གཞོན་ལམ་གྱི་ཟིན་རྩོམ་ཆེད་བསྒྲིགས།(སྔ་དུམ།)

3780



མི་འགའ་རེ་“ཕུགས་བསམ་”གྱི་ཆེད་དུ་གསོན་ཞིང་“རང་དབང་”གི་ཁྲོད་ནས་འཚར། མི་འགའ་རེ་“ཚད་གཞི་”ཡི་ཆེད་དུ་གསོན་ཞིང་“སྒྲིག་ལམ་”གྱི་ནང་ནས་འཆི།


ཁྱོད་ཀྱི་གྲིབ་མ་ཁོ་ན་ཁྱོད་ཀྱི་བདེ་སྐྱིད་དོ།།

བདེ་སྐྱིད་ནི་སླ་མོ་ཞིག་རེད། སླ་དྲགས་པས་མི་ཚོས་སྣང་བར་མི་འཇོག་པ་ཞིག་རེད། གནམ་བབ་དུས་ཆར་གདུགས་ཡོད་པ་དང་། མུན་པ་འཐིབས་དུས་ལག་སྒྲོན་ཡོད་པ་དེ་ག་རང་བདེ་སྐྱིད་རེད། གཉིད་སད་དུས། བྱ་ཡི་སྐད་སྙན་མོ་གོ་བ་དང་། མར་ཉལ་དུས། ཟླ་འོད་སྔས་མགོ་རུ་ལྷུང་ཡོང་བ་དེ་གའང་བདེ་སྐྱིད་རེད། རི་མགོར་སྨུག་པ་ལོང་ལོང་། རི་འདབ་ཆུ་བོ་ལྷུང་ལྷུང་། རི་སྐེད་ཆར་པ་སིམ་སིམ་དེའང་བདེ་སྐྱིད་རེད། དྲོ་ཡོང་དུས་རླུང་བསིལ་མོས་ངོ་ལ་རེག་པ་དེ་དང་། འཁྱག་ཡོང་དུས་དྲོད་ཚ་མོས་ལུས་ལ་འཁྱུད་པའང་དེ་ག་ནང་བཞིན་ནོ། །

ཆོས་པ་དག་གིས། “ཡ། མདང་མ་འཆི་བར། དེ་རིང་ལང་རྒྱུ་བྱུང་བ་སྐལ་བ་བཟང་”ཞེས་ཞོགས་སྔ་པོར་རང་གི་དབུགས་མ་ཆད་པ་བདེ་སྐྱིད་དུ་ཚོར་གྱིན་ཡོད་ལ། “དེ་རིང་ནི་དོན་འདི་དང་འདི་འགྲུབ་པས་དགའ། སང་ཡང་དེ་ལྟར་བྱའོ་”སྙམ་དུ་སྐྱིད་ཀྱི་ངང་དུ་གཉིད་ཀྱིན་ཡོད། དེ་ལྟ་ན། བདེ་སྐྱིད་ནི་སེམས་ཀྱི་འགྱུར་བ་ཆུང་ངུ་ཞིག་གི་མིང་ཡང་ཡིན་ནོ། །འདི་ལ་དཔེ་གཞན་ཡང་ཡོད་དེ། ལ་ལས། ཁ་བ་བབ་དུས་ཨ་ཆུ་ཟེར་ནས་ཁྱིམ་དུ་སྡུག་སྒོང་བྱེད་ལ། འགའ་རེས། མིག་ཕྱིད་ལག་པ་ཕྱིད་ཀྱང་ད་དུང་ཁ་བའི་ནང་ནས་རྩེད་མོར་རོལ་ཡོད། དེས་ཀྱང་ཟུར་ཞིག་མཚོན་པ་ཡིན་ཏེ། བདེ་སྐྱིད་དང་ལྡན་པ་དག་གིས་ནི། ཕལ་མོ་ཆེས་སྤྱིར་བཏང་དང་རྒྱུན་ལྡན་དུ་བལྟས་པ་དག་ཀྱང་ཁྱད་པར་བ་དང་དམིགས་བསལ་དུ་ཚོར་གྱིན་འདུག་གོ།

ཤེས་ལྡན་མ་ཞིག་གིས། “ཁྱིམ་གྱི་ཙོག་ཙེ་དང་། ཇ་ཁང་གི་ཅོག་ཙེ་འདི་གཉིས་ནི། དུས་ཚོད་ཙམ་ལས་གཉིས་ཀ་ཁྱོད་ལ་དབང་བ་འདྲ་མཉམ་ཡིན་ལ། མི་དབང་བའང་འདྲ་མཉམ་ཡིན་པས། གཉིས་ཀས་སྐྱིད་ལ་རོལ་ཆོག་ཅིང་། སྡུག་ལའང་འདྲེན་ནུས་”ཟེར། བདེན་ཏེ། བདེ་སྐྱིད་ནི་དེ་འདྲའི་བསམ་བློའི་ཁྱབ་ཁོངས་ཙམ་གྱི་མིང་དུ་ཟད་དོ། །

ཐུབ་པ་མཆོག་གིས། ཤིང་གི་བསིལ་གྲིབ་དང་། ལྗང་མདོག་ཤིང་ལོ། ཟླ་བའི་འོད་ཟེར། འདའ་ཁའི་ཉི་མ་བཅས་ལ་བརྩེ་བ་ཆེན་པོས་ཡིད་འོང་དུ་གཟིགས་ཡོད་པ་རེད། དེའང་ཁོང་གི་བདེ་སྐྱིད་ལ་བློ་བྱང་ཚད་དང་སྦྱར་ན་ཤིན་ཏུ་འབྲེལ་ལོ། །དེ་ལྟ་ན། བདེ་སྐྱིད་ནི། ཧ་ཅང་ཕལ་བ་ལྟར་སྣང་ནའང་། ཕལ་བ་ལས་ཡོངས་སུ་འདས་པའི་འཚོ་བའི་ཆ་ཤས་རེ་རེ་སེམས་ལ་ཟུག་པའི་མིང་ཙམ་ཞིག་ཡིན་ཏེ། མཐར་གཏུགས་ན་ཁྱོད་ཀྱི་གྲིབ་མའོ་ཞེས་བདག་སྨྲའོ།།

རེད། གྲིབ་མ་ཟེར་བ་དེར་གཞན་ངོས་ནས་སམ། མི་དང་མིའི་བར་གྱི་འབྲེལ་བ་ལས་ཀྱང་གོ་བ་ལེན་རྒྱུ་ཡོད་པ་རེད། དཀའ་དུས། “ངལ་སོས་དང་། ངས་ཇ་ཞིག་བླུགས་ཡོང་”ཟེར་མཁན་ཡོད་ན་བདེ་སྐྱིད་རེད། སུན་དུས། ཉག་ཉོག་ལུང་པ་གང་གླེང་ནའང་། ལེ་བདའ་མེད་པར། “ངས་ཧ་གོ བསམ་ཤེས་ཐུབ་”ཅེས་གདུང་ཚོར་ཆེན་པོས་བཤད་མཁན་ཡོད་ནའང་བདེ་སྐྱིད་དོ། །ནོར་འཁྲུལ་ཤོར་དུས། “སྐྱོན་མ་རེད། ང་ནམ་ཡང་ཁྱོད་དང་མཉམ་དུ་ཡོད་”ཟེར་ནས་ལག་པ་འཇམ་བྱིལ་བྱིལ་དུ་རྐྱོང་མཁན་ཡོད་ན་བདེ་སྐྱིད་རེད་ལ། གང་དུ་སོང་ནའང་། “ཁོ་ལ་བློ་གཏད་ཆོག་ཆོག་ཡིན་”སྙམ་པའི་མི་ཞིག་ཡོད་ནའང་བདེ་སྐྱིད་དོ།།

ང་ཚོས་རང་ཉིད་ལ་དབང་ཞིང་། རང་ལ་འཁྲི་བའི་བདེ་སྐྱིད་ཀྱི་དངོས་པོ་མང་པོ་ཞིག་སྐྱ་ཐལ་ལེར་གཡུག་བཞག་ཡོད། ལམ་འགྲམ་གྱི་རྩི་ཏོག་ཆུང་ཆུང་དེ་དེ་ཡིན་སྲིད་ལ། སྒེའུ་ཁུང་གི་འོད་སྣང་ཆུང་ཆུང་དེའང་དེ་ཡིན་མི་སྲིད་པ་མིན། ང་ཚོས། རང་ཉིད་ཀྱི་ནང་སེམས་ལ་རྒྱུས་ལོན་བྱས་ཏེ་ལྷོད་ལྷོད་ཀྱིས་བྱམས་སྐྱོང་བྱེད་མཁན་མང་པོ་ཞིག་ཀྱང་བོར་བཞག་ཡོད། ཁྱོད་ཀྱི་དེ་འདྲའི་མི་དེ་ནི་ང་ཡིན་སྲིད་ལ། ངའི་དེ་འདྲའི་མི་དེ་ནི་ཁྱོད་ཡིན་ཀྱང་སྲིད་དོ།།

