས་ནས་བཀའ་བསྩལ་པ་བཞིན། ལོ་དེ་གའི་བླ་མ་གཞུང་ལས་པའི་ཁུར་ལྕི་མོ་བཞེས། རང་ལོ་ཉེར་བརྒྱད་པ་ས་ཁྱི་སྟེ་ཕྱི་ལོ1958ལོར་ཉེས་མེད་ནག་འགེལ་གྱིས་འཐབ་རྩོད་བགྱིས་ཏེ་ཁུར་ཆེན་པོ་མྱངས། གཏེར་ལེན་ཁར་ངལ་རྩོལ་ལ་ཞུགས་སུ་བཅུགཆུ་ཡོས་ཏེ་ཕྱི་ལོ1963ལོའི་ཟླ་བདུན་པའི་ནང་བཙོན་གྲོལ་ཐོབ།མར་ལམ་གཅན་ཚ་རྫོང་ཐོག་ཏུ་ཉིན་བཅུ་གྲངས་ལ་སླར་ཡང་བཙོན་དུ་བཀག

དེ་ནས་གློད་གྲོལ་གྱིས་རང་ཡུལ་དུ་ངལ་རྩོལ་ལ་ཞུགས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོན་ནས་ལོ་གྲངས་བརྒྱད་ལྷག་གི་རིང་ལ། ཐོག་མར་ཨ་ཁུ་བསྟན་འཛིན་རྒྱ་མཚོའི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་བསྐྱར་བླངས། ཁྲིད་རྣམས་ཉན། ཨ་ཁུ་འཇམ་དབྱངས་ཉི་མ་དང་ཨ་ཁུ་ཆོས་རྒྱལ་ཚང་། ཨ་ཁུ་འཇིགས་མེད་རྒྱ་མཚོ། གཅན་ཚའི་ཨ་ཁུ་དགེ་འདུན་རྒྱ་མཚོ་སོགས་བསྟེན་ནས་སློབ་གཉེར་ཚུལ་བཞིན་གནང་ཞིང་གསོ་བ་རིག་པར་ནན་ཏན་མཛད། དེ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པ་དང་རྗེ་འཇིགས་མེད་རིགས་པའི་བློ་གྲོས། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།རྗེ་བསྟན་པའི་རྒྱལ་མཚན། རྗེ་དགེ་འདུན་རྒྱ་མཚོ།ཨ་ཁུ་བློ་བཟང་རྒྱ་མཚོ། ལམ་རིམ་པ་ངག་དབང་ཕུན་ཚོགས། རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་ལས་ཀྱང་དབང་ལུང་ཁྲིད་མན་ངག་རྒྱ་ཆེར་མནོས།དགུང་ལོ་ཞེ་གཉིས་ཐོག་ཕྱིར་རང་ཡུལ་དུ་འོང་སྟེ་ཕ་ཡུལ་སྡེ་ཁྲོད་ནས་གཞུང་གི་ངལ་རྩོལ་ལ་ཞུགས།

དགུང་ལོ་ང་གཅིག་བཞེས་པ་ལྕགས་སྤྲེལ་ཏེ་ཕྱི་ལོ1980ལོའི་ལོ་གསར་ལ་ཡབ་རྗེ་ཆོས་པ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོར་མཇལ་དུས་བཀའ་བསྒོས་པ་བཞིན། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་བཅུ་བ་ཆེན་པོ་མདོ་སྨད་གཅན་ཚར་ཕེབས་པ་ལ་ཇ་ཐབ་བཟུང་སྟེ་མཆོད་འབུལ་རྒྱ་ཆེར་བསྟར། ལྕགས་བྱ་སྟེ་སྤྱི་ལོ1981ལོར་རང་དགོན་བཀྲ་ཤིས་ཆོས་གླིང་གི་དམ་པའི་ཆོས་ཀྱི་སྒོ་མོ་ཡང་བསྐྱར་ཕྱེ་ཐུབ་པ་བྱུང་ཞིང་། ཕྱིས་ཡར་ཟླའི་དཔལ་ལ་འགྲན་པར་འཕེལ་ཏེ་ད་ལྟའི་རྣམ་པ་འདི་བཏོད་པ་ནི། དམ་པ་འདི་བའི་བཀའ་དྲིན་ལ་འབྲེལ་བ་ཤེས་དགོས་སོ།། དེ་བཞིན་ངང་རུང་མཁན་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་མ་ནོར་བར་ངོས་འཛིན་ཐུབ་སྟེ་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའང། ངང་རུང་འཇམ་དབྱངས་དམ་ཆོས་འདི་བ་དང་ཨ་ཁུ་རྒྱལ་མཚན་རྣམ་གཉིས་ཀྱི་རྩོལ་བ་ལས་ཐོན།

