ས་བུ་ཆེས་དབྱིན་ཡིག་ནས་བསྒྱུར་བའི་སྙན་ངག་ཚན་པ་བཞི།

2713


ཚེ་རིང་དབང་མོས་བརྩམས།
ས་བུ་ཆེས་བསྒྱུར།

དྲན་པ་ལྟར་ན།


དུས་ཚོད་ཀྱིས་ང་ལ་ཤུགས་རྐྱེན་གང་འདྲ་བྱས་པ་ང་ཡིས་ད་གཟོད་རྟོགས་བྱུང་། །

དགུན་དུས། སྲང་ལམ་གྱི་མི་རྣམས་ཁ་བས་བརྡུང་སྟེ་འདུལ། 
ཨ་མ་རྣམས་ཀྱིས་རྒྱན་ཆ་སྙིང་ལ་འགྲོ་བའི་ལྷམ་དང་།
འགྱིག་གི་རྐང་འབོབ་གྱོན་ཏེ་ཕྱི་ལ་འགྲོ་བའི་གོ་སྐབས་བྲལ། །

འདི་ནི་ང་ཡིས་ལོ་འཁོར་རྩི་སྟངས་ཡིན་ཏེ། མེ་ཡོད་པའི་དགུན་དུས་དང་
ང་ཚོའི་གནས་ཁང་སྤོས་ནས་ཡལ་དུ་ཕྱིན་པའི་དབྱར་དུས། །

ང་ཡི་སྐྱེས་མཆན་དཔང་ཡིག་ཏུ་༡༩༦༩་ལོ་ལ་སྐྱེས་ཞེས་བྲིས་ཡོད་རུང་།
༡༩༧༡་ལོ་ལ་ང་ནི་ལོ་ལྔ་རེད་ཅེས་བརྗོད་བྱུང་། 
རྒན་པ་ཚོས་མཛུབ་མོས་རྩིས་རྒྱག་པ་རེད། 
ཁོ་ཚོས་དེ་ལྟར་བྱས་ནས་ཡུན་རིང་འགོར་ཟིན། །

དེ་ནི་དགུན་དུས་ཤིག་ཡིན་མོད་ཁོ་ཚོའི་སྐྱེས་ཡུལ་གྱི་དགུན་ཁ་དེ་ལྟ་བུ་ཞིག་མ་རེད།
ཁོ་ཚོས་ལག་སླས་བྱས་པའི་ལུག་བལ་གྱི་སྟོད་ནང་གྱོན་ཡོད། 
ངས་ནི་སྐྱབས་བཅོལ་དུ་སྐྱེས་པའི་བྱིས་པ་དག་གིས་གྱོན་པའི་ཕྱི་སྟོད་དེ་འདྲ་ཞིག་གྱོན་ཡོད། །

ཁོ་ཚོ་དང་མཉམ་དུ་ཡོད་སྐབས་ངས་ང་ཡིས་དྲན་བྱུང་ཞེས་ནས་ལབ་མི་ཐུབ་སྟེ།
ངས་ང་ལ་བཤད་པ་ལྟར་དྲན་གི་འདུག་ཅེས་ལབ་དགོས་ཡོད། །

དེ་ནི་ང་ཚོར་ཏག་ཏག་འཕྲོད་པའི་གཏམ་རྒྱུད་ཅིག་མ་ཡིན་མོད། །

འོན་ཀྱང་གཞན་སུ་ཡིས་དེ་བཤད་འགྲོ་ཨང་། །

ཉི་མའི་དྲོད་འཚུབ།


ཡོལ་བའི་རྒྱབ་ལོག་གི་བག་མ་ལྟར། 
ངའི་མི་མང་དག་གིས་རི་མོ་ཅན་གྱི་སྒོ་རས་རྒྱབ་ནས་ལྐོག་ལྟ་བྱེད་ཅིང་།
མཁའ་དབུགས་ལ་མཛུབ་མོས་རེག་པར་བྱེད། 
ཁོ་ཚོས་ཚ་བ་འདིའི་དགོས་པ་མ་མཐོང་ལ་དེ་ལ་ལོབ་པའང་མ་བྱུང་། 
གློག་གི་རླུང་གཡབ་དེ་རྗེན་དུ་ཕུད་པའི་སོག་རུས་དང་གྱེན་དུ་འགྲེང་བའི་ནུ་བུམ་ལ་གཏད། །

ཟང་ཟིང་གི་དུག་སྦྲང་། ལག་པ་མྱུར་བར་འགུལ་མ་ནུས། །

འདིར་ཐོན་པའི་ཐོག་མར། ངའི་མི་མང་དག་ལ་བཀོད་འདོམས་བྱས་ནས་སོ་སོའི་ལྭ་བ་ནག་པོ།
གཡུགས་ཏུ་བཅུག་ཅིང་། ཉི་འོད་སྣང་མེད་དུ་བྱེད་དགོས་ཚུལ་ལབ་ཡོད། 
མལ་དོར་དཀར་ལ་ལྷོད་པ་དེ་དང་ས་མདོག་གི་ནང་གོས་གྱོན་ནས། 
རྣམ་ཤེས་འདུ་རུབ་ཀྱི་གུར་ཚོགས་ཤིག་ཏུ་མ་འགྱུར་བར། 
ཁོ་ཚོ་སྒར་ས་ནས་ཡར་མར་རྐང་བགྲོད་བྱས། །