ཕངས་པ་ནི། སྣང་མེད་དུ་བཏང་ནས་བོར་སོང་བ་དེ་དག་དུས་ནམ་ཡང་ཚོར་མི་ཐུབ་ལ། ཡང་ན་ཚོར་དུས་འཕྱིས་ཚར་བ་ཁྲིག་ཁྲིག་ཏུའང་ཁེལ་རྒྱུ་ཡོད་དོ། །དེ་ལས་ཀྱང་ཕངས་པ་ནི། སྐར་ཆ་གཅིག་གིས་སྔ་སོང་བས་མ་འཕྲད་པ་དེ་དག་དང་། སེ་གོལ་གཅིག་གིས་འཕྱི་སོང་བས་མ་སྒུག་པ་དེ་དག་དང་། གོམ་པ་གཅིག་གིས་གཟུར་སོང་བས་མ་མཐོང་བ་དེ་དག་དང་། སོར་མོ་གང་གིས་མཐོ་སོང་བས་མ་ཤེས་པ་དེ་དག་གོ །ཧ་ཅང་ཆུང་ཆུང་གི་བར་ཐག་དེ་དང་དེས། ཚེ་རབས་ཁྲི་སྟོང་གི་རིང་ཚད་བཟོས་པ་དེར་སུ་ཞིག་མི་སྐྱོ་སྟེ། སྐྱོ་མོད་ཀྱང་བྱ་ཐབས་བྲལ་ལོ། །བྱ་ཐབས་བྲལ་མོད། ད་ལྟའི་སྐད་ཅིག་མ་འདི་ག་རང་དུ་ཕན་ཚུན་མ་སྔ་མ་འཕྱི་བར་ལྷན་དུ་འཕྲད་པའི་ང་ཁྱོད་བར་དུ་གཙང་མ་ཞིག་བྱས་ན། ཡག་པོ་ཞིག་བྱས་ན། ཅི་འདྲ་ཡི་འདུག་ཟེར་བ་ནི། ངས་ང་ཚོར་བཏོན་པའི་བཀྲ་ཤིས་བདེ་ལེགས་ཀུན་འབྱུང་གི་བསམ་འཆར་དུ་བརྩིས་ཡོད་དོ།།

མི་ཟེར་བ་འདི་སྲོག་ཆགས་གཞན་དང་མི་འདྲ་བར་ཚུལ་འཆོས་པར་དགའ་པོ་ཞེ་དྲག་ཡོད་པ་རེད། ཚུལ་འཆོས་ནས་ངས་ཁྱོད་ལ་བཤད་འདོད་པ་དག་མ་ཤོད་པར་ལུས་ཤིང་། ཁྱོས་ང་ལ་ལབ་འདོད་པ་དག་ཀྱང་། ལབ་མི་ཐུབ་པར་དུས་རྫོགས་འགྲོ་དུས་ཡོད། ནམ་ཞིག ད་ནི་ག་རེ་ཡིན་ན་ཡིན། ཅིས་ཀྱང་ལབ་བོ་སྙམ་དུས་ཕ་རོལ་པོ་རང་དང་བར་ཐག་རིང་པོས་ཆོད་དེ་སྐད་གོ་ཐབས་མེད་པར་གྱུར་པ་གཞི་ནས་ཧ་གོ་སྲིད་དེ། མི་སེམས་ཀྱི་བར་ཐག་དང་། འཇིག་རྟེན་གྱི་བར་ཐག་དེ་ནི་ཡ་ང་ཞིང་སྙིང་རྗེ་ཟེར་བ་ཞིག་ཀྱང་མེད་དོ།།

དེས་ན། ནང་སེམས་སུ་ཚུལ་འཆོས་པ་དང་། གུ་དོག་པ་དང་། ཡིད་མི་ཆེས་པ་དང་། མགོ་སྐོར་བ་དང་། ཁེ་སྒྲུབ་པ་སོགས་ཉོབ་ལུད་མང་པོ་མི་བླུགས་པར་གཙང་མ་དང་། སྟབས་བདེ་བྱས་ན། ཕྱི་རོལ་གྱི་འཇིག་རྟེན་ཡང་གཙང་མ་དང་སྟབས་བདེར་འགྲོ་བ་རེད་ལ། དེ་དང་ཆབས་ཅིག་ཏུ་ཁྱོད་རང་གི་བདེ་སྐྱིད་ཀྱང་ཧ་ཅང་སྟབས་བདེར་འགྲོ་བ་རེད། ཐིག་འདི་འདྲ་ཞིག་ནས་ལྟ་དུས། བདེ་སྐྱིད་ཟེར་ན། ཆེན་པོ་ཞིག་མ་རེད། མཐོན་པོ་ཞིག་མ་རེད། ཟབ་པོ་ཞིག་མ་རེད། འཚོ་བའི་ཁྲོད་ན་ཐིམ་བསྡད་པ་དང་། ཚོར་བའི་ངོས་ནས་འཕྲོ་གིན་པའི་ཆུང་ཆུང་ཞིག་རེད། དམའ་མོ་ཞིག་རེད། རགས་པ་ཤིག་ཀྱང་རེད་དོ།།

༢༠༡༩.༡༢.༢༨

སངས་རྒྱས་མཆོག་གི་དགོངས་པ་ལྟར་ན།

སངས་རྒྱས་མཆོག་གི་དགོངས་པ་ལྟར་ན། ཁོང་ཁྲོ་ལྟ་བུའི་བློ་ངན་སྐྱེས་མ་ཐག་ནས་ད་འདི་སྡུག་པོ་རེད་ཨང་སྙམ་སྟེ་འགོག་དགོས་པ་མ་ཡིན་པར། ཁོང་ཁྲོ་དགོས་པའི་རྒྱུ་མཚན་དང་ཁོང་ཁྲོ་གཉིས་ཀྱི་བར་ན་ཡོད་པའི་གནས་ལུགས་སམ་གཏན་ཚིགས་དེ་ལ་དཔྱད་པ་གཏོང་དགོས་པ་རེད། གཏན་ཚིགས་དེ་དོན་གྱི་གནས་ཚུལ་དང་མི་མཐུན་པ་ཤེས་ཏེ་ཞིག་པ་ན། ཁོང་ཁྲོའང་ངང་གིས་ཞིག་འགྲོ་བ་སྟེ། རྒུད་པ་ཀུན་གྱི་རྩ་བ་མ་རིག་པ་ཡིན་པའི་གནས་ལུགས་ནི་དེ་ལྟར་བྱུང་། བདེ་མོར་བྱས་ན། རྒྱུ་མཚན་གང་རུང་ཞིག་ལ་བརྟེན་ནས་ཁོང་ཁྲོ་བ་ནི། ཁྲོ་མཁན་དེས་ཁྲོ་ཡུལ་དང་། ཁྲོ་ཡུལ་དང་ཁྲོ་དགོས་པའི་རྒྱུ་མཚན་གྱི་འབྲེལ་བ། ཁྲོ་དགོས་པའི་རྒྱུ་མཚན་དང་ཁྲོ་བ་རང་གི་གནས་ཚུལ་སོགས་དོན་དངོས་མང་པོ་ཞིག་མ་རིག་པ་ལས་བྱུང་བས། དེ་དག་ཇེ་གསལ་དུ་མཐོང་བ་ཁོ་ནས་ཁོང་ཁྲོ་འཇིག་པ་མ་གཏོགས། བཙན་ཤེད་བྱས་ཏེ་གཞོམ་མི་ཐུབ་པའམ། རེ་ཞིག་ཞི་ནའང་མཐའ་མི་བརྟན་ཚུལ་གསུངས་ཏེ། འདི་ཡུལ་སུན་ཕྱུངས་མེད་པར་ནི། ། དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་སོ། །