ཁུ་བོ་ཨ་མདོ་བྱམས་པར་བླ་མ་རྡོ་རྗེ་འཆང་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་འདྲ་སྐུ་ལྟ་བས་ཆོག་མི་ཤེས་པ་དང་། འདུ་ཁང་ཆེན་མོའི་ཁྱམས་རའི་ལོགས་ངོས་སུ་རྗེ་མི་ལ་བཞད་པའི་རྡོ་རྗེ་དང་ཁྱི་ར་བ་མགོན་པོ་རྡོ་རྗེ་གཙོ་འཁོར་རྣམས་ཀྱི་སྐུ་ཡོན་འབུལ་གྱིས་མཉེས་པར་བྱས་ནས་བཞེངས་སུ་བཅུགལྷ་ལྡན་དུ་ཕྱག་མཆོད་ལ་ཕེབས་ཏེ་རྣམ་དཀར་དགེ་བ་རྒྱ་ཆེན་པོས་ཀུན་ཡིད་ཚིམས་པར་བྱས།ཤིང་ཕག་སྟེ་ཕྱི་ལོ1995ལོར། ཀོའུ་བ་དགོན་དང་གསང་སྒྲོགས་དགོན། རང་དགོན་ངང་རུང་བཀྲ་ཤིས་ཆོས་གླིང་སྟེ་གདན་ས་གསུམ་གྱི་སྤྲུལ་སྐུ་དང་ལས་སྣེ་གཙོས་སྐྱ་སེར་ཐུན་མོང་གིས། ཡོངས་འཛིན་རྡོ་རྗེ་འཆང་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས་པས་ཞལ་བཞེས་ཀྱི་བཀའ་ལུང་བཟང་པོ་ཐོབ་པ་བཞིན། ལུས་འཁུར་རྒན་པའི་གོ་ས་མཛད། དྲུག་པའི་སྨོན་ལམ་ཆེན་མོ་ཞེས་ཕྱི་ལོ1997ལོ་ནས་མཚམས་མ་ཆད་པར་འཚོགས་པ་ད་ལྟ་གྲགས་ཆེ་བའི་བསྟན་སྲིད་ཀྱི་ལས་རླབས་ཆེན་པོ་འདིའི་ཐོག་མའི་ལས་རིམ་ཁག་ལ་མཛུབ་སྟོན་ཞབས་ཏོག་ཞུས། ཕྱི་ལོ2004ལོར་རྒྱ་གར་བལ་ཡུལ་སོགས་སུ་གནས་མཇལ་ལ་ཕེབས། ཁོང་ལ་དུས་མཐའི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟུ་བུ་དག་གི་དབང་ལུང་མན་ངག་གི་ཁྲིད་རྒྱུན་བྱིན་རླབས་ཀྱི་དྲོལ་མ་ཡལ་བ་རྫོགས་པར་མཆིས་ཤིང་།  ལྷག་པར་སྤྱི་ལོ་དུས་རབས་བརྒྱད་པའི་སྟོད་ཙམ་ལ་ཁྱུང་པོ་དམ་ཚུགས་དང་།  ལྕོག་ལ་སྨོན་འབར།  རྒྱ་ཕྲུག་གར་མཁན་སོགས་མཁས་མང་བགྲོས་པ་ལས་བྱུང་བའི་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པ་ད་ཆར་བོད་ཡུལ་སྤྱི་ན་ཁྲིད་ལུང་གི་རྒྱུན་ཤིན་ཏུ་ནས་དཀོན་པ་གང་དེའི་ལུང་རྒྱུན་ཡོད་པའི་པའི་སྟབས་ལས།ད་ལྟའང་བོད་མདོ་དབུས་ཁམས་གསུམ་གྱི་མཁས་གྲུབ་མང་པོས་ཆེད་དུ་ཞུ་གཏུག་གིས་དག་པར་བཞེས་བཞིན་པ་ནི་མིག་མཐོང་ལག་ཟིན་ལྟར་རོ།།

དམ་པ་འདི་བས་ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་མདུན་ནས་གངས་ཅན་གསོ་རིག་གི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང་ལག་ལེན་མན་ངག་མང་པོ་ཉམས་སུ་བཞེས་པ་ལས། ད་ལྟའི་བར་དུ་གསོ་རིག་ལག་ལེན་དང་གཞུང་བཤད་ནད་གསོའི་ཕྱག་ལས་ལ་འབད་པས་བསྟེན་པ་ཡིན་ཞིང་། ཕྱོགས་སོ་སོ་ནས་དྲི་གཏུག་ལ་ཕེབས་པའི་སྨན་རམས་པ་ཆེན་མོ་དག་ལ་གསོ་རིག་གཞུང་བཤད་དང་ལྗགས་ལུང་བསྩལ་ཏེ་བཀའ་དྲིན་གྱིས་བསྐྱངས་པ་ཡིན་ལ། དམ་པའི་བརྟུལ་ཞུགས་ལྷུར་བླངས་ཏེ་བཞུགས་པ་ཕྱི་ལོ2020ལོའི་ཟླ11ཚེས11ཉིན་ཞི་བར་གཤེགས་པའོ།། གསུང་རྩོམ་ལ་ཁོང་རང་གི་རང་རྣམ་བྲིས་པ་དྲང་སྲོང་རྒན་པོའི་སྲང་མདའ་དང་། གངས་ཅན་བོད་ཀྱི་ལྗོངས་སུ་གསོ་དཔྱད་སྨན་གྱི་རིག་པ་ཇི་ལྟར་དར་བའི་ཚུལ་གསལ་བོར་བརྗོད་པ། འབྱུང་བའི་རྣམ་གཞག་དྭངས་གསལ་མེ་ལོང་། མིའི་ལུས་ཀྱི་གསང་གནད་རྩ་རླུང་ཐིག་ལེའི་རྣམ་གཞག་སོགས་བཞུགས་སོ།  །

མཐར། ཨ་ཁུ་དམ་ཆོས་ལགས་ཀྱི་དབང་ལུང་མན་ངག་གི་རྒྱུན་མི་ཆད་ཅིང་གསོ་རིག་རྒྱུད་པའི་ཤུལ་མི་ནོར་བའི་སྨོན་ལམ་འདེབས།

                                  ཕྱི་ལོ2020ལོའི་ཟླ11ཚེས25ཉིན་གནའ་མཁར་ཟི་ལིང་དུ་སྦྱར།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།