མཚན་མོས་ཁོ་ཚོ་ཆུ་ཕྲན་གྱི་འགྲམ་དུ་ཁྲིད། 
རྐང་པ་ཆུ་ལ་གླན་ནས་ཁོ་ཚོས་།
སོ་སོས་ཅི་ཞིག་བསྐྱུར་བ་དང་བོར་བའི་གླེང་མོལ་བྱས། །

ཕྱི་དྲོ་འགའ་ལ། གནའ་བོའི་སྒྲུང་གཏམ་དེ་དག་བོད་སྐད་དུ་བསྒྱུར་བྱུང་། 
ཁྱོད་ལ་བྱིན་རླབས་ཐོབ་ཡོད། ངོ་མི་ཤེས་པའི་མི་དེས་བཤད་པར། 
ལྷ་ཆེན་གྱིས་ཁྱོད་ལ་སྐྱེལ་མ་གནང་ཡོད།
དེ་ནི་ཁོང་གི་རང་བཞིན་རླབས་ཆེན་དེ་ཡིན། །

མཆིལ་བས་རླུང་རྔ་རྡུང་། ཉེས་པ་ཤོར་ཀྱང་སླར་ཡང་དགོངས་ཡངས་ཐོབ་པའི།
བུ་དེའི་ཆེད་དུ་ཕྲེང་རྡོག་རེ་རེས་མ་ཎི་སྔགས།
གཏམ་རྒྱུད་བཤད་མཁན་གྱི
ཁ་ལྕེ་ནི་ཤེལ་དཀར་འདྲ་བའི་ཁ་ཆུ་མཉམ་དུ་འགུལ་བར་བྱེད། །

མ་ཤི་ཀ་ཁྱོད་ལ་དགའ། ལོ་མང་པོར། 
F་ཡིས་མ་ཤི་ཀ་ནི་རྒྱལ་ཁབ་ཅིག་གི་སྲིད།
འཛིན་ཡིན་སྣང་ཤར་ལ། ཁོས་མི་དེ་ཕྱུག་པོ་དང་རྒས་པོ་ཞིག་ཡིན་སྣང་ཤར། །

ཁོས་གཏམ་རྒྱུད་བཤད་པའི་རྒན་མོ་ཞིག་ལ་ཁྱོད་རང་ནོར་འདུག་ལབ་སྟེ། 
འདི་དག་མ་ཤི་ཀ་ལ་འབྲེལ་བ་ཅི་ཡང་མེད། 
འདི་ནི་ཐོད་པའི་རི་མོ་རེད་ཅེས་བཤད། །

གཞོག་ཟིན་པའི་ལྕེ།


ཕུག་རོན་དག་ཁོ་ཚོ་སྦས་སའི་མལ་གནས་དང་བྲལ།
ཉི་མས་འོད་སྣང་ཞིག་མ་དྲངས་རུང་ཉིན་གཅིག་ཡིན། 
ཉིན་གཅིག་གི་ཆུ་ཚོད་གཅིག་ནི།
གསོལ་འདེབས་ཀྱི་དུས་ཚོད་ཡིན་པ་ང་ཚོས་ཤེས། 
ང་ཚོས་གནམ་ལ་འབྲུ་རིགས་མཆོད་སྲིད་དེ།
འོད་སྣང་འཁྱུག་འཁྱུག་གི་ཁྲོད་ནས།
དེ་དག་སོ་སོའི་སྤྱོད་པ་དང་བསམ་པ་གང་ལྟར་མངོན་མིན་ང་ཚོས་བལྟས། །
འོན་ཀྱང་། ཚེ་སྲོག་གིས་འཆི་བ་ཐེགས་ཏེ་ཡོད། 
གཞིས་ནང་ཟེར་བའི་ས་དེ་ནི་གཞན་པ་ཞིག་གི་ལུང་པ་ཡིན། །

ད་དུང་གཅིག་བཤད་ན།


གསོལ་འདེབས་དེ་སྣུམ་ལམ་སྐམ་པོའི་ཤུན་པ་ལྐོགས་ལྟར་ལྷུང་བའི་སྐབས་སུ་དེ་ལྟར་སྒོམ།
ཞལ་རིས་དེ་ཡལ་བའི་སྐབས་སུ་དེ་ལྟར་སྒོམ།
དེ་ལྟར་སྒོམ་བཞིན་རང་གི་སྤྱོད་པ་ཐག་ཆོད་གནོངས་། དབུགས་དང་།
སྨྲ་བརྗོད་ཐག་ཆོད་གནོངས།
མཚོའི་འགྲམ་གྱི་དུང་འབུ་ལ་སྐྱ་རེངས་སྐར་ཆེན་མེད། 
ས་སྲོད་ལ་འཇའ་མཚོན་མེད།
དད་པ་དགོས་མཁན་དག་གིས། དད་པ་བྱེད་ངེས་ཡིན།
འགྲུལ་བཞུད་དེ་རང་ལ་མ་དབང་ན། 
སུ་ཞིག་གིས་ཁ་ཕྱོགས་འགྲིག་མིན་འདྲི་བརྩོད་ཐུབ།
སྐྱེ་བའི་སྐད་གཅིག་དེར། 
པ་ལགས་ཀྱི་ལག་པས་ཨ་མ་ལགས་ལ་བསྲིང་བར་མ་བྱས་གོང་།
འདི་ན་གནས་ཡུལ་ཞིག འདི་ན་དེ་ནི་པད་ཁའི་སོན་ལྟར་ཐོར་ནས་ཡོད།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།