དེ་ལྟར་གང་མ་གསལ་བ་དེ་གསལ་བྱེད་ལ་སྤྱོད་འཇུག་བཟོད་པའི་ལེའུ་ཆ་ཚང་། ཁ་གསལ། གནད་ཟིན་པ་དེ་བྱུང་། ཡང་། ཟུར་གཞན་ནས་བལྟས་ན་ཁོང་ཁྲོ་སྐྱེས་པས་ནི། ཁྱོད་རང་མི་ཕལ་བ་ཞིག་ཡིན་པ་མཚོན་པ་ལས། མི་སྡུག་མོ་ཞིག་ཡིན་པ་མི་མཚོན། དེའི་ཕྱིར། ཁོང་ཁྲོ་སོགས་ཉོན་མོངས་པའི་རིགས་བྱུང་བ་ན། སེམས་སྡུག་ནས་རང་ལ་བརྙས་པ་དང་སྨོད་པ་སོགས་བྱ་མི་རུང་། ཡིན་ནའང་། རང་ལ་དེ་ལྟར་བྱ་མི་རུང་བ་རྒྱུ་མཚན་དུ་བྱས་ཏེ་རང་རྒྱུད་ཀྱི་ཁོང་ཁྲོ་སོགས་ལའང་དེ་ལྟར་མི་རུང་སྙམ་ནས་ངན་ལང་དུ་གཏོང་མི་ཉན། མི་གཞན་ལའང་དེས་མཚོན་ཏེ། ཁོ་ཚོར་ཉོན་མོངས་འདུག་པས་མི་ངན་ནོ་སྙམ་དུ་ལྟ་བ་མིན་པར། ཁོ་ཚོ་ལ་ཡོད་པའི་ཉོན་མོངས་དེ་ལ་དགྲར་ལྟ་འོས། མི་ནམ་ཡང་དང་དུ་ལེན་པ་དང་། ཉོན་མོངས་ནམ་ཡང་དང་དུ་ལེན་མི་འོས། ཁ་ཁ་རེད། ཁ་སྤུ་ཁ་སྤུ་རེད། གནད་དེ་སྟོན་པ་ལ། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་པའི་ཞིབ་ཆ་དེ་བྱུང་། ཉམས་མྱོང་ཅན་གྱི་དམ་པ་ཁ་ཤས་ཀྱིས། ཉོན་མོངས་ལའང་། ཁོ་ལ་ཁག་ཅི་ཡོད་སྙམ་དུ་སྙིང་ཉེ་བར་བྱས་ན་ཞི་འགྲོ་ཟེར། དེའང་ཚིག་གི་ཆིབ་མིན་པར། དོན་གྱི་མན་ངག་རེད། ཁོང་ཁྲོ་ནི་དཔེ་མཚོན་ཏེ། རྟོག་པའི་དྲ་བ་ལས་འོངས་པའི་ཉོན་མོངས་མ་ལུས་པ་དེ་དང་འདྲ་འདྲ་འོ། །

ཁྱོད་ཀྱང་ངའི་ཉི་མ་ཨེ་བྱ།

མི་ཚེ་འདིའི་རིང་ལ། ཉི་མའི་གདོང་དུ་ཐད་ཀར་ངོ་ཅེར་བརྒྱབ་རྒྱུ་བྱུང་བ་ནི་དེ་རིང་ཡིན། རྒྱུན་དུ་ལྟ་བ་མིག་གིས་མི་བཟོད་པ་དེའང་ལྟ་གཟོད་པ་ཞིག་ཏུ་གྱུར་པ་དེས་ང་རང་བསམ་གཞིག་ཏུ་ལྷུང་།

མི་ཚོས་ཟེར་ན། ཟླ་བས་སྒྲིབ་སོང་ཟེར། གཟའ་ཡིས་ཟོས་སོང་ཟེར། ངས་ད་དུང་ཡང་། ཉི་མ་ནི་ཟླ་བས་བསྒྲིབས་མི་ཐུབ་ཅིང་། གཟའ་ཡིས་ཟ་མི་ཐུབ་པའི་ཡིད་ཆེས་དེ་ག་རང་གི་ངང་དུ་གནས་ཡོད།

ཡོད་ཚད་ཧ་ལས་ལས་བྱ་འདུག་དུས། ང་རང་གཟའ་ཡི་སྟེང་དུ་འཛེགས་ཏེ་ཉི་མ་སྔར་བཞིན་ལྡེ་བར་འདོད། ང་རང་ཟླ་བའི་སྟེང་དུ་བུད་དེ་ཉི་མ་སྔར་བཞིན་མྱོང་བར་འདོད། ཅིའི་ཕྱིར་ན། ཉི་མ་སྔར་བཞིན་ཉི་མ་ཡིན་ཚུལ་ལ་འཕོ་འགྱུར་མ་བྱུང་བས་ཡིན། སོམ་ཉི་མ་སྐྱེས་པས་ཡིན། ཡིད་གཉིས་མ་ཟོས་པས་ཡིན།

དེ་སྔ། ཉི་མའི་ཚུར་ནང་དེ་ན་ནག་གོར་གོར་དེ་ཐོན་ཏེ་ངའི་མིག་སྒྲིབ་དུས། ངའི་ས་གཞི་སྒྲིབ་དུས། སེམས་སུ་སྐྱོ་དུང་དུང་བ་བྱུང་། མ་གཞི་ཉི་མ་མ་གསལ་ན། ས་གཞི་ལའང་སྐྱོ་མདངས་ཆགས་ཡོང་བ་འདི་ཨང་། སེམས་ལའང་སྐྱོ་མདངས་ཆགས་ཡོང་བ་འདི་ཨང་། སྐྱེ་ལྡན་གྱི་དངོས་པོ་ཀུན་ལ་སྐྱོ་མདངས་ཆགས་ཡོང་བ་འདི་ཨང་།

ངའི་སེམས་སུ་ཉི་མ་འདྲ་བའི་མི་མང་པོ་ཡོད། ཁོང་ཅག་ཀྱང་རེ་རེ་བཞིན་དུ་གཟའ་ཁྱུས་ཟིན་སོང་། ཐ་ན་ང་རང་ཡང་ཉི་མ་དང་འདྲ་བའི་མི་ཞིག་ཡིན་མོད། ད་ཚོད་གཟའ་ཡིས་ཟིན་ནས་བསྡད་ཡོད། འདྲ་སའི་ནང་གི་མི་འདྲ་བ་ནི། ཉི་མ་ཐར་རྒྱུ་འདུག མ་རེད། ཉི་མ་གཟའ་ཡིས་ཟིན་ཟིན་འདྲ་བའི་འཁྲུལ་སྣང་དེ་བཟློག་རྒྱུ་འདུག་སྟེ། ང་དང་བཅས་པའི་ང་ཡི་ཉི་མ་དེ་དག་ཐར་རྒྱུ་མ་བྱུང་།

རྒྱུན་དུ་ཉི་མ་དྲོ་ནའང་མི་ཚོ་གཡོལ་བར་བྱེད། ཉི་མ་དང་ང་ཚོའི་བར་དུ་ནག་ལོང་ངེའི་ཡོལ་བ་ཞིག་ཐོན་དུས་གཞི་ནས་ལྟད་མོ་ལྟ་བར་བྱེད། མཚར་དུ་འཛིན་པར་བྱེད། དེས་ཀྱང་ང་ལ་གནས་ལུགས་ཤིག་བསྟན་བྱུང་། གནས་ལུགས་དེ་ནི་སྙིང་ལ་གཟིར་བ་ཞིག་རེད།

“ང་ཁྱོད་ཀྱི་ཉི་མ་བྱ་རྒྱུ་ཡིན”ཞེས་པའི་གཞས་དེ་ད་ལོ་དར་ཆེ། དར་ཆེ་མོད། ངས་དེ་ལ་གོ་བ་ཡག་པོ་ཞིག་མ་ལོན། ཡིན་ནའང་། དེ་རིང་གཞི་ནས་སུ་སུ་ཞིག་ང་ཚོའི་ཉི་མ་བྱས་ནས་བསྡད་ཡོད་པའི་གོ་བ་འཕྲོད་བྱུང་། ཡག་ཤོས་བྱུང་ན། “ངའང་ཁྱོད་ཀྱི་ཉི་མ་བྱ་རྒྱུ་ཡིན” མོད། དེའི་སྔོན་དུ་ང་ང་རང་གི་ཉི་མ་ཨེ་འོང་ལྟ།

ཟིན་ཐོ་རིལ་མ་འདྲ་བ།

༡ ནམ་རྒྱུན་ “偶像包袱” ཟེར་བ་དེ། གཞས་པའམ་འཁྲབ་སྟོན་པ་ཞིག་ལ་ཡོད་རྒྱུར་བསམ་མོད། འོན་ཏེ། དེ་ནི་གཞན་ངོར་རང་ཉིད་སྐྱོན་མེད་དུ་སྟོན་འདོད་པ་དང་། གཞན་གྱི་བསྟོད་བསྔགས་ཕྲན་བུ་ལའང་དགའ་སྡུག་བྱེ་བ་ཕྲག་བརྒྱ་འཆར་བའི་གཤིས་ཀ་ཞིག་ལ་ཟེར་བས་སུ་ལའང་འོང་ཆོག་པ་ཞིག་རེད། བྱུང་ན། སྡུག་བསྔལ་ལ་བསྒྲེ་བ་ཞིག་རེད། དེའི་ལྗིད་ཚད་ཆེ་བ་ལ་ཨང་།

༢ ངས་ “浪漫” གྱི་ཐ་སྙད་སྔ་ནས་གོ་ཡང་དེའི་དོན་མ་ཤེས་པར་ཡུན་རིང་ཡིན། བོད་སྐད་དུ་འཆར་ཡན་ཟེར་ཡང་དེས་ཐ་སྙད་དེའི་ནང་དོན་ཕུན་སུམ་ཚོགས་པ་སྟོན་མི་ཐུབ་སྣང་འཆར། འོན་ཀྱང་། ད་ཚོད་ནི། གུ་ཡངས་ལ་གོ་རིམ་ཡོད་ཅིང་། འཆར་སྒོ་སྣ་ཚོགས་པས་གང་བའི་འཚོ་བ་ཞིག་ལ་གོ་ཡི་འདུག་སྙམ།

༣ སྔོན་ཞིག་ཏུ། “ང་ཚོ་ཀུ་རེ་ལྟ་བུའི་འཁོར་བར་འཚོ་བཞིན་ཡོད་ཙང་། ཧ་ཅང་གཟབ་ནན་ཡིན་ཁུལ་གྱིས་རང་གིས་རང་ལ་གཟེབ་དྲྭ་བཟོ་དགོས་དོན་མེད་” ཅེས་པ་ཧ་ཅང་དར་ཆེ། ངའང་འཐད་དང་འཐད་མོད། གཟེབ་དྲྭ་མི་བཟོ་བ་དེ་དེ་ག་རང་གྱིས། དེའི་ཟུར་ནས་ཀུ་རེ་ལྟ་བུའི་འཁོར་བ་འདིར་བསྡད་རིང་གཟབ་ནན་གྱིས་འཚོ་བ་ནི་བདམ་ག་ཡག་ཤོས་སུ་སྙམ། ངས་མཐོང་ཚོད་དུ། གཟབ་ནན་གྱིས་འཚོ་བ་རོལ་མཁན་ཚོ་ལ་ནི་ལྷན་སྐྱེས་ཀྱི་འོད་ཟེར་འཕྲོ་བས་སྙིང་ལ་ཉེ་ཞིང་བློ་ལ་འབེལ་བ་ཞིག་རེད།

༤ ང་ཚོས་རིགས་ལམ་ཟེར་ནས་མང་པོ་གླེང་གླེང་བའི་མཐར། དེ་དག་ནི་མཁས་པ་སྔ་མ་ཚོས་བསྒྲིགས་བཞག་པའི་ “རྣམ་བཞག་” བློར་བཟུང་སྟེ་བསྐྱར་ཟློས་ཀྱིས་ངོམས་པ་ཙམ་ལས། སོ་སོ་རང་ཉིད་ལ་དབང་བའི་ཡོན་ཏན་ཞིག་མིན་པ་ཤེས། དེ་ཤེས་དུས། ང་རང་རྦད་དེ་མགོ་བོ་སྨད་ནས་སྡོད་དགོས་བྱུང་། ངས་ག་ལེར་གྲོགས་པོ་ལའང་རྨེད་པ་ཡིན།

༥ ངས་དེ་རིང་ནས་ “偶像包袱” ཀྱི་རིགས་སུ་གཏོགས་པ་ཐམས་ཅད་རླུང་ལ་སྐུར། “浪漫”གྱི་བྲོ་བ་མི་འཆོར་བའི་ཁར་གཟབ་ནན་གྱི་ཞིབ་ཚགས་ཀྱང་སྨིན་པར་བྱས། རིགས་ལམ་གྱི་འགྲོས་གང་འཚམས་ཀྱིས་མི་ཆེ་མི་ཆུང་བ་ཞིག་ཀྱང་ཡོང་བའི་འཚོ་བ་ཞིག་ལ་ཆེད་དུ་སྙེག་དགོས་དྲན། དྲན་པས་གང་ཡང་ཡོང་གི་མི་འདུག་ཙང་། བྲེ་སོག་ཕུལ་སོག་གིས་ཆུང་རིམ་ནས་ཨ་རྩེད་གོམ་རྩེད་བྱ། ཁྱོད་འཐད་ན་ཤོག་ཨ། མཉམ་དུ་ཡིན་ད།

བུད་ན་སྙེག་ན་ཐོབ་ན། རང་དྲིན་རང་ཆེ་ཟེར།

བྱུང་རབས་ལ་བལྟས་ན། སྔོན་གྱི་དམ་པ་དག་གི་མི་ཚེའི་ས་མཚམས་རེ་རེ་ནས་བཤད་པའི་སྐད་ཆ་དང་། བདམས་པའི་ལམ་ཁ། མཛད་པའི་ཀུན་སྤྱོད་སོགས་ནི། སྐབས་དེ་དང་དེའི་མི་ཚོའི་བློ་ཡུལ་ལས་འགོངས་པ་ཡིན་ཙང་། བརྙས་པ་དང་སྨོད་པ་དང་སྡང་བའི་གནས་སུ་གྱུར་འདུག་ནའང་། གཞན་དང་མི་འདྲ་ཞིང་མི་མཐུན་པའི་རྒྱུ་དེའི་འབྲས་བུར་སོ་སོ་རང་ཉིད་ཀྱང་ཁྱད་འཕགས་ཀྱི་སྐྱེས་ཆེན་དུ་ཆགས་ཤིང་། ཕྱི་རབས་པ་ཚོས་ཡིད་སྨོན་འཆོར་ཞིང་བསྟོད་བསྔགས་གཏོང་བའི་ས་ལ་འཕགས་པ་རེད། གཞན་དག་དེ་ཚོས་ནི། སྤྱིར་བཏང་བའི་ཀུན་མཐུན་གྱི་སྐད་ཆ་དང་། ཀུན་མཐུན་གྱི་ལམ་ཁ། ཀུན་མཐུན་གྱི་ཀུན་སྤྱོད་ཁོ་ན་བསྐྱངས་པས། འབྲས་བུའང་ཀུན་མཐུན་ཙམ་ཞིག་བྱུང་སྟེ། ཅི་ཡིན་འདི་ཡིན་མེད་པར་སྐྱེས་ཤིང་གང་བྱུང་འདི་བྱུང་མེད་པར་ཤི་བ་རེད།

དེ་ལྟ་ན། འབྲས་བུ་མི་འདྲ་བ་ལ་རྒྱུའང་མི་འདྲ་བ་དགོས་ཤིང་། མི་འདྲ་བ་ལ་ཆེད་དུ་སྡང་ཞིང་ཤེད་ཀྱིས་སྨོད་པ་ནི་གོམས་སྲོལ་གྱིས་བསྐྱེད་པའི་མི་གཤིས་ཡིན་སྟབས། བཀའ་གདམས་པའི་སྐྱེས་ཆེན་ཚོས། མིའི་གྲལ་ནས་ལྷ་གྲལ་དུ་འགྲོ་དགོས་ན། ཐད་ཀར་གཏན་ནས་སླེབས་མི་སྲིད་པས། ངེས་པར་ཁྱི་གྲལ་བརྒྱུད་དགོས་པར་གསུངས་ཤིང་། ལམ་གྱི་རིམ་པ་འགྲོ་ཚུལ་དེའི་མིང་ལ། “བུད་སྙེག་ཐོབ་”གསུམ་ཞེས་ཐ་སྙད་གདགས་པར་མཛད། ཁོང་ཅག་གི་རང་སྐད་ལྟར་ན། ལམ་དེ་ནས་སོང་ཚེ་གཞན་དག་མི་མགུ་བ་བརྒྱ་ཆ་བརྒྱ་ཡིན་ཕྱིར། ཆོས་བརྒྱད་རོ་སྙོམས་པའི་ནུས་པ་ནི་ཅིས་ཀྱང་དགོས་པའི་ལམ་བྲོ་ཡིན་ཞིང་། མཐར་འཐོབ་བྱའང་གཞན་དག་ཡིད་ཚིམས་པའི་བསྟོད་བསྔགས་མིན་པར། “རང་དྲིན་རང་ལ་ཆེ་བ་”ཡིན་གསུང་ངོ་།།

མ་བསྡུར་ངང་འགྲིག

སེམས་ཁམས་རིག་པ་བས་བཤད་པའི་“自恋”དང་། ནང་ཆོས་ཀྱི་“བདག་འཛིན་”འདྲ་བོ་བྱུང་། སེམས་ཁམས་རིག་པ་བས་བཤད་པའི་“完全没有自恋,就是无我。”ཟེར་བ་དང་། ནང་ཆོས་ཀྱི་“བདག་མེད་”གཉིས་འདྲ་བོ་བྱུང་། སེམས་ཁམས་རིག་པ་བས། “守住现实边界”ཟེར་བ་དང་། ནང་ཆོས་ཀྱིས་“རང་ལ་དཔེ་ལོང་ནས་གཞན་ལ་གནོད་མ་སྐྱེལ་”ཟེར་བ་འདྲ་བོ་བྱུང་། སེམས་ཁམས་རིག་པ་བས། “守住事情层面和关系层面的边界”ཟེར་བ་དང་། ནང་ཆོས་ལས། “ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་སྤོང་དགོས་”ཟེར་བ་འདྲ་བོ་བྱུང་།
འདི་ནི་ངས་ཆེད་དུ་བསྡུར་བ་མིན་ལ། གཅིག་ལ་མཐུན་མ་མཐུན་ཙམ་གྱིས་གཅིག་མ་ནོར་བའམ་ནོར་བ་གང་རུང་དུ་བསྒྲུབ་འདོད་པས་ཀྱང་མིན་པར། ཆུང་ནས་ནང་ཆོས་ལ་སྦྱངས་ཏེ་ད་གཟོད་དེང་རབས་སེམས་ཁམས་རིག་པའི་གཞུང་ལུགས་ལ་མཇལ་དུས། ལམ་སང་། འོ། དེ་དང་དེ་འདྲ་གི་འདུག འདི་དང་འདི་འདྲ་གི་འདུག་ཅེས་མ་བཅོས་བློ་ལ་འཆར་ཚུལ་ཟིན་ཐོར་བཏབ་པ་ཙམ་ཡིན།

འོན་ཏེ། ཕྱོགས་གཞན་ནས་རིག་གཞུང་འདི་གཉིས་ནི་ང་རང་དགའ་ཆེ་ཤོས་ཡིན་ཙང་། འདྲ་ཆོས་རེ་མཐོང་བས་ཀྱང་སེམས་པ་སྐྱིད་ལ་སྐུལ་ཡོང་ཞིང་། མི་འདྲ་བའི་ཆ་རེ་མཐོང་བས་ཀྱང་བསམ་གཞིག་ལྷག་པོ་བྱེད་དུ་འཇུག དེ་ལྟ་དེ་ལྟས། ནང་སེམས་དང་ཐག་ཇེ་ཉེར་འགྲོ་བས། ཧ་ཅང་དགའ་འོས་པ་དང་། སྤྲོ་འོས་པ་ཞིག་རེད་དྲན།

རྟོག་པའི་དྲ་བ་ལས་ “རེ་དོགས་” ཟུར་གླེང་།

སེམས་ཀྱི་མཐིལ་ན་རེ་དོགས་རྣམ་པ་གཉིས་ཡོད་དེ། གཅིག་ནི། “གཞན་གྱི་སེམས་སུ་རང་ཉིད་འདི་འདྲ་ཡིན་ན་”སྙམ་དུ་རེ་ཞིང་། ག་འདྲ་ཡིན་ནམ་སྙམ་དུ་དོགས་པ་དང་། གཅིག་ནི། “རང་གི་སེམས་སུ་གཞན་དག་འདི་འདྲ་ཡིན་ན་སྙམ་དུ་རེ་”ཞིང་། དེ་ལྟར་ཨེ་འབྱུང་ན་སྙམ་དུ་དོགས་པའོ། །


འདི་ཚབས་ཆེ་ན། གཞན་གྱི་སེམས་སུ་རང་ཉིད་འདི་འདྲ་ཡིན་དགོས་པ་དང་། རང་གི་སེམས་ལྟར་གཞན་དག་དེ་འདྲ་ཡིན་དགོས་སོ་སྙམ་དུ་འཁྲུལ་མེད་ཀྱི་ཚད་དུ་འཛིན་པར་བྱེད་ལ། དེའི་ཕྱིར། སེམས་ཁམས་དེ་དག་གིས་སྡུག་བསྔལ་འདྲེན་པའི་ཚད་ཀྱང་མི་འདྲ། ལྟོས་ས་གཞན་དང་གཞན་ལ་བརྟེན་ནས། སྔ་མའི་དམིགས་པ་རྒྱ་བསྐྱེད་དེ་རང་གི་ཉེ་འཁོར་ཡོད་ཚད་ཚུད་པར་བྱེད་སྲིད་ལ། ཕྱི་མའི་དམིགས་པའང་རྒྱ་བསྐྱེད་ནས། རང་དང་རང་གི་ཉེ་འཁོར་ལས་གཞན་དུ་འབྲེལ་མེད་ཀྱི་མི་དག་ཀྱང་རེ་དོགས་དེའི་རྭ་སྐོར་དུ་བཙུད་པའང་ཡོད་དོ། །

ཡིན་ནའང་། དོན་དངོས་སུ་རེ་དོགས་ཀྱི་ཚན་པ་དེ་གཉིས་གང་ཡིན་ནའང་། ཁྱོད་ཀྱིས་ནམ་ཡང་འགྲུབ་མི་སྲིད་པའི་དོན་དག་ཡིན་ལ། ཁྱོད་ཀྱིས་བཀོད་སྒྲིག་དང་། དབང་བསྒྱུར་བྱ་ཐབས་མེད་པའི་གནས་ཚུལ་ཞིག་ཏུའང་གཏོགས་པས། མཐར། རེ་བའི་འབྲས་བུར་རེ་ཆད་དང་། དོགས་པའི་འབྲས་བུར་དོགས་འཚེར་སེམས་ནད་འོང་རྒྱུ་ལས། བསམ་དོན་གྲུབ་སྟེ་བཀྲ་ཤིས་བདེ་ལེགས་འོང་ས་ཞིག་ལར་ནས་མེད་དོ།།

ཅིའི་ཕྱིར་ན། དུས་ནམ་དུའང་། གཞན་དག་གི་སེམས་ལ་འཆར་བའི་རང་གི་སྣང་བརྙན་ལ་སྟངས་འཛིན་བྱ་མི་ཐུབ་ལ། རང་གི་སེམས་སུ་འཆར་བའི་གཞན་དག་གི་སྣང་བརྙན་ཡང་དངོས་ཡོད་དུ་འགྱུར་མི་སྲིད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་མཚོན་ནའང་། ལྷས་བྱིན་སེམས་ནང་གི་རང་གི་སྣང་བརྙན་བསྒྱུར་ཐུབ་མེད་ལ། རང་གི་རེ་བ་ལྟར་ལྷས་བྱིན་ཡང་བཟོ་ཐུབ་མེད་པ་བཞིན། ཁྱོད་ཀྱང་འདྲའོ། །

དེ་ལྟ་ན། རེ་དོགས་དེ་དང་དེས་དྲངས་པའི་འཆར་སྣང་སྟེ། གཞན་གྱི་སེམས་ལ་སྣང་ཚུལ་གྱིས་རང་གི་གནས་ཚུལ་བསྒྱུར་འདོད་པ་དང་། རང་གི་སེམས་ལ་སྣང་ཚུལ་གྱིས་གཞན་གྱི་གནས་ཚུལ་བཅོས་འདོད་པ་ག་རེ་ཡིན་ནའང་། སྡུག་བསྔལ་སྣ་ཚོགས་འདྲེན་བྱེད་ཀྱི་རེ་དོགས་ཁོ་ན་ལགས་ཏེ། སྔ་མས་རང་གི་གཉུག་སེམས་ལ་རྒྱབ་འགལ་བྱེད་ཅིང་། ཕྱི་མས་གཞན་གྱི་གཉུག་སེམས་ལ་བཙན་གནོན་བྱེད་པའི་ཕྱིར་རོ། །

ཁོང་ལ་ཁོང་བདེན་ནམ་ཁྱོད་བདེན།

ང་ཚོ་སུ་ཡིན་ནའང་། རང་ཉིད་འཁྲུལ་མེད་ཀྱི་ཚད་མར་བསྒྲུབ་པ་ལ་འབད་པར་བྱེད་མོད། ལ་ལའི་ཐབས་ལམ་ནི། ཐད་ཀར་ང་བདེན་པ་ཡིན་ལབ་པ་དེ་རེད་ལ། ལ་ལའི་ཐབས་ལམ་ནི། ཐད་ཀར་རང་ཉིད་བདེན་པ་ཡིན་མི་ལབ་པར། མཁས་པ་གཅིག་གིས་འདི་གསུངས། དམ་པ་གཅིག་གིས་འདི་གསུངས་ཟེར་ནས་ལུང་མང་པོ་ཞིག་འཕངས་ཏེ། མཐར་ཕ་རོལ་པོ་འགྲོ་སའི་སྒོ་དགག་འགྲོ་བ་དེ་རེད།

ཡིན་ནའང་། མཚར་བ་ཞིག་ལ། ལུང་འཕེན་མཁན་ཚོས། ལུང་དེ་དག་ཚད་མ་ཡིན་ཤག་ཤག་དང་། འཁྲུལ་མེད་རེད་མདོག་མདོག་བྱས་པ་ཙམ་ལས། ལུང་དེའི་རྩོམ་པ་པོ་དག་གིས་ནི། འདི་ངའི་ལྟ་ཚུལ་ཙམ་ཡིན། ཕལ་ཆེར་ནོར་མེད་དྲན་ནའང་། ཤེས་རྒྱ་མཐོང་རྒྱས་མ་འདང་ནས་ནོར་ཡོད་སྲིད་པས། དཔྱད་པ་གྱིས། ནོར་ན་གཞན་དུ་གྱིས། རིགས་ན་ལོངས་ཞེས་གསུངས་ཡོད་པ་རེད།

དེས་ན། ལུང་འཕེན་མཁན་གྱི་བདེན་ཁ་ཆེའམ། ལུང་རྩོམ་མཁན་གྱི་བདེན་ཁ་ཆེ། སྔ་མ་བདེན་ཁ་ཆེ་སྙམ་ན། ཁྱོད་རང་གིས་དེ་ལས་གཞན་དྲན་མི་རུང་ལ། ཕྱི་མ་བདེན་ཁ་ཆེ་སྙམ་ན། ཁྱོད་ཀྱིས་དེས་སྣ་དྲངས་ནས་རིག་པ་ག་ཚད་ལ་སྤྲོ་ཐུབ་ནའང་སྤྲོ་ཆོག་གོ།

ཁྱོད་ཀྱི་མིག་ཏུ་ང་ནི་ག་རེ།

མིའི་མིག་ནང་དུ་དུད་འགྲོ་ནི་ཟ་མ་ཞིག་རེད། ཕོ་ཡི་མིག་ནང་དུ་བུད་མེད་ནི་སྙིགས་སྒམ་ཞིག་རེད། སྟོབས་ཆེ་བའི་མིག་ནང་དུ་ཉམ་ཆུང་ནི་ས་གདན་ཞིག་རེད། མཁས་པའི་མིག་ནང་དུ་བླུན་པོ་ནི་འབག་སྐུ་ཞིག་རེད། རྒྱུ་ཡོད་ཀྱི་མིག་ནང་དུ་སྤྲང་པོ་ནི་རྐང་ཤུབས་ཤིག་རེད། མི་ཆེན་གྱི་མིག་ནང་དུ་བྱིས་པ་ནི་འཕྲུལ་ཆས་ཞིག་རེད། དགེ་རྒན་གྱི་མིག་ནང་དུ་སློབ་མ་ནི་ཆུ་ཟོམ་ཞིག་རེད།

ང་ཚོས་ཞིབ་ཏུ་བསམ་ན། ཕན་ཚུན་དུ་སུས་སུ་ལའང་། ཁྱོད་ཀྱང་མི་ཞིག་རེད། ང་ཡང་མི་ཞིག་རེད་སྙམ་པའི་བསམ་བློ་འཁོར་གྱིན་མི་འདུག ཕན་ཚུན་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་མི་འདུག་ལ། ཕན་ཚུན་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་མི་འདུག

ངས་དེ་ལྟར་དྲན་པའི་ཀློང་ཉུལ་བ་ན། སྲོག་ཆགས་ལ་སྲོག་ཆགས་དང་། མི་ལ་མི་རུ་མཐོང་མཁན་གྱི་མི་འགའ་ཤས་དྲན་ཡོང་སྟེ། དེ་ནི་རྒྱ་གར་གྱི་རྒྱལ་བུ་དོན་ཀུན་གྲུབ་པ་དང་། བོད་ཀྱི་བཀའ་གདམས་པའི་བླ་མ་རུས་པ་མཁྲེགས་པོ་ཅན་དེ་དག་རེད། ཁོང་ཚོ་ཕུད་ཤུལ་ནས། གནའ་དེང་གི་ཆོས་པ་ཡིན་ནོ་ལོ། བླ་མ་ཡིན་ནོ་ལོ། སྤྲུལ་སྐུ་ཡིན་ནོ་ལོ། དགེ་བཤེས་ཡིན་ནོ་ལོ་སུ་ཡིན་ནའང་། གོང་གི་ལྟ་ཚུལ་གྱི་རྒྱ་ལས་ཐར་མི་འདུག་ན། མི་སེར་རྣམས་ནི་ལྟ་ཅི་སྨོས།ངོ་ཚ་བ་ཞིག་ལ། ང་ཡང་དེའི་གྲལ་དུ་བསྡད་ནས་དེ་གླེང་མཁན་དུ་ཆགས་ཡོད་དོ། །

འོན་ཏེ། ངས་ཇི་སྲིད་ནས་ཇི་སྲིད་དུ། མི་ལ་མི་དང་། སྲོག་ཆགས་ལ་སྲོག་ཆགས་སུ་མཐོང་ཐུབ་པའི་མིག་ཨེ་རྙེད་ལ་འབད་ངེས་ཡིན། ཏག་ཏག ཁྱོད་ཀྱང་དེ་ཨེ་རྙེད་བསམ་མཁན་ཡིན་སྲིད་དེ། ཡིན་ན་ནི། གོམ་སྒྲ་མཉམ་དུ་སྒྲིག་ནས་འགྲོའོ། །

ཨེ། ཁོ་རེ། ད་བསྒྱུར་མཚམས་འཇོག་གི་མིན་ནམ།

གཞན་དག་གི་སེམས་ལ་འཕྲོད་ཆེད་དུ། སོ་སོ་རང་གི་འདུན་པ་བློས་བཏང་ནས་མི་འདོད་པའི་བྱ་བ་མང་པོ་ཞིག་དང་དུ་ལེན་པའི་“རང་བསྒྱུར་གྱི་བློ་”ཡིན་ནའང་འདྲ་ལ། སོ་སོ་རང་གི་དགའ་ཕྱོགས་དང་བྱ་སྤྱོད་རྣམས་ཕ་རོལ་པོའི་བློ་ལ་འབབ་ཆེད་དུ། གནས་ལུགས་དང་མཐུན་མདོག་གི་གསལ་བཤད་བྱེད་པ་སོགས་ཀྱིས་གཞན་གྱི་ལྟ་ཚུལ་མཐོང་ཚུལ་འགྱུར་ཐབས་ཀྱི་སྦྱོར་བ་ཤ་ཐང་ཐང་དུ་རྩོམ་པའི་“གཞན་བསྒྱུར་གྱི་བློ་”ཡིན་ནའང་ཆོག་སྟེ། རང་བསྒྱུར་འདོད་དང་གཞན་བསྒྱུར་འདོད་ཀྱི་འདུན་པ་ག་རེ་བྱུང་ནའང་། རང་གཞན་གཉིས་ཀ་ལ་གཟེབ་དྲྭ་ལྷག་པོ་ཞིག་བཟོས་པ་ཙམ་དུ་མཐོང་།

ཅིའི་ཕྱིར་ན། ཁྱོད་རང་གཞན་འདོད་ལྟར་བསྒྱུར་འདོད་ན། ཁྱོད་ལ་བརྩི་བཀུར་བྱས་མེད་ཅིང་། གཞན་དག་ཁྱོད་འདོད་ལྟར་བསྒྱུར་འདོད་ནའང་། གཞན་ལ་བརྩི་བཀུར་བྱས་མེད་པ་དང་། བརྩི་བཀུར་མེད་པའི་འབྲེལ་བ་ལ་ནི། མི་བདེ་བ་འབའ་ཞིག་མ་གཏོགས་ཅི་འོང་།

རང་དབང་ལ་རེ་བ་དག་གིས་ནི། ཁྱོད་རང་གཞན་དག་གི་འདོད་པ་ལྟར་འགྲོ་དགོས་པ་ལ་ཁ་གཏད་བཀྱགས་པ་དང་ལྷན་དུ། གཞན་དག་ཁྱོད་རང་གི་འདོད་ཚུལ་ལྟར་འོང་དགོས་པའི་རེ་བ་གཏོང་དགོས་པ་མ་གཏོགས། གཞན་དུ་ན། ཁྱོད་དང་ཁྱོད་ཀྱི་རང་དབང་འཕྲོག་མཁན་ལ་ཁྱད་པར་གང་ཡང་ཡོད་པ་མ་རེད།
ཤ་ཚ་བ་ཞིག་ལ། ང་རང་གིས་ད་བར་དུ་སྐབས་རེ་གཞན་འདོད་ལ་བསྟུན་ནས་རང་ཉིད་བསྒྱུར་བཅོས་བཏང་། སྐབས་རེ་རང་འདོད་ལ་བསྟུན་ནས་གཞན་དག་བསྒྱུར་བཅོས་འདོད་པའི་བསམ་བློའི་དབང་དུ་སོང་བས། གུ་དོག་ཅིང་མི་སྐྱིད་པ་ལ་རྒྱུན་ཆད་རྒྱུ་མེད་པ་བྱུང་།

ཡིན་ནའང་། ད་ནས། གཞན་དག་ག་འདྲས་གསོན་འདོད་ན་བསམ་འཆར་མེད་པ་དང་། རང་ཉིད་ག་འདྲས་འདུག་འདོད་ན་སྐྱོན་བརྗོད་མེད་པའི་སེམས་ཁམས་ཤིག་ཨེ་ཡོང་ལྟ་དྲན། མ་བཅོས་པ། མ་བསྒྱུར་བ། མ་བསླད་པ་དེ་ནི་གཞན་ལ་ལྟོས་ནའང་སྐྱིད་རེད་ལ། རང་ལ་ལྟོས་ནའང་སྐྱིད་དུ་ཚོར་བས། གཉིས་དགའ་ཡི་ཟ་མ་ཟ། གཉིས་སྐྱིད་ཀྱི་ཇ་ཞིག་འཐུང་། གཉིས་སྤྲོ་ཡི་འཚོ་བ་རོལ་ལོ།།

ཚད་མས་གསོན་ཀྱིན་པ་དེ་བྱམས་བརྩེའོ། །

མྱོང་བ་ལྟར་ན། ང་ཚོ་ལ་“ཚད་མའི་བསམ་བློ་”ཅི་ཙམ་ཉུང་ན་དེ་ཙམ་ཡག་པར་མཐོང་སྟེ། དེས་ནི། ང་བདེན་གྱི་ཁོ་ནོར་རོ་སྙམ་པའི་ལྟ་ཚུལ་ཉུང་དུ་འགྲོ་ལ། དེ་ལས་ནི་ཆགས་སྡང་གི་འཁྲུགས་རྩོད་ཉུང་དུ་གཏོང་ཐུབ་པ་འདྲ། ངས་བཤད་རྒྱུའི་“ཚད་མའི་བསམ་བློ་”ནི་འགལ་བ་ལྟག་སྤྲོད་ཀྱི་དོན་གཉིས་སམ། ཡང་ན་གཅིག་རྐྱང་མ་ཡིན་པའི་དོན་ཡིན་ནའང་ཆོག་སྟེ། གང་ལ་འཕྲད་རུང་། གཅིག་ནི་ངེས་པར་བདེན་དགོས་པ་དང་། གཅིག་བདེན་ན་གཅིག་ནོར་དགོས་པར་འདོད་པའི་བསམ་བློ་ལ་ཟེར་གྱི་ཡོད།

ཆ་བཞག་ན། ང་གཞས་ལ་ཉོན་པར་དགའ་པོ་ཡོད་ཅིང་། ཁྱོད་ལ་ཉོན་དགའ་མེད་ན། དེ་ནི་དགའ་ཕྱོགས་མི་འདྲ་བ་ཙམ་ཞིག་ལས་གང་ཡང་མིན་མོད། དེ་ཉིད་གཅིག་ནོར་བ་དང་། གཅིག་ཡང་དག་ཏུ་བསམ་ཚར་ན། ནོར་བ་ལ་སྡང་བ་དང་། མ་ནོར་བ་ལ་ཞེན་པ་ནི་ཁོར་ཡུག་གིས་བསྐྱེད་པའི་མི་གཤིས་ཡིན་ཙང་། ངས་གཞས་བཏང་མ་ཐག་ནས། ཁྱོད་ལམ་སང་མི་སྐྱིད་པར་ཆགས་ཀྱི་རེད།

དེ་བཞིན་དུ། ཁྱོད་གློག་བརྙན་ལ་ཧ་ཅང་དགའ་ཞིང་། ང་ནི་དུས་ཚོད་འཕྲོག་བརླག་ཏུ་འགྲོ་དོགས་པས་གློག་བརྙན་ལྟ་མི་ཉན་བསམ་མཁན་ཞིག་ཡིན་ན། བསམ་བློའི་ནང་དུ་གློག་བརྙན་ལྟ་བར་དགའ་དང་མི་དགའ་ནི་གཤིས་ཀའི་ཁྱད་པར་ཙམ་དུ་ཤེས་ན། མི་དགའ་བ་དང་མི་སྐྱིད་པ་གང་ཡང་མེད་མོད། དེ་གཉིས་སྐྱོན་ཡོན་གཉིས་སུ་བགོས་ཚར་ན། ལམ་སང་ང་ཁྱོད་ལ་མི་མགུ་བའི་བསམ་བློ་འོང་གི་རེད། འདི་ནི་དོན་དག་ཐམས་ཅད་ལ་རིགས་འགྲེས་ཏེ་སྦྱར་ཆོག་པ་ཡིན།

གལ་ཏེ། འུ་གཉིས་གྲོགས་པོ་ཡིན་ན། དེ་འདྲའི་བསམ་བློ་མང་པོ་སོག་སྐབས་ཤིག་ཏུ་འཐོར་འགྲོ་བ་རེད། “ལྟ་བ་གསུམ་”མི་འདྲ་ན། གྲོགས་པོ་སོགས་ཡག་པོ་མི་ཡོང་བའང་མཐར་གཏུགས་ན། མི་འདྲ་བ་དེ་ནོར་མ་ནོར་རམ། ཡག་བཙོག་གམ། ཡང་དག་ཡིན་མིན་གཉིས་སུ་ཕྱེས་ཏེ་ཁྲོ་ཆགས་བྱས་པའི་བསམ་བློའི་འབྲས་བུ་རེད།

གུ་ཡངས་ཀྱང་། ཁོས་ནོར་བ་ལས་ཀྱི་འདུག་སྟེ། ད་ཅང་མི་བཤད་བསམ་ནས་“བསྲན་པ”་མིན་པར། ཁོའི་ལས་སྟངས་ང་དང་མི་འདྲ་ཡང་སོ་སོའི་བདམ་གའམ་གོམས་གཤིས་མི་གཅིག་པ་ཙམ་ཡིན་པས་བརྩི་མཐོང་བྱའོ་སྙམ་པ་ལ་ཟེར་ཏེ། སྔ་མའི་ “བསྲན་པ” མང་དུ་སོག་ན། ཉིན་གཅིག་ལ་འགད་ངེས་ཡིན་ལ། ཕྱི་མའི་ “བརྩི་མཐོང” མང་དུ་སོག་ན་“སྐྱེས་ཕོའི་ཁོག་ལ་མདའ་ཤོང་མདུང་ཤོང་”ཟེར་བ་ལྟར་འགྱུར་ཆོག་ཆོག་ལགས།

གྲོགས་པོའི་འབྲེལ་བ་སོགས་གང་ལའང་མེད་དུ་མི་རུང་བ་ནི། ཕྱི་མ་ཁོ་ན་ཡིན་པ་ལས། སྔ་མས་ནི། གནས་སྐབས་བདེ་བདེ་ལྟར་སྣང་ནའང་། ས་བོན་ངན་པ་འདེབས་བཞིན་ཡོད་པས། ནམ་ཞིག་ན་དུག་ལོ་ཆེན་པོ་ཞིག་ཅིས་ཀྱང་འབུས་ཐག་ཆོད་དུ་མཐོང་ངོ་། །དེ་འབུས་ན་འབྲས་བུ་གཉིས་ཏེ། གཅིག་ནི་ནག་ཐ་རེར་འཐོར་རྒྱུ་དེ་ཡིན་ལ། གཅིག་ནི་སེམས་ནས་སུན་ཞིང་ཞེ་ཁ་ལོག་ཀྱང་། ཤིན་ཏུ་མི་སྐྱིད་པའི་བཟང་མདོག་གི་འབྲེལ་བ་ཤི་རོ་ཙམ་ཞིག་རྒྱུན་སྐྱོང་བ་དེའོ། །

འོ་མ་ཟེར་དུས་ཤ་ལ་གོ་མཁན་དེ་ཚོ།

རྒྱ་སྐད་ལྟར་ན། “道德绑架”སྟེ། “ཀུན་སྤྱོད་ཀྱི་སྡོམ་བཀྱིགས་”ནི། ཤིན་ཏུ་མ་རུངས་ཤིང་མི་འོས་པ་ཞིག་རེད། ལྷག་ཏུ་མཁས་པའི་རྣམ་དཔྱོད་འགྲན་ས་ལ་ཁུར་མི་འོས་པ་ཞིག་རེད། འོན་ཏེ། ང་ཚོས་ད་ལྟའང་དེ་ག་རང་ལབ་ནས་བསྡད་ཡོད།

དཔེར་ན། མཁས་པ་ག་གེ་མོའི་གསུང་དེ་རིགས་པ་དང་འགལ་འདུ་ལབ་ན། གནད་དོན་དེ་གའི་སྟེང་ནས་རིགས་པ་དང་འགལ་མིན་ལ་ཐུགས་གཞིག་མི་མཛད་པར། འཕྲོས་ཏེ་ཁྱོད་ནི་དད་མེད་ཀྱི་ལྟ་ལོག་པ་ཞིག་རེད་ཟེར་ཡོང་། ཡང་། མི་དེས་ལས་ཀ་ལས་སྟངས་དེ་ཕན་ལས་གནོད་པ་ཆེ་བ་འདྲ་ལབ་ན། ཕན་གནོད་ཀྱི་སྟེང་ནས་དཔྱད་རྒྱུ་བསྐྱུར་ཏེ། ཁྱོད་རང་ཕྲག་དོག་ལང་འདུག་ཟེར་ཡོང་། ཡང་། བསམ་བློའི་གཏད་ས་མི་འདྲ་བ་གླེང་ན། ཁྱོས་ང་ལ་ཁ་གཏད་བཀྱགས་དྲན་འདུག་ཟེར་ཡོང་།

མདོར་ན། གནད་དོན་ཞིག་གླེང་དུས། དེ་ལམ་སང་ཕ་རོལ་པོའི་མི་གཞི་ཀུན་སྤྱོད་ཀྱི་ཞན་ཆ་དང་། སྡུག་ས་ཞིག་ལ་སྦྱར་འགྲོ་བ་རེད། དེ་སྦྱར་ཚར་ན། གཉིས་ཀ་ལ་སྐྱིད་པོ་འོང་མ་རེད། དེ་མ་འོང་དུས། ཤེས་རབ་བོར་ནས། ཚོར་བ་འབའ་ཞིག་གི་སྟེང་དུ་འབབ་འགྲོ་བ་རེད། ཁ་རྩོད་འོང་གི་རེད། ཐ་ན་གསོད་རེས་ཀྱང་ཐུག་འགྲོ་བ་རེད།

དེས་ན་གནད་དོན་ལ་གནད་དོན་རང་ངོས་ནས་དཔྱོད་པ་ལས། གནད་དོན་དེ་མི་གཞི་ཡག་བཙོག་ལ་སྦྱར་མི་རུང་བ་རེད། ལྟ་ཚུལ་མི་འདྲ་བ། ལས་ཀ་མི་འདྲ་བ་དེ་དག་ནི། དགའ་ཕྱོགས་ཀྱི་ཁྱད་པར་ཙམ་ལས། མི་གཞིའི་ཡག་བཙོག་དང་འབྲེལ་བ་ཡོད་པ་མ་རེད། གང་ལྟར་ནའང་། བདག་ལ་མཚོན་ན་ནི། ཕྱིན་ཆད་དེ་ལྟའི་ཚུལ་གྱིས་མོལ་མཆིད་བྱ་མཁན་དག་ལ་དགོད་ཙམ་ལས་ཅི་ཡང་མི་བྱ་སྟེ། བྱས་ན་ནི། ང་རང་ཉིད་བླུན་པའི་རྟགས་འབའ་ཞིག་ཏུ་ཟད་དོ། །

ཨེ། གཉིས་ཀས་ཉོན། གཉིས་ཀས་ཤོད།

མི་ཕལ་ཆེ་བར་ཞན་ཆ་ཆེན་པོ་ཞིག་ཡོད་པ་ནི། རང་ཉིད་དུས་རྟག་ཏུ་“ཚད་མའི་ཚབ་མཚོན་”བྱས་ནས་བཤད་མཁན་དང་། གཞན་དག་དུས་ནམ་ཡང་“འཁྲུལ་བའི་བསྡུས་གཟུགས་”བྱས་ནས་ཉོན་མཁན་ཡིན་བསམ་པ་དེ་རེད།

ཅིའི་ཕྱིར། ཁྱོད་དང་ང་གཉིས་ཀ་བཤད་མཁན་བྱ་མི་ཆོག་པ་རེད། ཅིའི་ཕྱིར། ཁྱོད་དང་ང་གཉིས་ཀ་ཉོན་མཁན་བྱ་མི་རུང་བ་རེད། ཅིའི་ཕྱིར། ཕར་ཉོན་ཚུར་ཉོན་དང་ཕར་བཤད་ཚུར་བཤད་བྱ་མི་རིགས་པ་རེད། ཅིའི་ཕྱིར། ཚད་མ་མིན་ན་འཁྲུལ་བ་དང་འཁྲུལ་བ་མིན་ན་ཚད་མ་ཡིན་དགོས་པ་རེད།

གལ་ཏེ། ནོར་མ་ནོར་གྱི་དམིགས་ཡུལ་བསྐྱུར་ནས། འགྲིག་མི་འགྲིག་གི་རིགས་ལམ་བཞག་ནས། ང་ཚོས་ལྷོད་ལྷོད་དུ། ངས་དེ་འདྲ་བསམ་གྱིན་འདུག ཁྱོད་ལ་ལྟ་ཚུལ་ག་རེ་ཡོད་ལབ་མི་ཤེས་པ་ཅི་རེད། གཅིག་གིས་གཅིག་ལ། ང་བདེན་ཁྱོད་ནོར་གྱི་སྙིང་པོ་མེད་པའི་རྩོད་རྙོག་གཡུགས་ཏེ། ཕན་ཚུན་གྱི་ནང་སེམས་ལ་རྒྱུས་ལོན་ཡག་པོ་ཞིག བསམ་ཤེས་ཡག་པོ་ཞིག རྒྱབ་སྐྱོར་ཡག་པོ་ཞིག་མི་ནུས་པ་ཅི་རེད། དཔྱོད་ལ་དགའ་བའི་ང་ཚོས་ག་ལེར་དཔྱོད། དཔྱད་པའི་འབྲས་བུ་ཅི་བྱུང་ག་ལེར་ལྟ།

ཕ་རི་ནས་ཚུར་རི་ལ་གོ་བ་བླངས་ན།

༡ ཁ་སང་ཁ་ཉིན་ཞིག་ལ་རོལ་རྩེད་རྩེ་སྐབས། ནུ་བོས། “མར་ལྷུང་ན་ཅི་གནོད། ཡར་འཛེགས་ཆོག་རེད་”ཟེར། བདེན་ཨང་། བྱ་བ་གང་ཡིན་ནའང་། མར་ལྷུང་དོགས་བྱས་ནས་སྐྲག་མི་འདུག་པར། མར་ལྷུང་བ་ནི་ཡར་འཛེགས་པའི་གོ་སྐབས་ཤིག་ཏུ་བལྟས་ན། རྐྱེན་ངན་ལམ་ཁྱེར་ངོ་མ་རེད་སྙམ།

༢ ནུ་མོས། ཕོ་སྒྲོབ་བཤད་མཁན་ཞིག་ལ། “ཁྱོས་ལོ་ན་གཞོན་དུས་འདི་བྱས་སོ་དེ་བསྒྲུབས་སོ་རྐྱང་རྐྱང་ལབ་མ་འདུག ད་ལྟ་ཁྱོས་ཅི་ཞིག་བྱ་ནུས། ག་རེ་ཡོད། གཅིག་སྟོན་དང་”ཟེར། བདེན་ཨང་། འདས་པའི་བྱས་བྱས་ཕུད། མ་འོངས་པའི་བྱ་བྱ་ཕུད་ན། ཡང་སྙིང་ང་ཚོ་ལ་ག་རེ་ལྷག་ཡོད་དམ། ཅི་ཞིག་ནུས་སམ།

༣ རྫུན་བཤད་ལ་བྱང་བ་འགས། “གྲངས་ཀ་མི་གཙོ་སྤུས་ཚད་གཙོ་”ཟེར། བལྟས་ཚོད་ལ་བདེན་བདེན་འདྲ་ནའང་། གནས་ཚོད་ལ་རྫུན་འབའ་ཞིག་རེད། གྲངས་ཀ་བཅུ་ཡོད་ན། སྤུས་ཚད་ཅན་ཧ་ལམ་གསུམ་ནས་ལྔ་བར་འོང་ལ། གྲངས་ཀ་བརྒྱ་ཡོད་ན། སྤུས་ཚད་ཅན་བཅུ་ནས་ལྔ་བཅུ་བར་ཙམ་ཕལ་ཆེར་ཡོང་ཆོག་པས། གྲངས་ཀ་མེད་ས་ནས་སྤུས་ཀ་ཇི་ལྟར་ཡོང་།

༢༠༢༠.༢.༢༦ཉིན། ལམ་གྱིས།

ཝེ། ཁྱོས་འཁྲབ་ཀྱིན་པ་དེ་སུ་རེད།

ཁྱོད་རང་ཁྱོད་རང་གི་གཉུག་མའི་དད་འདུན་དང་འགལ་བའི་ལམ་དུ་གོམ་པ་དང་པོ་སྤོས་པ་ནས་བཟུང་། བཀྲ་མི་ཤིས་ཤིང་། དོན་མི་འགྲུབ་པའི་མགོ་བརྩམས་ཟིན་ལ། ཁྱོད་རང་གཞན་དག་གིས་བཀོད་སྒྲིག་ཚར་བའི་འཁྲབ་གཞུང་གི་མི་ཚེ་ལ་ཞུགས་མ་ཐག་ནས། ལྷན་སྐྱེས་ཀྱི་མཛེས་སྡུག་དང་། བཅོས་མིན་གྱི་བདེ་སྐྱིད་དག་དང་ཁ་བྲལ་མགོ་བརྩམས་ཚར།

གཉུག་གཤིས་ཀྱི་དད་འདུན་དང་འགལ་བའི་འཁྲབ་གཞུང་ནང་དུ། ཁྱོད་ནི་ཁྱོད་རང་འཁྲབ་མཁན་མིན་པར། རང་དང་འབྲེལ་མེད་ཀྱི་མི་སྣ་འཁྲབ་མཁན་ཡིན་ལ། དེའི་འཁྲབ་ཁྲིད་པའང་མི་སྣ་གཞན་ཡིན་པས། སྣ་ཐག་རང་མགོར་དཀྲི་ཐབས་མེད། རྐྱེན་དེས། ཁྱོད་མི་སྐྱིད་ལ། ཁྱོད་དང་འབྲེལ་བ་ཡོད་པ་དག་ཀྱང་མི་སྐྱིད་པར་བྱེད་དོ། །

འོ་ན། ཁྱོད་རང་གསོན་ཡོད་དམ་ཞེ་ན། གསོན་མེད་དེ། ལུས་ངག་ཡིད་གསུམ་ཀ་མི་གཞན་གྱི་སྡོད་ཁང་དུ་གཡར་ཟིན་པ་མིན་ནམ། ཡང་ན། ཁྱོད་རང་ནི་བར་དོ་བཞིན་དུ་གསོན་ཡོད་དེ། གཞན་གྱིས་མི་མཐོང་ལ། རང་གིས་ཀྱང་མི་མཐོང་། ཚོར་ཐུབ་པ་གཅིག་ཁོ་ན་ཡོད་དེ། དེ་ནི་ཁྱོད་རང་ག་ཤེད་ནས་རྒྱུ་མེད་རྐྱེན་མེད་དུ་གཟེར་གྱིན་པའི་སྣང་བ་དམ་སྦྲིང་སྦྲིང་དེ་ཁོ་ནའོ། །



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།